བདག་གི་འཆི་ཚུལ་དྲན་པ།༼ ཞར་བཀོད་གསུམ་ཡོད ༽
འཆིང་རྒྱ་མཐའ་དག་ལས་གྲོལ་ཚེ
ངས་རང་ཉིད་ལ་ནང་གཏམ་ཞིག་འཆད་དགོས་བསམ
ཉམས་སྣང་ཅི་ཡང་མེད་པའི་སྨག་ནག་པའི་ཀློང་གི་གྲིབ་མ་དེ
ང་ཡིས་གཞན་ལ་བཟོས་པའི་འཁྲུལ་སྣང་མ་ཡིན་པར
གཞན་གྱི་ང་ལ་བསྒོས་པའི་ནད་ཡམས་ཞིག་སྟེ་སོས་ཐབས་བྲལ
འཆི་རྐྱེན་པའི་མཚན་མོ་དེར་གློ་བུར་ཏུ་ང་ལ་གྲིབ་གཟུཊ་ཤིག་ཡོད་པ་དྲན་འོང
ཐག་མི་ཉེ་བའི་མཚམས་ན་མུན་པ་གྱོན་པའི་ཁྱོད་ཀྱིས་ང་འཆི་ཚུལ་ལ་བལྟས་འདུག
མཐའ་འཇུག་གི་འཇའ་ཚོན་ལྟ་བུའི་འོད་སྣང་དེ
གཏན་དུ་ཁྱོད་ཀྱི་མཐོང་ཐབས་བྲལ་ཡང
ཁྱོད་ཀྱིས་ཨུ་ཚུགས་ངང་ང་ལ་གསང་ཐབས་བྱས
བརྗེད་ཐབས་བྲལ་བའི་སྐྱིད་སྡུག་གི་རི་མོ་དག་དྲན་ཞིང
འབུ་སྡོམ་ལྟ་བུའི་བདག་གི་འཆི་ཁའི་རྣམ་ཤེས་ལ་གཤོག་པ་ཐོགས་སྟེ
དུས་གསུམ་གྱི་སྐྱེ་རྒ་ན་འཆི་མཐའ་དག་རེ་རེ་ནས་ཁྲ་ལམ་མེར་གསལ་བར་བྱས
དེ་ནས་བཟུང་ཕ་མཐའ་བརྒལ་ཏེ་ཕྱིར་འོངས་རྩིས་གཏན་ནས་བྱེད་མ་མྱོང
2015. 5. 25.
འབྲེལ་སྒྲ།
ཕ་མཐའ་མེད་པའི་ཕ་རོལ་ཞིག་ན
ཆང་དཀར་དང་བུད་མེད་རོལ་དབྱངས
ང་ཡི་སྣང་ལ་མ་ངེས་པའི་འདོད་ཆཊ་ཞེ་ལྡང
དུས་གསུམ་གྱི་དགའ་སྐྱོ་ཆགས་ལྡང་སོགས་པའི
སྨྲ་བསམ་བརྗོད་འདས་ཀྱི་རྣམ་པར་ཤེས་པའི་ཁམས
ཁྱོད་ལ་བདག་གཞན་མེད་པས་སུན་པོ་གཏོང་གིན་འདུག
ད་ནི་སུ་ལའང་བར་ཆད་མི་བཟོ་བའི་སྐད་ངན་ཞིག་སྒྲོག་འདོད
ནར་སོན་རྗེས་སུ་ལང་ཚོ་ཟེར་བའི་ཁ་གཡར་ས་ཞིག་གཏན་ནས་མེད
24. 5. 31.
དཔོན་པོའི་ཁ་དོག་གཞན་ཞིག
ཆང་ཕོར་ཁར་བལྟས་ཚེ་རང་གཟུགས་གཞན་ཞིག་མཐོང་འོང
དོང་ཙེ་ཤག་ཤག་དུ་འབབ་པར་ལུང་བསྟན་བརྒྱབ་རྗེས
སྨན་འཚོང་མ་ཞིག་ཆང་དང་བསྲེས་ནས་འཐུང་ཞིང
མི་སེར་དཀྱུས་མ་ཞིག་ལ་ལྭ་བ་ཕུད་དུ་བཅུག
རྗེས་སུ་རྨི་ལམ་གཞན་ཞིག་རྨིས་པར་བྱས
དེ་ནི་རྨི་ལམ་ལྟ་བུའི་རྨི་ལམ་ཞིག་ཡིན
རླུང་ལྡང་བའི་ཕ་མཐའ་དེ་ནས་མུན་པ་ག་ཚོད་ཅིག
འཇིག་རྟེན་འཁོར་བའི་རྒྱབ་ཕྱོགས་ཤིག་ནས་ཁྱོད་ཀྱིས་རྔུབ་མྱོང
གནས་ལུགས་དང་འཆི་བ་མི་ཤེས་པའི་རི་དྭགས་སྟེ
ཁ་ཤ་ལྷབ་ལྷབ་དུ་འདར་བའི་མི་སེར་དག
ཁྲག་དང་རྔུལ་ཆུ་ཟགས་པའི་ལོ་ཟླ་ག་ཙམ་ཞིག
མིག་ལྡེབ་དབང་ཙམ་གྱིས་ཕ་རོལ་གྱི་མུན་པར་འདྲེས
བར་སྣང་གི་སྤྲིན་དཀར་ཞིག་དུམ་བུར་ཆད་ནས་འོངས་ཏེ
སུ་ཞིག་གི་རུམ་ཁར་ངང་གི་འཛུལ་ཅིང་སྤྲིན་པ་གཞན་ཞིག་བཟོས
ཉི་འོད་སྒྲིབ་པའི་ནག་ཐིག་ལྟ་བུའི་སྤྲིན་པ་དེ་ནི་སྤྲིན་པ་རྫུན་མ་ཞིག་རེད
2015/5/22
མུན་པ་འཐིབས་རྗེས་སུ།
བཀླག་ཐབས་བྲལ་བའི་རྨི་ལམ་གྱི་ཁྲོད་དུ
སེམས་གཅོང་གི་ཁ་བ་འབབ་མགོ་བརྩམ་པ་ནས
ངས་རུམ་ནས་འོད་ཀྱུག་ཀྱུག་གི་གྲི་ཆུང་ཞིག་བླངས་པ་ཡིན
སྒྲོན་མེའི་ཐིག་ལེ་ལ་ཕྱེ་ལེབ་མ་འཁོར་བར་དུ
འུ་གཉིས་སོ་སོར་གྲིབ་མ་རེ་ཡོད་ནའང
མུན་པ་འཐིབས་རྗེས་སུ
ཁྱོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་དུ
གྲིབ་མ་དེ་མཐོང་རྒྱུ་གཏན་ནས་མི་འདུག
སེམས་གཅོང་དང་སྔན་པ་དག་ལ་སྙན་ངག་གིས་ལྷན་པ་བརྒྱབ་ཅིང
དྲོད་ཀྱིས་གསོས་པའི་རྣམ་ཤེས་ལ་གྲི་ཆུང་གིས་ལན་འགར་བཙུགས་མོད
གཏན་དུ་བྲལ་ཚར་བའི་གྲིབ་མ་དེར་འཆི་མི་བཏུབ་པའི་ནད་ཅིག་ལྡང་བྱུང
ཁྱོད་ལ་སུན་པོ་མི་བཟོ་ཕྱིར གྲིབ་མ་དེ་ཁྱོད་ལ་གཡོལ་གྱིན་འདུག
2015/5/7
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།