སེམས་པ་ངལ་བ།༼ ཞར་བཀོད་གཅིག་ཡོད ༽
རྡོ་བ་ཚོས།
ཤུགས་ཅི་ཡོད་ཀྱིས་ཕ་བོང་དེ་ཚོ་འདྲུད་འདྲུད་པའི་མཐའ་མར།
རང་ཡུལ་དུ་ལོག་དགོས་བ་དྲན་བྱུང་།
རང་ཡུལ་དུ་ལུས་བའི་མི་དེ་དག
ལྷག་ཏུ་དྲན་བྱུང་།
སེམས་པ་ངལ་བའི་མི་དེས།
མིག་ཟུང་བཙུམ་ཞོར།
ཁྲག་དྲི་བྲོ་བའི་མིད་ཐག་སྐམ་པོར་མཆིལ་མ་མིད་ཞོར།
ངལ་བ་བརྒྱ་ཕྲག་དང་དུ་ལེན་ནས།
སང་ཉིན་གྱི་མགྲོན་ཏུ་ཆས་པ་ཡིན།
སེམས་པ་ངལ་བའི་ལམ་འགྲོ་བ་སྟེ།
སང་ཉིན་ལ་སྨོན་པའི་གླུ་བ་ཞིག་ཡིན།
སང་ནུབ་ཀྱི་གནས་ཚང་ལམ་བར་ནས་བཅའ་ཞོར།
ཁོ་བོ་ཅག་གིས་ངལ་བ་ཐེངས་་གཅིག་གསོས་ན་་འདོད་ཡོད།
དེ་ནི་ཆར་རླུང་དྲག་ཏུ་མ་ལྡང་བའི་ཡར་སྔོན་ཡིན།
ཆར་རླུང་གི་སྔ་རོལ་ཏུ་ཁོ་བོ་ཅག་ཡུལ་ལ་ཐོན་དགོས །
ཡུལ་ན་ལུས་སོང་བ་དག་གི་ཆེད་དུ།
སེམས་པ་ངལ་བའི་མི་དེ་དག་ཧ་ཅང་བྲེལ་སྟབས་ཀྱིས་ཆས་བཞིན་ཡོད།
༡༥/༡༠/༣༡
སྣང་བ་འཁྲུལ་བ།
རླུང་གི་སྤུ་གྲིས་བཅད་པའི་མཁའ་ལམ་ཡངས་བོ།
རྒོད་པོས་ཞབས་ཀྱིས་བཅགས་པའི་རླུང་གི་བང་རིམ།
ངའི་མཐོང་སྣང་གི་དཀར་དམར་སེར་གསུམ།
ཡོད་ཚད་གཞི་གཅིག་ཏུ་འདྲེས་བའི་སྲིད་པའི་འཇིག་རྟེན།
ཁྱོད་ཚང་གི་རང་ཡུལ་མགྲོན་པོ་གང་ན་ཡོད།
སྲིད་པའི་བ་ཆུང་གི་བཤས་ར་ཁྱེད་ཚང་ཨེ་ཡིན།
སྣང་བའི་ནམ་མཁའ་རལ་སོང་ན།
སྲིད་པའི་འཁོར་ལོ་འཇིག་སོང་ན།
ངའི་དག་ཞིང་གང་ན་ཡོད།
ངའི་ནམ་མཁའ་གང་ན་ཡོད།
ས་ཆེན་གྱི་ཞབས་རྡོལ་སོང་ན།
ངའི་རྒོད་པོའི་བྲག་ཐེམ་གང་ན་ཡོད།
སེམས་པ་སྐྱོམ་ནས་རླབས་ལ་འདྲེས་སོང་ན།
ངས་གྲུ་ཤན་རྟ་མགོ་མའི་ངལ་བ་བསྟེན་ཆོག
ངས་རླུང་གཡོར་གྱི་དར་ཤིང་བཙལ་ནས།
དུས་ཚོད་ཀྱི་རྩིག་པ་སླར་ཡང་བརྩིགས་ཆོག
ངལ་བའི་རྔུལ་ཆུ་རླུང་གི་ལག་པར་ཁེན་ནས།
ངས་མུ་མཐུད་ནས་བཙལ་ཆོག
རྒྱལ་ཕམ་གྱི་སྒྱུ་གྲོང་ནས་ངས་ཡོད་ཚད་ཁྱོད་ལ་བསྐྱུར་ཆོག
༡༥/༡༠/༣༡
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།