མི་ཡུལ་དང་གྱེས་པའི་ཁ་བ།
དེ་རིང་ང་ནི་རྩྭ་ཐང་ཞིག་ཏུ་ཡོད།
ངས་མེ་ཏོག་རེ་རེའི་དྲི་བསུང་ལ་སྣོམ་ཙམ་སྣོམ་ཙམ།
རི་བོ་མཐོ་ས་ཞིག་ཏུ་བུད་ནས།
རང་བྱུང་ཁམས་ཀྱི་མཛེས་པ་ལ་རོལ་མྱོང་
ཐེངས་གཅིག་བྱ་འདོད་ཡོད།
ཡིན་ཡང་བཀྲ་མི་ཤིས་པའི་གསར་འགྱུར་ཞིག་གིས་ང་ཡི་སེམས་པ་འདི་འཁྱག་སིབ་སིབ་དུ་བཏང་བྱུང་།
ཀུན་ལ་རེ་ལྟོས་ཆེ་བའི་ན་གཞོན་ཞིག
ཀུན་གྱིས་གདེང་འཇོག་ཐོབ་པའི་ཤེས་ཡོན་པ་ཞིག
ཀུན་གྱི་ཚེ་སྲོག་ལ་འདྲ་མཉམ་དུ་ལྟ་བའི་བྱམས་སེམས་ཅན་ཞིག
མི་ཡུལ་ལུང་པ་འདིར་གཏན་དུ་བྲལ་སོང་ཟེར།
ཀྱི་ཧུད་བོད་འདི་ཅི་འདྲའི་བསོད་ནམས་དམན་པ་ལ།
ཤེས་འཇོན་གཉིས་ལྡན་གྱི་ན་གཞོན་ཞིག་འདི་ལྟར་བུད་སོང་།
སུ་ཞིག་གི་ཆེད་དུ་ཅི་ཞིག་གི་སླད་དུ།
ཁྱེད་ནི་ཅི་འདྲའི་ལོ་ན་གཞོན་པ་ལ།
ཁྱེད་ནི་ཅི་འདྲའི་སྒལ་ཚིགས་ཅན་དེ་ཡིན་པ་ལ།
ང་རང་ཁྱེད་ལ་ཁ་ཞེ་གཉིས་མེད་ཀྱི་སེར་སྣ་སྐྱེས་འོང་།
ངས་ཁྱེད་ཀྱི་གཏམ་བཤད་གོ་མྱོང་།
ངས་ཁྱེད་ཀྱི་སྙན་ངག་དང་བྱིས་སྒྲུང་བཀླགས་མྱོང་།
ངས་ཁྱེད་ཉིད་ངོ་མི་ཤེས་ཀྱང་འདི་ཙམ་ཤེས་པས་ཆོག་ལ།
འདི་ཙམ་ཤེས་པས་ང་ཁྱེད་ལ་ཡིད་སྨོན་སྐྱེས་ཡོད།ལག་རྗེས་འདི་ཙམ་ཡོད་པས་དུད་ཚང་འདིར་ཁྱེད་ལྟ་བུ་ཤིན་ཏུ་མཁོ།
ང་ཚོར་ཁྱེད་འདྲ་བ་མང་པོ་མེད།
ཧ་ཅང་ལོ་ན་གཞོན་པའི་ཁྱེད་ལྟ་བུ་ལྷག་ཏུ་ཉུང་།
འོན་ཀྱང་གློ་རྡེག་ལ་ཁྱེད་རང་བུད་སོང་།
སུས་ཀྱང་དཔོག་པར་དཀའ་བའི་འཇིག་རྟེན་ཞིག་ཏུ་བུད་སོང་།
ཁྱོད་སོང་ཤུལ་གྱི་རྐང་རྗེས་རེ་ནི་ནམ་ཡང་ངེད་ཅག་གི་དྲན་ངོས་སུ་རྡོ་ཡི་རི་མོ་བཞིན་གསལ་ལ།
ཁྱེད་ཀྱི་སྙིང་སྟོབས་དང་ལྷག་བསམ་ནི་ང་ཚོས་རྡོ་རིང་ཞིག་ཏུ་བརྐོ་ངེས།
སྙིང་ཉེ་བའི་ཁ་བ་སྙིང་ལྕགས།
བདེ་བར་བཞུད་དང་།
ངས་རྩྭ་ཐང་གི་པང་བ་རུ་སེར་ཆེན་རྐང་གཅིག་བཏོགས་ནས།
ཁྱེད་ཀྱི་བཞུད་ལམ་ལ་སྨོན་འདུན་ཞུས་ཡོད།
བདེ་བར་བཞུད་དང་སྙན་ངག་པ་བྱིས་སྒྲུང་བ་ཁོར་ཡུག་སྲུང་སྐྱོབ་པ།
མིང་འདི་དག་གིས་ནམ་ཡང་ཁྱེད་ཉིད་སྲུང་ནས་ཡོད།
བདེ་བར་བཞུད་རོགས།
མི་ཡུལ་ལུང་པར་ཁ་བ་འབབ་ཡུན་ཐུང་།།
སེམས་ཀྱི་དག་ཞིང་གད་སྙིགས་ཁྲོད་ན་ལུས།།
མི་བརྗེད་མི་བརྗེད་སྒལ་ཚིགས་ཅན་གྱི་ཁྱོད།།
སྙིང་གི་མཐིལ་ན་རྡོ་ཡི་རི་མོ་ཞིག །
༢༠༡༥/༦/༢༧/
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།