མུན་པ།༼ ཞར་བཀོད་བཞི་ཡོད ༽
རུས་པའི་གཏིང་ལ་ཟུག་པའི་ལྕགས་ཀྱི་ཚེར་མ
འཇམ་ཤ་ལྡན་པའི་བུ་མོའི་མཁུར་ཚོས
ལྷན་པ་བརྒྱབ་པའི་ཁྲག་དང་འཇའ་ཚོན་གྱི་གཟུགས་རིས
ཡང་ན་གཡང་གཟར་གྱི་ཞེ་སྡང་དང་སྡུག་བསྔལ་གྱི་ན་ཟུག
འཇགས་ཐབས་བྲལ་བའི་དགུན་གྱི་རླུང་བུ
མེ་ལོང་ལས་ཁྲབ་རྨོག་གྱོན་པའི་མེས་པོ་ཞིག་མཐོང་བ་ནི
ཤོག་བུའི་ངོས་སུ་བྲིས་པའི་མིང་བྱང་འགའ་མ་ཡིན་པར
གཡའ་དང་བཙའ་ཡིས་ཁྱབ་པའི་རྨི་ལམ
གཏན་ཏུ་སད་རྒྱུ་མེད་པའི་རྨི་ལན་ཞེ་དགུ
རྒྱ་མཚོའི་རླབས་རིས་ལས་རྙེད་པའི་བདེ་བ་ཕྲན་ཙམ
གངས་དང་རྩྭ་ཐང་གིས་ང་ཚོ་ཅུང་ཙམ་སྒུག་པ་ནི
འཕྲུལ་ཆས་ཀྱི་མཚན་མ་ལས་ཟགས་པའི་གཅིན་དང
ཟླ་མཚན་དཀར་དམར་གྱིས་བརླན་པའི་ཤོག་བུ
ཐང་ཆད་པའི་འགྱིག་གི་ལྷམ་དེའི་ནང་དུ
དྲི་བསུང་འཐུལ་བའི་བྱིས་དུས་ཀྱི་རྐང་བ་རེ་ཟུང
ཨ་མའི་མིག་ཆུ་ལ་འབྱར་བའི་སེམས་ཁུར་རྩེག་མ
ལོ་དང་ཟླ་བ་ལོ་ཐོ་ངོས་སུ་བྲིས་པའི་དུས་ཚོད་ཀྱི་རྩུབ་རེག
ཆུ་རིས་ཤིག་ཤིག
མེ་ལོང་ཁ་གཏད་དུ་ལངས་པའི་གྲིབ་མའི་རོ་ལངས
2015ལོར།
ཚོད་ཚོད་ལ་ཅིག་བཤད་ན།
གཞུང་ལས་ཁང་གི་ནང་དུ་ཁྱབ་པའི་དུག་གི་རླངས་པ
ཚེར་མས་མ་ཟིན་པའི་ཤ་དང་པགས་པ
ན་ཟུག་དང་ན་ཟུག་གི་སྔོན་འགྲོ
ཁྱོད་ནི་ལྕགས་དང་རྡོ་ལ་ཐོག་པའི་ལམ་གྱི་ཕྱེད་ཀ
ངས་ལྕགས་འདི་མགར་བ་ཞིག་ལ་ཕུལ་མྱོང
ངས་རྡོ་འདི་གཏེར་ཁ་ཞིག་ལ་སྦས་མྱོང
བུ་མོ་ཚེ་རིང་སྒྲོལ་མ
ལྕགས་དང་རྡོ་ལ་འབྱར་བའི་བྱེ་མའི་གཤོག་པ
གཤོག་པ་དེ་ལ་ལྡེམ་མྱུར་ཡོད་དམ
གཤོག་པ་དེ་ལ་ཚེ་སྲོག་ཨེ་འདུག
སྒེའུ་ཁུང་དེ་ལས་ང་འཛིན་བྱེད་ཀྱི་སྙིང་ཉེ་བའི་ཁྱོད་རང་འཕུར་བ་ན
ལམ་འགྲམ་གྱི་ཁ་བ་ཞུ་ནས་དབྱར་ཁ་སླེབས་ལ་ཉེ
2015/1/9
ཨ་ལ།
ཁྱོད་བཙོན་ཁང་དུ་ཤར་བའི་འོད་སྣང་དེ་མིན་རུང
ང་ཡི་ལུས་པོར་ལྭ་བ་གྱོན་དང་མ་གྱོན་མི་འདུག
དབུགས་ཀྱིས་ངར་བའི་མིའི་ང་རྒྱལ་དང་ངོ་གདོང
ཤིག་གསོད་པའི་རྒད་མོ་ཁྱོད་རང
གཞན་ཡུལ་ཟེར་བའི་བར་དོ་ལ་འཁྱམ་རྗེས
དྲོད་སྣང་ཅུང་ཙམ་མེད་པའི་ངའི་མཛུ་གུ་དག
ཁ་པར་ངོས་ཀྱི་རྫུན་འཕྲུལ་དང་རྨི་ལམ
ཨ་ལ ཁྱིམ་མཚེས་འདི་ཀུ་རེ་བྱེད་ཆོག་པའི
ཤོག་བུ སྣག་ཚ སྨྱུ་གུ
20151/9
བསོད་ནམས།
གཙང་བོར་རྐྱལ་བའི་བུ་མོ་ཞིག
ས་དང་གནམ་གྱིས་ཁེབས་པའི་མཛེས་སྡུག
རྣག་དང་ཁྲག་མ་སྐམ་པའི་རྨ་ཁ
ཁྱོད་ཀྱིས་ཤེས་ན་ཁྱོད་ནི་འབྱུང་བའི་ཁམས་ཀྱི
བདེ་སྐྱིད་ལྡན་པའི་ཅ་ལག་ཁ་ཁེར
ང་གང་ལ་ཡང་མི་སྐྲག་པ་ནི
ཁྱོད་ལྟ་བུའི་ཟླ་འོད་བསིལ་མ་ཆུ་ནང་དུ་ལྕེབས་པའི
མཚན་མོ་གཅེར་བུར་བུད་པའི་མེ་ལོང་ཁྲ་ཁྲ
མིང་གིས་བོས་ཀྱང་ཁ་མི་སྐྲག་པའི
རླུང་བོ་ཡང་མོ་ལ་འབྱར་བའི་རྣམ་ཤེས་ཡོད་པས་ཡིན
ཡི་གེ་འདི་དག་ཀློག་ཤེས་པ་ལས
ཡི་གེ་འདི་དག་འགུལ་ཤེས་ན་སྐྱིད
སྒོ་ཡོལ་ནང་རོལ་གྱི་གདངས་དང་ཁེར་བཤད
ཡང་ན་འཇིག་རྟེན་གྱི་རྣ་བའམ་གཤེད་མ
ང་གཏན་དུ་གཉིད་སོང་ན
ཁྱོད་ཀྱིས་ངའི་ཤི་མིང་གིས་ཡང་ཡང་མི་འདོད་རོགས
ང་ཕྱུག་པོ་མིན་རུང
ངའི་ཆུང་མ་ང་ཡིས་བསགས་པའི་ཚེ་ནོམ་ཡིན
ང་ཨ་ཕྱིས་གླེང་མྱོང་བའི་འདས་མ་ད་གསུམ་གྱི་མ་འོངས་པ་ཡིན་ནམ
ས་ཡི་གོ་ལ་འཁོར་གྱིན་འདུག
ཉི་མར་བལྟས་ནས་མཚན་མོ་རེ་རྟོག་བཟོ་བྱས་པ་ནི
ང་ཡི་བསོད་ནམས་ཡིན
2015/1/9
དུས་ཚོད།
བུ་མོ་དེའི་མིང་སུ་ལའང་མི་བཤད
དེ་ནི་གཙང་བོར་འགྲམ་དར་ཆགས་པའི
དགུན་གྱི་གྲང་ངར་ལ་འགྲན་པའི་ངུ་སྐད་རྣ་ལ་གཟེར་བ་ཞིག
གློག་འོད་གཟིམ་པའི་ད་ལྟའི་ང་རང
མར་མེ་ཟད་པོ་ཞིག་དང་འདྲ་བར
སྒོ་ཁྱི རླུང་བུ རྩྭ་ཐང ནོར་ལུག
གང་ལའང་འབྲེལ་བ་མེད་པར་ཁེར་རྐྱང་ངང་
གོས་ལྭ་འཁྱག་པ་ཞིག་དང་འདྲ་བར་ཁྱོད་ཀྱི་བྲང་ཁར་རེག
ཆུ་འཁྱག་འདི་ང་ཤི་སོང་བའི་རྗེས་ཀྱི་མིག་ཆུའམ
ཁྱོད་ཀྱིས་རེ་སྒུག་བྱེད་མྱོང་བའི་མྱ་ངན་ཐང་གི
གསེར་དང་འབྲི་ཤོག་སྟོང་བ
ནམས་ལངས་པ་ན་ང་རང་ཉིད་དུར་སྦེད་བྱས་ཡོད་པའི་བར་སྣང་ཁམས་སུ
སུ་ཞིག་ལ་འཕྲད་འདོད་ཀྱི་ཧམ་སེམས་སྐྱེ་བཞིན་བུད་འགྲོ
2015/1/9
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།