ཆང་ཕོར་ནག་པོ།
རྨི་ལམ་དཀྲོག་པའི་རྡོ་རིང་གི་ངོས་སུ
འཆི་བ་མི་རྟག་པ་དང་དགའ་སྐྱོ་ཆགས་སྡང་གི་རི་མོ་བྲིས་ཤིང
གླེགས་བམ་ལ་ཟླ་བའི་འཆིང་ཐག་བསྐོན་ཏེ་སྡིག་པའི་མེ་ཏོག་གཏོར
ཆོ་འཕྲུལ་གྱི་སྒྱུ་སྐར་ག་ཙམ་མུན་པའི་གྲོང་ཚོ་ནས་རྒྱང་རིང་གི་ནམ་མཁར་བསྙེག་སོང
ལོ་མའི་ཆར་ཟིམ་འབབ་པའི་སྡོང་པོ་དག་ནི་རྨ་བྱའི་སྒྲོ་ཐུལ་ཡིན སྟག་གི་ཐིག་ལེ་ཡིན
གཙང་བོ་ལ་རབ་ཏུ་འབར་བའི་སྙན་ངག་འཁོར་བ་ནས
ང་རང་ལ་སྐྱེ་བ་གསུམ་གྱི་བག་ཆགས་སད་པར་གྱུར་ཞིང
ལོ་ཟླའི་གྲིབ་གཟུགས་ནི་ཚིག་དང་ཐ་སྙད་ཀྱི་ཚོགས་ཞིང་བྱས
རྣམ་ཤེས་ལྔ་ཡང་སྒྱུ་འཕྲུལ་གྱི་རྩིག་ལྡེབས་ངོས་ནས་མར་ལ་ཟགས་བྱུང་བས
སོ་སྐྱེས་ང་ཚོས་འཕགས་པ་ཟེར་བའི་ཆང་ཕོར་ནག་པོ་དེར་སྒྱུ་སྐར་གྱི་ཡིག་ཟམ་བཙུགས
ཕ་བོང་བསྒྲིགས་པའི་གོ་རིམ་ལ་ཚར་རྒྱུ་མི་འདུག་པ་བཞིན་དུ
ངའི་སྐྱེད་མོས་ཚལ་གྱི་རི་དྭགས་ག་ཙམ་ལོ་ཟླ་ཟེར་བའི་མུན་ནག་གིས་བཟུང་སོང
མེ་ཏོག་ནག་པོའི་ཞྭ་མོ་གྱོན་པའི་སྐྱེ་རྒ་ན་འཆི་འདི་དག
གཡང་གཟར་ནས་འགྲུལ་འོང་བའི་ཕ་བོང་གི་ཚོགས་དང་ལོ་མའི་ཟིལ་བ་ཡིན
རྡུལ་ཕྲན་ལ་གཤོག་པ་བཏགས་ཤིག་དུས་ཚོད་ལ་ཤུན་པ་བསྐོན་པའི་ང་ཚོས
མི་རྟག་པའི་ནམ་མཁའ་ལ་འཇའ་ཚོན་དང་ཉི་ཟླ་གཉིས་འབྲི་མྱོང་།
2015. 8. 11
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།