ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་གསར་བ་བདུན།
བླ་མ་རྒྱང་འབོད།
____ཞིང་གཤེགས་པན་ཆེན་སྐུ་ཕྲེང་བཅུ་པར་ཕྱག་གསུམ་འབུལ།
1
སྐྱེ་བ་ནས་སྐྱེ་བ།
རེ་བ་རུ་ཟད།
སྨོན་ལམ་ནས་སྨོན་ལམ།
དག་ཞིང་ལ་འཁྱར།
2
རེ་བའི་སྐྱབས་ཤིག
རང་དབང་།
སྨོན་པའི་མགོན་ཞིག
ཚེ་སྲོག
ད་དུང་ངུ་སྐད་གཉོམ་པོ་དེ་དག
བརྗེད་དགོས་སམ།
ལོ་ཟླ་ག་ཚོད།
སླར་ཡང་མིག་ཆུ་རུ་སིམ་དུས།
ང་དངངས་ཤིང་སྐྲག་བཞིན།
3
ཐག་རིང་ནི་འཇིག་རྟེན་གཞན་ཞིག
ང་མ་སླེབས་པའི་སྔོན་ཏུ།
ཉི་འོད་ལ་གཤོག་པ་ཐོགས་ཚུལ
མེ་ཏོག་ལ་རྐང་པ་སྐྱེས་ཚུལ།
བཤད་རྒྱུན་མིན་ན།
འབོད་འདོད་པའི་སུ་ཞིག
ནམ་ཡང་ཐག་ཉེ་རུ་མེད་པ་ལྟར།
ངའི་རྣམ་ཤེས།
གར་འགྲོ་འདི་འགྲོར་མེད་སོང་།
4
མཐོང་བའི་མུན་ནག
མཚན་མོ་ཡིན་སྲིད།
མ་མཐོང་བའི་འོད་ཟེར།
སང་ཉིན་ཡིན་སྲིད།
ཐ་ན་རྨི་ལམ་ཅི་ཡིན།
ལན་མེད་པའི་དྲི་བ།
རང་སེམས་ཀྱིས་ཁུར་ཏེ།
འགྲོ་དགོས འདུག་དགོས།
ལས་དབང་ནི་ཆ་མི་འགྲིག་པའི་ལྷམ་ཞིག
5
རླུང་རྔུབ་ཨེ་ཆོག
མུན་ནག་གི་རུམ་ལ་འཛུལ་ཨེ་ཆོག
རྨ་ཁ་རྣག་པའི་ཁྱོད།
ན་ཟུག་ལས་ཅི་ཡོད།
2015'12'29--31
རྡོ་རྗེ་གདན།
1
གནས་འདིའི་མཁའ་དབྱིངས།
ནམ་ཡང་མག་མོག་ཡིན་ནམ།
ངས་གསོལ་འདེབས་ཤིག་ག་ལ་བརྗེད།
2
བསྐལ་བ་གྲངས་མེད་སྔོན་ལ་ཕྱོགས་ན།
བྱང་ཆུབ་ལྗོན་པ་འགྱེལ་མི་འདུག
བྱང་ཆུབ་ལོ་མ་སྐམ་མི་འདུག
མེད་པའམ་ཡོད་པའི་གཟུགས་བརྙན་ཞིག
སླར་ཡང་མཇལ་བའི་སྟེས་དབང་གང་དུ།
སེམས་སྨྲེང་སྟངས་ཤིག་གིས།
ཡོང་སའི་ལམ་ནི།
ལོག་སའི་ལམ་ནི།
གཏམ་རྒྱུད་ན་ཡོད་ཡོད་འདྲ།
3
ཕུག་རོན་ཁྱུ་གཅིག
ཡང་ན་བྱ་ཁྱུ་གཞན་ཞིག
ཐག་རིང་ལ་འཕུར་སྲིད།
ཐག་རིང་ན་སུ་ཡོད།
གློ་བུར་གྱི་དྲན་པ་རུ།
འཇིག་རྟེན་འདིའི་བདག་པོ།
ང་མིན་པ་ཚོར།
4
ཉི་མ་ཉི་མ་ལྟར་ཤར་ན།
དྲོད་དབུལ།
ཉིན་མོ་ཉིན་མོ་བཞིན་འོང་ན།
ཁྱོད་མེད།
5
གནས་འདིའི་བྱང་ཕྱོགས།
ནམ་ཡང་མག་མོག་ཡིན་ནམ།
ང་ལོང་བ་བཞིན།
མཐོང་པ་ཐམས་ཅད་མག་མོག
6
ངས་ཁྱོད་སྒུག་ཆོག
འདི་རུ་མུན་པ་འཁོར།
ངས་ཁྱོད་མ་སྒུག་ན་ཆོག
འདི་རུ་སྨུག་པ་འཁྱིལ།
7
གང་ལྟར མཇལ་ཁ་ནི་མཇལ་ཁ།
དབུགས་ཤིག་ལ་ཁེན་རུང་།
སེམས་ཀྱི་ཁྱོད།
ནམ་ཡང་རེ་ལྟོས་ཤིག
2015་12'24--28
བུ་མོ་བྷོ་རཱི་ཡཱ།
བུ་མོ་བྷོ་རཱི་ཡཱ།
ལྗོན་གསེབ་ཀྱི་ཆུ་ཕྲན།
གང་ནས་བཞུར་འོང་།
མཚན་མོའི་སྐར་མ།
གང་ལ་བཞུད་སོང་།
རྨ་ཁ་ཟབ་པའི་ང་།
ཁྱེད་ཀྱི་ཡུལ་གྱར་པ་མིན།
ཁྱེད་ཀྱི་མིག་ཟུང་ཁྲོད།
སང་ཉིན་ནི་མེ་ཏོག་རྐང་གཅིག་གམ།
ངོ་མི་ཤེས་པའི་མཛའ་བོ་དེར་འཕྲད་པའི་དུས་ཆེན་ཞིག
བོར་མི་འདོད་པའི་ཁྱོད།
རྙེད་འདོད་པའི་ང་།
ཟློས་གར་གང་ནས་གྱེས་པ་བཞིན།
སོ་སོའི་མི་ཚེ།
རང་རང་གི་ལམ་ལ་ཞུགས་ཀྱང་།
ཡར་འགྲོ མར་འགྲོ།
ཨ་ཐང་ཆད་པ་རྫུན་མིན།
བུ་མོ་བྷོ་རཱི་ཡཱ།
ཕྱི་མིག་ཟེར་བའི་གཏམ་རྒྱུད།
རང་ལ་བཤད་དགོས་སམ།
ཁྱོད་ལ་བཤད་དགོས།
ལོ་ཞིག་ཕར་ལ་སྐྱེལ་ཞོར།
ལོ་ཞིག་ཚུར་ལ་བསུ་བཞིན།
ཡར་འགྲོ མར་འགྲོ།
མི་ཚེ་སྐྱབས་སུ་མཆི་ཞེས།
ང་ལ་མངགས་བཅོལ་ལས་ལྷག་མེད།
2015'12'30--2016'1'2
ཁ་བ་ལྷབ་ལྷུབ།
ཁ་བ་ལྷབ་ལྷུབ།
ཁྱེད་ནི་ཁ་བའི་ཀློང་ན་ཡོད་དམ།
ཉི་ཟླ ཉི་ཟླ།
ངས་འཇིག་རྟེན་ཞིག་དྲན།
སྨོན་ལམ་མེད་པའི་ཉི་ཟླ།
ནམ་མཁའ ནམ་མཁའ།
ངས་འཇིག་རྟེན་ཞིག་བོར།
རེ་ལྟོས་མེད་པའི་ནམ་མཁའ།
ཁ་བ་ལྷབ་ལྷུབ།
ཁྱེད་ནི་ཁ་བར་དབང་ངམ།
ཁེར་བཤད་ཅིག་གི་ཁྲོད།
ནམ་ཡང་དགུན་ཁ་ཞིག
དགུན་ཁ་དེར་ཁ་བ་ལྷབ་ལྷུབ།
2016'01'25
ངའི་ཨ་ཅེ་གཉིས་ཀ།
ཤར་ནུབ་ཅིག
འཇིག་རྟེན་ཞིག
གྱེས་བྲལ་ཅིག
གཅེན་གཅུང་ཞིག
འཁྲེང་ཞེན་ཞིག
མི་ཚེ་ཞིག
ངའི་ཨ་ཅེ་གཉིས་ཀ
ཨ་མའི་སྐྱོ་རོགས་ངུ་རོགས།
གྲུ་ཟུར་ཞིག་ནས་འཕྲད་འོང་བསམ་ནས།
མར་མེ་རྐང་གཅིག་སྦར་མྱོང་།
མར་མེའང་གཟིམས་སོང་།
མཚན་མོ་ཞིག
སྨུག་པ་ཞིག
ཚེས་རིས་ཤིག
ནམ་མཁའ་ཞིག
མིག་ཟུང་ཞིག
གྲིབ་མ་ཞིག
ངའི་ཨ་ཅེ་གཉིས་ཀ
ཨ་ཕའི་འདུག་རོགས་འགྲོ་རོགས།
རྨི་ལམ་ཞིག་ནས་འཛོམས་འོང་དྲན་ནས།
མཚན་མོར་ཉུལ་མྱོང་།
མཚན་མོའང་འདས་སོང་།
མར་མེ་གཡོ།
འཕྲད་འོང་པའི་སྨོན་ལམ་གཡོ།
ངའི་ཨ་ཅེ་གཉིས་ཀ
མཚན་མོ་སྟོང་།
སྒུག་བཞིན་པའི་སེམས་པ་སྟོང་།
ངའི་ཨ་ཅེ་གཉིས་ཀ
ནམ་ཡོང་མ་འདྲི།
ནམ་ཐོན་མི་ཤེས།
2015.12.22-28
མི་ཡུལ་འདི།
ས་རྡུལ་གྱི་ཕུང་བོ།
ཆར་གྱི་གཤོག་པ།
ལྟོགས་པའི་མིག་གཅིག
རང་སེམས་ཀྱི་སྐྱབས་བཅོལ།
སྐོམ་པའི་སེམས་ཤིག
རང་སེམས་ཀྱི་སྐྱབས་བཅོལ།
མིག་ཆུ་དེད་ནས་ཆས་ཆོག་ཀྱང་།
ཤོག་ལྷེ་ངོས་ཀྱི་དར་ཆ་ཟད་པོ།
མཐོང་པའམ་མ་མཐོང་པ།
རླུང་གི་མི་ཡུལ།
མི་ཡུལ་གྱི་ཁྱོད།
སུའི་རྨི་ལམ་ན་ཤི།
ང་ལ་འབོད་མཁན།
ངའི་མིང་།
སེམས་ཀྱི་མི་ཡུལ།
ཕ་རོལ་དང་ཕ་རོལ་ཞིག
2016'01'29--02'2
མེག་གྷན་ནས་ཐུག་པའི་རྒྱལ་རོང་གི་རྨོ་རྨོ་ཞིག
རྒྱལ་རོང་གང་ན་ཡོད།
ངས་མི་འདྲི།
དབུ་དཀར་མ་གང་ན་བཞུགས།
ངས་མི་འདྲི།
ངུ་སྐད་ཀྱི་ལས་དབང་ཞིག་གིས།
ངས་དྲན་ཆོག་པ་མང་པོ།
རྒྱལ་རོང་ན་འདར།
བཙན་རྫོང་གི་ས་གཞི།
ངས་མི་འདྲི།
ཡུགས་མོའི་མིག་ཆུ།
ངས་མི་འདྲི།
རྡུལ་འཚུབ་ཀྱི་ལོ་ཟླ་ཞིག་གིས།
ངས་ཉན་ཆོག་པ་མང་པོ།
རྒྱལ་རོང་ན་ཟད།
དམར་དྲི་བསྣམས་པའི་བྱ་གླག
ཁྱེད་ཀྱི་རྒྱལ་རོང་།
སྐྲ་ལོ་བསྐྱུར་པའི་བང་སོ།
ང་ཡི་རྒྱལ་རོང་།
2016་18--10
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།