ལས་དབང་དམར་པོ་ཡིན་པའི་བརྩེ་དུང་།
རྒྱང་ཐག་དང་བར་ཐག་གིས་ཟིན་པའི་ས་མཐའ་འདི་ན
ང་ལ་ཁྱོད་ལས་ཞེ་བརྩེ་ལྷག་པ་ནི་གང་ཡང་མེད་ལ
ལས་དབང་གི་བཀོད་སྒྲིག་ལྷག་པའི་ལུང་སྟོང་འདི་ན
ང་ལ་ཁྱོད་ལས་འདང་བརྩེ་ཆེ་བའང་ཅི་ཡང་མེད
དེ་ནི
ང་ཁྱོད་ལ་དགའ་དྲགས་པའི་ཡ་ཆུང་གི་དཔང་རྟགས་ཤིག་ཡིན་ཡང་སྲིད་ལ
ང་ཁྱོད་ལ་དུངས་དྲགས་པའི་ཞེན་ཆགས་ཀྱི་སྐྱོན་ཞིག་ཡིན་ནའང་ཐང
གང་ལྟར
འདུས་འཛོམས་ཀྱི་ཆོས་ཉིད་མི་རྟག་པའི་ཧྲག་བར་འདི་ནས
ངའི་འགྱུར་མེད་ཀྱི་དམ་བཅའ་དེ་ལ
མྱི་ཁ་ཡི་ཆག་ཀྲུམ་མ་ཤོར་ན་ང་ལ་དེས་ཆོག་ལ
ཐོབ་ཤོར་གྱི་ལོ་ཟླའི་བར་ནས
ཁྱོད་ལ་བདེ་སྐྱིད་ཀྱི་འོད་སྣང་གསར་བ་ཞིག་སྦྱིན་ཐུབ་ན་ང་ལ་དེ་ལས་སྐྱིད་པ་ཞིག་གང་ན་ཡོད
འཇིག་རྟེན་རྟག་མེད་ཀྱིས་འཁོར་བའམ
དུས་ཚོད་ལྡོག་མེད་ཀྱིས་འཁོར་བའི་དབང་གིས
ཁྱོད་དང་ང་ཡི་གཞི་སྡོད་ཀྱི་ཕ་ས་མི་གཅིག་ལ
ལས་དང་དབང་གི་བགོས་སྐལ་ཀྱང་མི་གཅིག་པ་གཅིག་མཚུངས་རེད
དེ་ན
ང་རང་ཞེན་ཆགས་ཀྱིས་འགྲེང་ཏེ་ཨུ་ཚུགས་བྱེད་ས་ཞིག་མེད་ལ
དེ་ན
ཁྱོད་རང་འཁྲེང་སེམས་ཀྱིས་མནར་དེ་མིག་ཆུ་བཞུར་ཁོམ་ཞིག་ཀྱང་གང་ན་ཡོད
ལས་དབང་དང་འཁོར་བའི་སྡེ་རིས་སུ་གྲུབ་ཚར་རྗེས
ང་ལ་དུང་སེམས་དམར་ནག་མ་ཞིག་གི་ཉམས་འགྱུར་མཁོ་སྲིད་མེད་ལ
ཁྱོས་ཀྱང་བརྩེ་བ་དགུ་སྒྲིལ་མ་ཞིག་གི་རིན་ཐང་བསྒྲུན་མི་ཐུབ
ཤེས་ཤེས་དང་ཚོད་ཚོད་ལ་གསོན་པོར་སྒུག་ན
ངས་ཀྱང་ཁེར་རྐྱང་འཁོར་བ་ཞིག་གི་མཚན་མོ་ལ་ལག་སྙོབ་བྱས་འགྲོ་ལ
ཁྱོས་ཀྱང་བདེ་སྐྱིས་གསར་བ་ཞིག་གི་སྟོང་བསམ་ལ་ལང་ཚོ་སྙེགས་སྲིད་ཐག་རེད
དེར་བལྟས་ན
ང་རང་ཤི་གསོན་གྱི་མཚམས་ནས་ཝུ་ཆང་དང་འགྲོགས་ཆོག་ལ
ཁྱོད་རང་མ་སྨྱོས་པའི་མཚམས་ནས་བདེ་སྐྱིད་ལ་རེག་ཆོག
དུས་དྲུག་ཁོར་མོ་འདའ་བའི་ཉིན་ཞག་མང་བོ་ཞིག་ལ
བདག་གི་ཞེན་ཆགས་ཀྱི་མི་ཚེ་སྐྱོ་བའི་ཟད་པར་ང་རང་འགྱོད་མ་མྱོང་ལ
དྲན་མིན་སུན་མིན་གྱི་སྲུབ་ཀ་ཞིག་ནས
ཁྱོས་སུ་ཞིག་གི་གླེན་ཉམས་ཀྱི་དགའ་མདོག་སྟོན་མྱོང་བའང་ཕལ་ཆེར་བརྗེད་རྒྱུ་མ་རེད
མི་ལོ་གསུམ་ལ
ངས་ཤི་འཐམས་རོ་འཐམས་ཀྱིས་བརྩེ་བ་ཞིག་ལ་ལག་སྙོབ་བྱེད་མྱོང
མི་ལོ་གསུམ་ལ
ངས་ཤི་མ་གསོན་བྲལ་གྱིས་སྐད་ཆ་ཞིག་ལ་རེ་སྒུག་བྱེད་མྱོང
མི་ལོ་གསུམ་འདི
ལས་དབང་ལ་གོད་ཆག་ཤོར་བའི་མི་ལོ་གསུམ་ཡིན
མི་ལོ་གསུམ་འདི
དགོད་སྒྲ་དང་མིག་ཆུས་བསྐྱལ་བའི་མི་ལོ་གསུམ་ཡིན
དག་དག་མི་ལོ་གསུམ་འདི
བརྗེད་ཐབས་མེད་པའི་ཕྱིར་དྲན་གྱི་ཡོལ་བ་དེ་ཡིན
གལ་ཏེ
མི་ཚེ་འདི་ནས་ང་ལ་འགྱུར་བ་མེད་པའི་དམ་ཚིག་གི་མདུད་པ་ཞིག་ཡོད་ན་དེ་ནི་ཁྱོད་ཡིན་ལ
གལ་ཏེ
སྐྱེ་བ་འདི་ནས་བདག་གིས་འཁྲེང་སེམས་ཤོར་བའི་མིག་ཆུ་ཡི་ཐིགས་པ་འགའ་བསགས་ཡོད་ན་དེ་ཡང་ཁྱོད་ལས་མ་འདས
གཞན་དབང་དང་ཨུ་ཚུགས་ལ་འདྲེས་པའི་བརྩེ་དུང་འདི་ནི
ང་དང་གངས་དཀར་ལྷ་མོའི་ལས་དབང་གི་གཏམ་རྒྱུད་ཡིན་ལ
མིག་ཆུ་དང་དྲན་པའི་མནར་བའི་སེམས་པ་འདིའང
ང་དང་ཡ་ཆུང་བདག་མོའི་སྐྱོ་ངག་གི་དབྱངས་རྟ་ཕྲ་མོ་དེ་ལས་མ་འདས་སོ
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།