མི་རྟག་པ།
ཟླ་འོད་ཀྱིས་བདག་གི་གྲིབ་མ་དེད་དེ་རྒྱང་དུ་བུད་སོང
འཁྲུལ་སྣང་གིས་བསྐྱེད་པའི་ལོ་མ་ལྗང་ཁུ་དག
རེ་ཞིག་རྨི་ལམ་དང་འདྲེས་པར་གྱུར་ནས་དལ་ལྷོད་ལྷོད་བྱེད
ལག་པས་བདེ་བ་དང་བཅས་རང་གི་ལྟོ་བར་ལན་འགའ་བྱིལ་བྱིལ་བྱས་ནའང
སྐར་ཆ་རེ་རེའི་ཚག་སྒྲ་ཡིས་ང་ཡི་དབུལ་ཕོངས་ཀྱི་འཇིགས་པ་བསྟན་པར་བྱས
སྨག་ནག་པའི་མཚན་མོ་ཞིག་ལ་རྫི་མའི་སྟེང་དུ་མུ་མེད་ཀྱི་ནམ་མཁའ་བཞེངས
མངོན་སུམ་ནས་དུམ་བུར་ཆད་པ་གང་ཞིག་རྨི་ལམ་དུ་སླར་ཡང་མཐུད་ཐབས་རྩོམ་ནའང
ཁྱོད་རང་གཉིད་ལས་སད་རྗེས་ཨ་ཐང་ཆད་པའི་ཕྱེ་ལེབ་ཅིག་ལྟར
རང་གི་རྐང་པ་དྲུད་དེ་སྐྱེ་བ་གཞུག་མའི་སྒོ་འགྲམ་དུ་བསླེབས
སྐུ་ངལ་དུབ་ཅིང་ལུས་ཟུངས་རིད་པའི་སྡུག་བསྔལ་འདི་འུ་ཅག་ལ་བསྟན་པར་བྱས
འུ་ཅག་ཚོགས་ཁག་ཅིག་གི་འཁྲབ་སྟོན་པ་ཡིན་ཞེས་བདག་གིས་རྨི་ལམ་ནས་སྨྲས
གཟུགས་མེད་ཀྱི་དྲ་བར་ཚུད་དེ་ཕྱིར་འགྲོ་ཐབས་མེད་དུས་སུ
སྐྱེ་བོ་དང་བུད་མེད་འགའ་ཡིས་གནམ་ས་སྦྲེལ་བྱེད་ལྟ་བུའི་བྲོ་གར་ཁྲབ
མི་རེའི་གདོང་མདངས་སྐག་ཚོས་ཀྱིས་བསྒྱུར་ཏེ་ཧ་ཅང་མཛེས་པར་བྱས་ནའང
ཤ་ཁྲག་འདྲེས་སྦྱོར་གྱི་ཕུང་པོ་ལས་སྒྲེགས་སྐྱུགས་ཀྱི་དྲི་མ་སྣ་ཚོགས་ཁྱབ་འོངས
མུན་ནག་དང་འདྲ་བའི་མ་འོངས་པའི་མཚན་མོ་ཞིག་ལ
འུ་ཅག་ལོ་རྒྱུས་ཀྱི་མི་སྣ་བཞིན་འཛོམས་པར་གསོལ་བ་གདབ་ཚེ
རྣམ་ཤེས་ཀྱང་བྱེ་མའི་ཐང་གི་རྡུལ་ཕྲན་ཇི་བཞིན་འོད་སྣང་ལས་རྒྱང་དུ་གྱེས
དཔལ་འབར་ཁ་ཤས་མེ་རུ་སྦར་ནས་མངོན་སུམ་གྱི་སྣང་བ་བསྲེགས་པར་བྱས་ནའང
དཀའ་ཁག་གི་ལོ་ཟླ་བྲང་ངོས་ཀྱི་སྐྱི་ལྤགས་བཞིན་རང་དང་སྐྱེ་བ་སྔོན་མ་ནས་འགྲོགས་པ་མ་ཡིན་ནམ
འུ་ཅག་གི་རིད་ཟིན་པའི་ཕུང་པོ་དེའི་ཆེད་དུ
གནའ་བོའི་སྦྲ་འདབས་ཀྱི་ལུག་ཁྱུ་དག་རྨི་ལམ་དུ་སླར་འཚོ་ཐུབ་ནའང
གལ་ཏེ་གློ་བུར་དུ་སྒོ་ཁྱིའི་ཟུག་སྐད་ཀྱིས་ང་རང་གཉིད་ལས་བསླངས་ཚེ
དེ་དུས་ཁྱོད་ཀྱི་ཞེ་སྡང་ལས་སྐྱེས་པ་དག་གཞོན་ནུ་མའི་གདོང་གི་འཇམ་མཉེན་བཞིན
གཟུགས་ཅན་གྱི་ལག་དམར་དེར་ཁ་ཉེས་ཙམ་ཡང་གཏང་པར་མི་འགྱུར
རྒྱུ་མཚན་ནི་སྲང་ལམ་ཞིག་གི་སྣེ་མོར་བུད་རྗེས་སླར་ཕྱིར་ལོག་འདོད་པ་སྟེ
གཟུགས་སྒྲ་དྲི་རོ་དང་བྲལ་བའི་ནམ་མཁའ་ཆེན་པོའི་འོག་ཏུ
སྐུ་ངལ་དུབ་ཅིང་ལུས་ཟུངས་རིད་པའི་སྡུག་བསྔལ་འདི་ཁྱེར་བཞིན
སྐྱེ་བ་སྔོན་མ་དང་ད་ལྟ་བ་དང་གཞུག་མ་དག་ལྷུན་དུ་སྡུད་འདོད་པའམ
འཁྲུལ་སྣང་གིས་བསྐྱེད་པའི་ལོ་མ་ལྗང་ཁུ་དག་འཐོར་དུ་འཇུག་པའི་དབང་ཆ་ཅི་ཡང་མེད་པས་སོ
2016_10_17
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།