བླ་མ་ཚངས་དབྱངས་རྒྱ་མཚོ།
སྐྱབས་སུ་མཆི།
བླ་མ་མཁྱེན།
བླ་མ་མཁྱེན་ནོ།།
ཁྱེད་མཚན་ཚངས་དབྱངས་ཐོས་པས།།
ང་ཡི་ལུས་སེམས་སྦྲིད་བྱུང་།།
སྨན་པས་སྙིང་རླུང་རེད་ཟེར།།
བླ་མའི་རྣལ་འབྱོར་བསྒོམས་པས།།
ཆུང་འདྲིས་ཁྱེད་རང་ཕེབས་བྱུང་།།
ཁོ་མོའི་དྲན་པ་འཐོར་སོང་།།
དབང་ཞིག་ཞུ་དགོས་བསམ་ནས།།
དབང་རྟེན་པད་མ་ཕུལ་ཡང་།།
ཁྱེད་ནས་རྡོ་རྗེ་གནང་བྱུང་།།
ལོ་ཆུང་ལོ་ཆུང་མ་ཟེར།།
ཁོ་མོའི་སེམས་པ་ཕྲ་མོ་།།
པད་མའི་ཟེ་ལས་སྙི་སོང་།།
བྱ་རྒྱལ་ཁྱུང་ཆེན་མིན་ཡང་།།
བར་སྣང་གཤོག་རླབས་བྱ་དུས།།
ཕྱེ་མ་ལེབ་དེ་སྐྱིད་སོང་།།
ཆུང་འདྲིས་བྲང་ཁར་གླན་དུས།།
མཚན་མོ་སྐར་མ་དེ་ཚོ།།
ཉིན་མོའི་མིག་གིས་མཐོང་བྱུང་།།
མེ་དེ་གྱེན་ལ་འབར་བྱུང་།།
ཆུ་ཐིགས་མར་མར་ཟགས་སོང་།།
སེམས་པ་སེམས་པར་འདྲེས་བྱུང་།།
བུ་མོ་བུ་མོ་ཟེར་བ།།
འཁོར་བའི་ལྷན་པ་མ་རེད།།
ལས་ཀྱི་ཞགས་པ་ཡིན་སོང་།།
རྨི་ལམ་ནང་གི་ཨ་ཇོས།།
ཞོགས་པར་འོ་ཞིག་སྤྲད་དུས་།།
སྙིང་ལ་མེ་ཏོག་བཞད་སོང་།།
ལས་དབང་བསམ་ནག་མ་རེད།།
བར་སྣང་བར་ཆད་མ་རེད།།
བརྩེ་དུང་སྡུག་བསྔལ་མ་ཡིན།།
སྟོན་ཀའི་ལོ་མ་སེར་པོས།།
ཁྱེད་ཀྱི་སྤྱན་ཟུང་བསྒྲིབས་སོང་།།
ང་ནི་ནང་དུ་ལུས་སོང་།།
དགུན་ཁའི་ཁ་བ་དཀར་པོ།།
ཁྱེད་ཀྱི་མགུར་གླུ་ལོས་ཡིན།།
བདག་སྙིང་རྨ་ཁ་སོས་བྱུང་།།
དཔྱིད་ཀའི་ལྗང་ལོ་ཆུང་ཆུང་།།
ཁྱེད་ཀྱི་སྤྲུལ་སྐུ་འདྲ་བྱུང་།།
ང་ལ་ཕྱག་དབང་གནང་སོང་།།
དབྱར་གྱི་མེ་ཏོག་འཐུས་ནས།།
སྤྲིན་གྱི་ཕོ་ཉར་བསྐུར་ཡོད།།
ཁྱེད་ཀྱི་གདན་ལ་གདིང་རོགས།།
མཆོད་སྒམ་སྟེང་གི་མཆོད་མེས།།
བདག་སེམས་མུན་པ་བཅོམས་སོང་།།
ཆུང་འདྲིས་ཁྱེད་ཞལ་མཇལ་བྱུང་།།
དྲན་གི་དྲན་གི་མི་ཟེར།།
ཁྱེད་ཀྱི་ཞལ་རླངས་དྲོན་མོ།།
ཁོ་མོའི་མཁའ་རླུང་ཡིན་སོང་།།
བྱིས་དུས་རྩེད་མོར་གཡེང་དུས།།
ཁྱེད་ནི་དགོད་སྒྲ་ཡིན་བྱུང་།།
མཚན་མོའི་གཉིད་ཀྱང་བཅགས་སོང་།།
གཞོན་དུས་བརྩེ་དུང་བཙལ་དུས།།
ཁྱེད་ནི་སྙན་ངག་ཡིན་བྱུང་།།
མིག་ཆུའི་སྣག་ཚྭ་རྫོགས་སོང་།།
དར་མའི་ཁྱིམ་ཚང་དེ་ན།།
མ་སྐྱེས་ཨ་ཕའི་ཞལ་རས།།
ཡིད་ལ་ཝ་ལེ་ཝ་ལེ།
རྒན་མོའི་མཐའ་མའི་འཛུམ་མདངས།།
ཁྱེད་ཀྱི་ཕྱོགས་སུ་ཤོར་སོང་།།
འོད་ཀྱི་ལམ་སྣེ་ཟིན་བྱུང་།།
རྣལ་འབྱོར་བླ་མའི་ཕྱི་མིག།
ཁོ་མོའི་སྙིང་གི་མེ་ལོང་།།
འདི་ཕྱི་གཉིས་ཀ་སྐྱིད་བྱུང་།།
སྐྱབས་སུ་མཆི།
བླ་མ་མཁྱེན།
བླ་མ་མཁྱེན་ནོ།།
༢༠༡༦ སྟོན་ཀར།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།