ཡིད་དུ་འོངས་པའི་ཅ་ལག(ཞར་བཀོད་གཉིས་ཡོད)
ཡིད་དུ་འོངས་པའི་ལྭ་རིང
ཝ་མོ་བཞིན་རླུང་གིས་འཁུར
ཡིད་དུ་འོངས་པའི་སིལ་ཏོག་གི་ཁུ་བ
བྱེ་ཟགས་ཀྱི་སྦུ་གུ་ཕྲ་མོས་རྔུབ
ཡིད་དུ་འོངས་པའི་མཚོ་ཁའི་མེ་ཏོག
ཟླ་འོད་ཀྱི་འོ་མ་དཀར་བོར་འདྲེས
ཡིད་དུ་འོངས་པའི་ཚགས་ཤོག་གི་རྒྱབ་ངོས
གྲོང་ཁྱེར་གྱི་དུད་སྦུག་ནག་པོས་བྲིས
ཡིད་དུ་འོངས་པའི་ལང་ཚོ་ཡི་ང་རྒྱལ
སྲིན་པོ་ཡི་པགས་པ་སྲབ་མོས་བཟོས
ཡིད་དུ་འོངས་པའི་ལམ་རིམ་གྱི་ལྗོན་པ
སྙན་ངག་གི་སྐྱེ་བ་ལྔ་བརྒྱས་བཙུགས
2016-11-10
དགུན་གྱི་མེ་ཏོག
མི་ཚོགས་ཀྱི་རྩིག་པའི་གསེང་དུ
གློ་བ་དམར་སེར་གྱི་སྐུད་པ་ཤིན་ཏུ་ཕྲ
མེ་ཏོག་གི་ཁྲུས་ཆུས་ལན་རྒྱུར་སྦངས་པའི་ཀོ་བ་མཉེན་མོས
རི་དྭགས་ཕོ་མོ་ཡུག་གཅིག་ཏུ་འཁྲིད
ཟོར་བའི་དབྱིབས་སུ་ཐོན་པའི
རྒྱུ་མའི་སྔོ་དྲེག་གི་དུད་པ་བར་སྣང་དུ་མཆེད
རླུང་གི་མཆུ་ཏོས་ཀྱང་དེ་གར་ཕུ་བཏབ་ནས
གླང་ཆེན་གྱི་ཤོག་བུའི་འདབ་མ་ཡང་ཡང་སྒུལ
ཕན་ཚུན་ལ་གཏད་པའི་འཛུམ་གྱི་རྩེ་མོས
རྡོ་བའི་གཏིང་གི་རུས་པ་རྙེད
ལས་ཀྱི་རྨིག་པར་འཁྱིལ་བའི་ཝུ་བ་དག་ཀྱང
རྟག་པའི་ཁང་བཟང་དུ་ག་ལེར་བཞད
༡༩-༡༠-༢༠༡༦
མེ་ལྕེའི་ལྗོན་པ།
ལྗོན་པའི་རྩེ་རུ་སྐར་མ་བཏེགས་ཡོད
འོད་སྣང་ཕྲ་ལ་ཕོ་བྲང་གི་སྐྲ་ལོའི་སུལ་དུ་སྐྱེ
ཁྱེད་རང་བགད་ཚེ
ཁྱེད་ཀྱི་རྟ་ཕོ་དང་མཉམ་དུ་འདྲོག་ཀྱང་སྲིད
ནམ་རྒྱུན་ཁྱེད་རང་ཤོག་བུ་ནང་བཞིན་རླུང་བུས་འཁྱེར་ཆོག་པ་ཞིག་རེད
འདོད་པའི་མིག་ནང་གི་བྱན་མའི་ལག་པ་ལྟར
བསྙལ་ན་ཆགས་ཐུབ་པ་ཞིག་རེད
ཁྲུང་ཁྲུང་གི་མགྲིན་པ་བཞིན་སྤྲིན་རུམ་ནས
སྦྲང་ཆར་འཐུང་བྱེད་དུ་སྤྱད་ཆོག་པ་ཞིག་ཀྱང་རེད
མེ་ཏོག་གི་ལྕེ་རྩེས་ཆང་ཕོར་བརྟོལ
ལྕགས་ཐབ་ནང་གི་མེ་དབལ་ཆེ་རུ་ཕྱིན
ཁྱེད་ནི་བྱེ་མའི་ཐང་ཆེན་དུ་སྨྱོས་པའི་གྲོག་མ་ཁེར་རྐྱང་ཞིག་ཀྱང་རེད
༢༠༡༦-༡༡-༢མཚན་མོར།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།