སེམས་ཀྱི་གཡས་གཡོན།
1
མཚན་མོར་རྨིས་པའི་རྨི་ལམ་དེ་དབྱར་གཞུང་གི་ཉིན་མོ་སྟེ།
སྟོད་ཀྱི་གངས་དཀར་རྩེ་རུ་བསྒྲིལ་བའི།
དར་གྱི་ན་བུན་ཐན་ཐུན་འདྲ་བོ།
སུ་ཡི་སྙིང་གཏམ་འཁྱེར་ནས་གང་དུ་ཡལ་སོང་།
ཤུལ་དུ་ལུས་པའི་རེ་སྒུག་དང་འཁྲེང་ཞེན་གྱི་སྙིང་གཏམ།
ལོ་རྒྱུས་ཀྱི་རུམ་ལས་ལྷུང་བའི་གསང་བ་ལྐོག་གྱུར་ཞིག
སེམས་ཀྱི་བུ་ག་རྒྱུ་ནས་ཆུ་ལོག་བཞིན་དྲག་ཏུ་འབབ།
2
ཆར་བ་ཤག་ཤག་བབས་པའི་ཤུལ་གྱི་དྭངས་གཙང་གི་མཁའ་རླུང་ཡང་མོ་ལས།
དབྱར་གྱི་མངལ་དུ་སྦྲུམ་པའི་འབྱུང་ཁམས་ཀྱི་སྐྱེ་འགྲོ་མ་ལུས།
སད་དང་སེར་བ། ཐན་པ་སོགས་ལས་ཐར་བར་སྙམ་པའང་།
རྨི་ལམ་ལ་རྨི་ལམ་ལྟ་བུའི་ངོས་འཛིན་གྱི་ལྷིང་འཇགས་ཤིག
མཚན་ལྗོངས་ཡོངས་སུ་རུབ་ཅིང་སྨག་ཏུ་འཐིམས།
3
ཐེངས་གཅིག་ཡིད་ལ་བཅགས་པའི་སྣང་བ།
སྐད་ཅིག་མཐོང་བའི་མིག་གི་ནོར་འཁྲུལ།
མིག་ལ་མཛེས་ཀྱང་སེམས་ལ་གཟེར་བ།
སྟོང་འདང་རྒྱ་རུ་ཚུད་པའི་སེམས་པ་དམར་ཆུང་།
ལྟིག་ལྟིག་ལྡིང་བའི་ཉམས་ལ་ཤེད་ཅིག་མི་འདུག
4
ཚ་ཚ་འུར་འུར་གྱི་ཙག་སྒྲས་གནམ་ས་འགད་པའི་འདོད་རྔམ་གྱི་མེ་ལྕེ།
གཞན་དབང་ཡོད་ཚད་ཐལ་དང་རྡུལ་དུ་བརླགས་རྗེས།
ཤང་ཤང་གིས་འབབ་པའི་གཙང་བོ་བཞིན།
ཀྱ་ཀྱུ་ཡི་འགྲོས་ཡུན་མེད་ལ།
ཉི་ཟླའི་འཆར་ནུབ་ལྟ་བུའི་ཆོས་ཉིད་ནི་དེ་བས་མེད།
མཐའ་མར་རང་ཉིད་ཀྱི་རིན་ཐང་ནི་གད་སྙིགས་དང་འབག་བཙོག་གི་གྲས་སུ་ཚུད་དེ།
ཟང་ཟིང་གི་གནས་སུ་དབེན་འཇགས་གྱི་འཇིག་རྟེན་གཞན་ཞིག་བཞེངས།
5
མེས་པོ་བཞུད་པའི་བཤུལ་ལམ་རིང་མོ་འཐེན་པའི་ཕྱོགས་སུ།
བགྲོད་པའི་གོམ་ཁ་དེ་ལ་སྟོབས་དང་ཤུགས་ཀྱི་བརྟས་ཀྱང་།
ཨ་མྱེས་ཀྱི་ཤུལ་རྫས་དང་རི་རབ་འདྲ་བའི་གླེག་བམ་གྱི་ལྗིད་ཚད་སེམས་ཀྱི་མི་ཐེག་པས།
སྨོན་པའི་ལམ་དང་སེམས་ཀྱི་ཕ་མཐར་རེ་ཞིག་བརྒལ་མ་ནུས་པར།
དུས་སྲོལ་གྱི་བར་གསེང་དུ་སྒྲིབ་གཉིས་དང་དུག་གསུམ་སྤངས་མཐར།
གཉའ་སྒུར་བའི་དམུས་ལོང་དང་སྒྱིད་པ་ཞ་ཞ་བྱེད་པའི་སྤྲང་བོ་རུ་གྱུར།
6
རི་མགོའི་སྨུག་ལོང་ནི་ཁྲེལ་མེད་ཀྱི་རྣམ་ཤེས་ཚགས་ཡང་ཞིག
མཁའ་རུ་ལྡིང་བའི་རྒོད་པོ་དེ་མངོན་སུམ་གྱི་ཆོས་ཉིད་ཅིག
སེམས་གཡས་པར་བསམ་གཞིག་གི་མཛོད་ཁང་གཉོར།
སེམས་གཡོན་པར་བསམ་གཞིག་གི་གཤོག་པ་ཐོགས།
7
ཕྱི་གསལ་ནང་གསལ་ནི་དྭངས་གཙང་གི་ཚད་གཞི་སྟེ།
གཅལ་དུ་བཀྲམས་པའི་ས་གཞི་ལ།
དགེ་བཅུད་འཛོམས་པའི་ཁྱད་ཆོས་དེ།
མཇའ་ཚོན་གྱི་ས་བོན་ལས་སྨིན་པའི་ལོ་ཏོག་ནི་ཡིན་ག་ལ་སྲིད།
8
གཡས་ཀྱི་བསམ་གཞིག་རྣོ་མོར་བཅིབས་པའི་རིག་པ།
གཡོན་གྱི་ལག་ལེན་མྱུར་མོར་འཁྲིལ་བའི་ཐོག་གློག་གི་འཁྱུག་འགྲོས།
འགྱུ་རྩལ་བྱིངས་སུ་སྡེབ་པའི་གཤོག་ཟུང་ཆ་གཅིག
སེམས་ཀྱི་གངས་དཀར་རྩེ་རུ་ཀེར་ནས་ཡར་ལ་འཕགས་ཚེ།
ཁ་ཕྱོགས་ཀུན་ལ་བསྒྱུར་བའི་ཡང་མོ་རླུང་གི་རང་དབང་།
9
ལོ་ངོ་དུ་མའི་ཡར་སྔོན་དུ་བཀྲེས་པོ་ཞིག་གིས་ཕྲེང་དཔོན་བོར་སོང་ཟེར་བའི་ངག་རྒྱུན་དེ།
ངས་ནམ་ནམ་ཞ་ཞར་རང་གི་སེམས་ཀྱི་རྨ་ཁ་ལྟར་སྲུང་སྟེ།
ངའི་ཡ་ཆུང་གི་འཇིག་རྟེན་ཡོད་ཚད་བོར་གཏོར་བྱུང་ཡང་རུང་།
ངའི་སྤར་མོ་ནང་གི་ཉམ་ཆུང་ངུའི་ཕྲེང་རྡོར་རེ་རེ་མཐོང་ཚེ།
ཕྲེང་དཔོན་དེ་ནི་ད་གཟོད་ངའི་སེམས་ཀྱི་བརྒྱ་དཔོན་ངོ་མ་ཨེ་ཡིན་སྙམ་འོངས།
10
ཁ་སང་དེ་རིང་ཨ་ཕས་དཀྲོལ་བའི་དྲིལ་བུ་དེ་ཐོས་ཚེ།
ངའི་རྣམ་རིག་རྒྱུན་པའི་མིག་ཟུང་ལ་ལྷོད་ཅིག་མི་འདུག
ཨ་མྱེས་ཀྱིས་སྒྲོམ་དུ་བསྡུས་པའི་རལ་གྲི་དེ་མཐོང་འཕྲལ།
རྟ་ཕོ་སྟོང་གི་རྨིག་སྒྲ་དང་མི་ཕོ་འབུམ་གྱི་ཕུགས་སེམས་ཚོར་འོངས།
11
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པའི་བཤད་སྲོལ་ལ་རློམ་ཚེ།
ཆགས་བྲལ་གྱི་སེམས་པ་དེར་ཆོད་སེམས་གྱིས་ཤམ་ཡོད་པར་ཡིད་ཆེས་ཡོད་ཆོག་པར་སྣང་།
འཇིགས་པ་བརྒྱད་ལས་ཐར་བའི་དཔའ་གདེང་རིང་མོ་ཞིག
ཁ་ལས་དགེ་བའི་རླུང་རྟ་བཞིན་ཨ་སྔོན་བང་རིམ་བཅོ་བརྒྱད་ཀྱི་མཚམས་སུ་ཆས།
12
ང་རང་ཁེར་རྐྱང་དུ་འཛམ་གླིང་གི་རྩེ་མོའམ་རི་བོ་ཇོ་མོ་གླང་མའི་ཡང་སྟེང་དུ།
ས་འཛིན་གྱི་མཐའ་ཡས་པ་དང་སྨུག་སྤྲིན་གྱི་ངོ་བོ་བརྟོལ་བའི་མིག་མདངས་ལས།
ནམ་ཡང་གཅུན་སྡོམ་དཀོན་པའི་ནང་སེམས་ཀྱི་གཡས་གཡོན་མཐོང་སོང་།
2016-6-15ཉིན་བྲིས།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།