བདག་གི་འོད་འཆང་ལྷ་མོ།(ཞར་བཀོད་གཅིག་ཡོད)
བོར་བར་དོགས་པས་ཨམ་ཕྲག་ཏུ་བཅུག་དབང་མ་ཆོད་པའི་མཐར
འཕྱར་ཀ་གཏོང་བར་སྐྲག་ནས་དྲན་གདུང་གི་ཁུད་དུ་བསྐུངས
ཟླ་བ་བརྒྱད་ཀྱི་ངང་སྒུག་དང་ལྷན་དུ་བསྐུངས
མིང་ཡིག་གཞན་ཞིག་དང་བསྡེབས་ཏེ་སྙིང་ཆུང་རིལ་བོའི་འོག་ཏུ་བསྐུངས
རྗེས་སུ་རྙེད་སྐབས སླར་ཡང་སྟོར་བར་འཇིགས་ནས
མེ་ལོང་གི་དབུས་སུ་གཟུགས་དབྱིབས་དང་བཅས་པ་བྲིས
འཛུམ་མདངས་ལྷག་མ་ཞིག་ཁ་རུ་བསྣན་ཏེ་བྲིས
གཡར་དམ་གྱི་ཐ་གུས་མགོ་ལས་མཇུག་མ་བར་དུ་བསྡམས
འབྲོག་སྐད་མི་ཤོད་པའི་ཀུ་རེ་དེ་དག་ལའང་ཐམ་ག་བཏབ
དེའི་མཐའ་མར གང་དུ་བྲོས་འགྲོ་བའི་དངངས་པ་བྱུང
ཅི་ཡང་རྙེད་པར་མི་འགྱུར་བའི་ཞེད་སྣང་སྐྱེས
2016 7 22
སེམས་ངལ་བའི་ནང་དུ་ལྟོས་དང་།
གཡས་སུ་ལོག་ཁ་མའི་བྱིའུ་ཚང་ལྟར་གྱི་སྡོད་ཤག
གཡག་ཆད་ཀྱི་གཅིན་པ་བཏང་འདྲའི་ལམ
རྟ་ཕོ་ཁམ་ནག་གི་རྔོག་མ་ལྟ་བུའི་ཆུ
འུ་གཉིས་འཚར་སའི་རྒོད་རྒན་ཐང
བྱིས་དུས་ཀྱི་གོས་ངན་ལྷམ་ངན
གྲོང་བརྡལ་ནང་གི་འཕྲུལ་ཆས་ཀྱི་ཅག་སྒྲ
མཐའ་ཡས་པའི་ནམ་མཁའ་སྔོན་པོ
སྤྲིན་དཀར་ནག་གི་ལྟེབ་མ
ཆུ་ཀླུང་གིས་སྒུལ་བའི་རྩྭ་ལྗང་དུམ་བུ
དེ་དུས་ཀྱི་བདག་ཅག་གི་རྩེད་ར་ཆུང་ངུ
ཕ་ཡུལ་གྱི་རྨིག་པ་ཁ་དབྲག
ངོ་མདངས་འཁྱག་པའི་ནགས་ཚལ
ཡིད་དུ་མི་འོང་བའི་ལས་ཀྱི་རྡེའུ
མགོ་ཐོག་གི་ཚུལ་འཆོས་ཀྱི་ཕོ་བྲང
མདོ་འཛིན་པའི་ཅི་བཤད་ལམ་དུ་མི་ཁྱེར་བ
མེས་པོ་གོང་མའི་འཁྲུལ་སྣང་གི་སྒྲུང
འཁོས་ཞན་གྱི་རྔུལ་ཆུས་གང་བའི་ལྷ་ཆེན་པོའི་ལྟོ་བ
ཚེ་རབས་འབུམ་གྱི་སྐྱོ་གདུང་གི་རྒྱ་མཚོ
མིག་ཆུའི་གཙང་པོའི་ཁ་རུ་འཕྱོ་བའི་གཏམ་རྒྱུད་
ལ་སོགས་པར
རེ་ཐག་ཡོངས་སུ་ཆད་ཅིང་ཀུན་ཏུ་མ་མཐོང་བར་གྱུར་ཚེ
རང་གི་སེམས་ངལ་གྱི་གཏིང་ཁོ་ན་རུ་ག་ལེར་ལྟོས་དང
ངས་ཡི་མུག་གི་རྡོག་ཁྲེས་སྒྱེ་གང་ཁུར་ནས་སྔར་
བཞིན་དེ་རུ་ཡོད
འ་ཆད་འུ་ཐུག་པའི་སང་ལོའང་དེ་རུ་ཡོད
གནམ་རྡིབ་པའི་སྐྱེ་བ་ཐམས་ཅད་དུ་དེ་རུ་ཡོད
2016 7 13
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།