འཆི་བའི་ངོ་གདོང་།(ཞར་བཀོད་གཅིག་ཡོད)
སྐབས་རེར་འཆི་བ་དྲན་པ་ནི་
ཆེས་དངངས་སྐྲག་ཆེ་བའི་སྣང་ཚུལ་ཞིག་རེད་དེ
མི་ཚེ་ཞེས་པའི་ཤོག་ལྷེ་ཞིག་གི་ངོས་སུ་
ལོ་ཟླས་བྲིས་ཤིང་ཚར་ལ་ཉེ་བའི་དུས་ཚོད་ཀྱི་འཁོར་སྟངས་ཙམ།
དེ་བསམ་ན་རང་ཀྱི་ཡོད་ཚད་ཀྱང་
མངོན་དུ་མེད་པའི་གྲིབ་མ་ཞིག་གི་འཆར་ཡུན་ཙམ་ཏེ་
འཇིགས་སྐྲག་གི་སེམས་འཚེར་ལ་ཟད་དུ་མེད་པར་
རང་ཉིད་བོར་བའི་འཚོ་སྟངས་ཙམ་ལས་ཅི་ཡང་མེད།
སྐབས་རེར་འཆི་བ་དྲན་པ་ནི་
ཆེས་མཐའ་མཇུག་གི་བདེ་སྐྱིད་ཀྱི་གནས་མལ་ཅིག་སྟེ་
སྐྱོ་སྡུག་དང་ན་ཟུག་ཡོད་ཚད་རྒྱབ་དུ་བསྐྱུར་ནས་
རང་ཉིད་མཇུག་མཐའི་གནས་མལ་དུ་ལོག་པའི་ལེའུ་ཙམ།
དེ་བསམ་ན་འཆི་བའང་
དགའ་སྐྱོའི་མནར་གཅོད་དང་བྲལ་བའི་འཇིག་རྟེན་འདིའི་
རང་ཉིད་ལ་དབང་བའི་མཛེས་པའི་ལམ་བུ་ཞིག་སྟེ་
དེར་བགྲོད་པ་ནི་རང་ཉིད་ཕྱི་གསལ་ནང་གསལ་དུ་གྲུབ་ཚུལ་ཙམ།
སྐབས་རེར་འཆི་བ་དྲན་པ་ནི་
འཇིགས་སྐྲག་ཅེས་པའི་ཐ་སྙད་ཀྱི་སྟོང་ཞིང་
དགའ་སྐྱོ་ཆགས་སྡང་གི་འཁོར་བ་དང་གྱེས་པའི་
མཐའ་མཇུག་གི་བདེ་སྐྱིད་ཀྱི་ལོག་ཡུལ་ཙམ་སྟེ་སུན་པ་ཅི།
རང་ལ་བྲིས་པའི་སྒྲུང་།
སྒྱུ་མའི་འཇིག་རྟེན་གྱི་མགོ་འཁོར་ཕོ་བྲང་ནས་
སྣང་བ་ལ་བརྒྱུས་པའི་ལང་ཚོའི་མེ་ཏོག་གི་འཇའ་ཚོན་
རེ་དགའ་རེ་སྐྱིད་ཀྱི་རྨི་ལམ་ཟད་པོ་
ཁྱོད་གསོན་ནས་སྡོད་པ་ནི་སུ་ཞིག་འཆི་བའི་སླད་དུ་ཡིན།
ཁ་བ་བབས་པའི་དགུན་གཞུང་གི་གྱང་ཆག་བར་ནས
རྐང་རྗེས་ལ་མིག་ཟུང་ཅེར་བའི་ཨ་བྲའི་ཤི་མིག་
རྨི་ལམ་མམ་འདོད་འདུན་གང་ཞིག་ལ་ཆགས་ནས་འགྲོ།
ཉི་ནུབ་དང་དུས་ཚོད་བརྩི་ཞིང་
སེམས་པའི་ཕྱི་ནང་གི་དབྱངས་རྟ་འགུག་པའི་
ཨ་མའི་གམ་ན་འཚོ་བའི་ལམ་འགྲོ་བ་དབུལ་བོ།
རྨི་ལམ་ལ་གས་ཁ་ཤོར་ཞིང་
ཚིག་ཚོགས་ཀྱི་རྒུམ་བུ་འཐུ་བའི་སྟོན་མཇུག་གི་བྱ་ཕོ་མགོ་དམར་
སུ་ཞིག་གི་རྨི་ལམ་དུ་སྦྲུམ་ཞིང་འབར་ལ་ཉེ་བའི་མེ་སྟག་ཆུང་ཆུང་།
ད་ནི་ཤི་ནས་སླར་ཡང་གསོན་ཞིང་
གཉིད་དུ་ཡུར་བའི་དབུས་ལམ་གྱི་འགྲུལ་བ་སྡོམ་པོ།
ཨ་ཕའི་བྱམས་སྐྱོང་མེད་ཀྱང་
འཇིག་རྟེན་དཀར་ངོགས་ཀྱི་སྒང་ན་
སང་ཉིན་ལ་ད་དུང་རེ་བ་བཅོལ་བའི་རུས་རྐང་ཕྲ་མོ་
མི་ཚེ་ཞེས་པའི་ཐ་སྙད་ཅིག་ཀློག་གྱིན་གང་དུ་ཆས་སམ་
མཐའ་མཇུག་གནས་མལ་དེའང་གང་ནས་བཙལ་དགོས།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།