སྐྱ་ལམ་རིང་མོ།
རྨི་ལམ་གྱི་སྡུག་བསྔལ་མཐའ་དག་བསྲེགས་རྗེས་ཁྱོད་ཀྱིས་ང་རང་མཐོང་ཐབས་བྲལ
ད་ལྟ་ང་རང་ལྐོག་གྱུར་གྱི་ཁྲོད་དུ་བྱིང་ནས་ལག་པ་གཞན་ཞིག་ཕར་བརྐྱངས་ཚེ
ཨ་ཕའི་རེ་འབྲས་ནང་གི་ལུག་ཁྱུ་དག་གཤོག་པ་ཆད་པའི་ངང་མོ་ཇི་བཞིན
ཞི་འཇགས་ཀྱི་རྩྭ་ཐང་ལས་དཀར་བོང་བོང་གིས་ཕྱིར་ཕྱུང་སྟེ
གཞོན་ནུ་མའི་ཚུལ་གྱིས་ཁྱོད་ཀྱི་སྲེད་པ་འཕྱུར་བའི་སྒོ་འགྲམ་དུ་སླེབས
སྐྱ་ལམ་ཞིག་ཏུ་རླུང་འཚུབ་ཀྱིས་མནར་བའི་སྡུག་བསྔལ་བསམ་དུས
མི་རྣམས་ཀྱིས་རང་གི་སྐྱི་ལྤགས་བཤུས་ནས་ང་ཡི་མེས་པོ་གཡོགས་ཚར་འདུག
ང་ཡི་སྐ་རགས་ལ་བརྒྱུས་པའི་གློ་གྲི་དེས་ཚིག་ག་ཁ་ཤས་དུམ་བུར་གཏུབས་ཀྱང
ཁྱོད་ཀྱི་ལག་པའི་ནང་གི་ཆུ་རྡོ་མཁྲེགས་པོ་བཞུ་མ་ནུས
མུན་ནག་དང་འདྲ་བའི་ཨ་མེས་དག་གི་བྲང་ཁོག་སྟོང་པ་ལས
རྦ་རླབས་དྲག་པོ་དང་ལྷན་དུ་འོད་ཀྱི་ཉག་མ་ཕྲ་མོ་ཕྱིར་སྟོན་དུས
ཆེས་ཤིན་ཏུ་ཕྲ་བའི་རྡུལ་ཕྲན་ཞིག་ཏུ་སྤྲུལ་ནས་ཁྱོད་ཀྱིས་རང་ལུས་གབ་པར་བྱེད
བྱེ་མ་རླུང་གིས་བརྡབས་པའི་ཤག་སྒྲ་ལས་སྲང་ལམ་འདིར་ཅི་ཡང་སྟོང་དུས
སྐར་མ་ཁྲི་སྟོང་མང་པོ་དང་འདྲ་བའི་གྱང་ལྡེབས་ངོས་ཀྱི་ལྷ་རིས་དག
སྒེའུ་ཁུང་ལས་ཕྱིར་བསྲེངས་པའི་ཕྱག་ཟུང་དེས་འགྱིག་གི་མེ་ཏོག་རེ་རེ་ལ་བསྒྱུར
ད་ནི་འགན་ཁུར་འགྲུབ་སོང་སྙམ་པའི་སྤོབས་པ་ལྷོད་མེད་ངང
ག་ལེར་ཐག་རིང་གི་མཛའ་མོ་ལ་འོ་ཇ་ཕོར་གང་འདྲེན་པར་རྩོམ
རྒྱ་ཕིབས་ཀྱི་ཡང་རྩེ་ནས་མུན་པ་འོད་སྣང་གིས་བསེད་རྗེས
རྨི་ལམ་ནང་གི་སྐྱ་མི་དེ་མགོ་བོ་སྒུར་བཞིན་ང་ཡི་གམ་དུ་མངོན་མོད
ཁྱོད་ཀྱི་བ་སྤུ་ཁྲོད་སྐྱི་གཡའ་བའི་ཚེར་མ་རེ་རེ་སྐྱེ་ཚུལ་བསམ་དུས
ང་ཡིས་མེ་དཔུང་དབུས་ཀྱི་མི་དག་དམིགས་སུ་དཀར་ནས
གཅིག་པུར་ཙོག་སྟེ་ཞིབ་ལྟ་ཡང་ཡང་བྱེད་དགོས་བྱུང་།
2016. 11. 25
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།