སྣང་བ་རང་སར་གྲོལ་དུས།
ཕྱོགས་བཞིའི་ནགས་ཚལ་མེ་ཡིས་ཚིག་ཀྱང་ཆོག
དུས་མཐའི་སྐྲ་དཀར་འཇག་མ་གཅིག་གིས
ལུ་གུ་དཀར་དཀར་དག་ལ་ལྷས་ར་བསྐོར་ཡོད
སྲོག་མི་གཅོད་པའི་དགེ་ཁྲིམས་ཀྱི་འོག་ཏུ
པགས་རྩག་གྱོན་པའི་གཞོན་ནུ་མས
བག་ཡངས་ཀྱི་རྨི་ལམ་རྩྭ་ཐང་མཐའ་རུ་བསྡུས
ཨ་ཕས་རྐང་མར་གདུས་ནས་གསོ་མྱོང་བའི
ལུ་གུ་དཀར་དཀར་ཤིན་ཏུ་ཤིན་ཏུ་ཆུང་བ་ཞིག
ཉི་འོད་ནུར་བའི་རྒྱབ་རི་ལས་མར་འབབ་བཞིན
ལོ་ངོ་དུ་མའི་སྔོན་གྱི་ཐག་པ་རིང་མོ་སྐེ་ལ་དྲུད་འདུག
ཨ་མ་ལགས་ཀྱི་རྒས་ཤིང་འཁོགས་པའི་ལག་མཐིལ་ནས
ཆུ་བུར་མིག་གིས་མཐོང་བ་དག་ག་ལེར་འཛད་འགྲོ
ས་གཞིའི་ཤུན་ལྤགས་དེ་རང་ཁྱིམ་གྱི་སྦྲ་ནག་དང་འདྲ་བར
ཨ་མའི་སེམས་གཅོང་གི་བར་ནས་ལྷུང་བ་དེས
གདོད་མའི་མཛེས་སྡུག་གི་ལུག་ཁྱུ་གཞན་ཞིག་དྲན་པར་བྱེད
སྒྱུ་མ་མཁན་གྱི་བློ་རིག་ལས་བྱུང་བའི་བདུག་སྤོས་དེ
གྲྭ་བཙུན་ཞིག་གིས་སྣོམ་བཞིན་རིགས་མཐུན་གྱི་ཁྲོད་དུ
ང་དང་ཨ་མའི་བར་གྱི་འབྲེལ་བ་ནི
ནོར་ལུག་གི་རུས་གསེང་དུ་ཐིམ་ཡོད་རབས་གླེང་སོང་།
2017. 6. 22
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།