ལམ་གྱི་སྣེ།(ཁ་བྱང་གཅིག་པའི་སྙན་ངག)
ལམ་གྱི་སྣེ།
དབྱངས།
སྣེ་གཅིག་ལ་ཁྱིམ་དང་བཟའ་མི་བཏགས།
སྣེ་གཅིག་ལ་ཕུགས་དང་འདུན་མ་བཅོལ།
སྣེ་གཅིག་ལ་གངས་དང་ཁ་བ་བབས།
སྣེ་གཅིག་ལ་རྩྭ་ཐང་དང་བྱེ་ཐང་བྲིས།
སྣེ་མོ་གཉིས།
ཆས་ས་དང་ལོག་ས་དེ།
དགོད་ས་དང་ངུ་ས་དེ།
2018/2/10
ལམ་གྱི་སྣེ།
སྨར་བརྩེ་སྨྱོན།
བསྟོད་པ་འབྲུག་སྒྲ་ཇི་བཞིན།
དམོད་མོ་ཆར་པ་ཇི་བཞིན།
ཕྱི་དྲན་བརྙན་རིས་ཇི་བཞིན།
ལོ་རྒྱུས་ཀྱི་རྨ་ཁ་ཡང་ཡང་བསྔོག་དགོས་བྱུང་།
མགོ་ཡི་ལན་བུ་རྒྱབ་ཏུ་དབྱུག་དགོས་བྱུང་།
ལམ་གྱི་སྣེ་ན། ཁ་སང་གི་འོད་དང་དྲོད་ཡོད།
ལམ་གྱི་སྣེ་ན། དེ་རིང་གི་ཁྲག་དང་རྣག་ཡོད།
ལམ་གྱི་སྣེ་ན། སང་ཉིན་གྱི་ངར་དང་ཤུགས་ཡོད།
2018.2.10ཉིན།
ལམ་གྱི་སྣེ།
གཙང་དྲག་ཆར།
ལམ་གྱི་སྣེ་མོར། རྨི་ལམ་དང་ཁ་བས་འཁྲིགས་ཡོད།
ལམ་གྱི་སྣེ་མོར། འཁོར་བ་དང་མྱང་འདས་གྲུབ་ཡོད།
ཚེར་མ་བརྒྱ་ཕྲག་གིས་ལམ་གྱི་སྒལ་གཞུང་སྲུང་ཡོད།
ལམ། བཞུད་མི་ཚར་བའི་མུན་པའི་འོབས་དོང་།
སྣེ་གཅིག་ཏུ་སྐྱེ་བ།
སྣེ་གཅིག་ཏུ་འཆི་བ།
2018/2/13
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།