སྙིང་ལ་མཛའ་བ་དེ།(ཁ་བྱང་གཅིག་པའི་སྙན་ངག)
སྙིང་ལ་མཛའ་བ་དེ།
དབྱངས།
བརྩེ་གྲོགས་ཟེར་བ་ཞིག
སྙིང་དང་གློ་བ་ཉེ་བར་བཅར་ཅིང་།
སེམས་པའི་ཁ་གཏིང་ཆུ་ཤེལ་བཞིན་དྭངས་པ།
ཀྲི་ག་ཆེ་བའི་མིག་ཟུང་དང་།
གཉེན་ཞིང་འཇམ་པའི་མཆུ་སྒྲོས་སྲབ་མོ་ཅན་དེ་རེད།
སྙིང་ཉེ་ལགས།
འཚོ་བའི་ཉི་ནུབ་ཀྱིས་ཁྱེད་ཀྱི་སྐྲ་ལོ་བསྣོགས་ཀྱང་།
ལྡོག་བཞུར་མེད་པའི་ལོ་ཟླའི་རྡུལ་ཕྲན་ལུང་ཤུར་ཕུ་ནས་འཚུབ་ཀྱང་།
སེམས་ཆུང་གིས།
ལྗང་པ་ལྟ་བུའི་བརྩེ་དུང་གི་མེ་ཏོག་དག
ལག་པའི་ཐང་དུ་སྐམ་རྙིད་དུ་མི་འགྲོ་བ་ཞིག
སྙིང་གར་འབུས་པའི་དམ་བཅས་འཆང་གཟུང་བྱོས།
གངས་དང་སྤྲིན་ཕུང་གི་ལྗོངས་སུ།
ཨ་ཅག་དང་ཨ་ཅག་གི་རྒྱབ་གཟུགས་པར་དུ་བླངས་ནས།
སྙིང་ལ་མཛའ་བ་ཁྱོད།
ནམ་ཡང་། ཉི་མ་དང་ཟླ་བའི་བར་ཐག་ཏུ་བཀོད།
༢༠༡༨ལོའི་ཟླ་བ༢པའི་ཚེས༧མཚན་མོ།
སྙིང་ལ་མཛའ་བ་དེ།
སྨར་བརྩེ་སྨྱོན།
སྙིང་ལ་མཛའ་བ་དེ།
ཉི་མས་བདས་མ་ནུས་པའི་སྐར་མ་ཐར་ཐོར་དེ་ཡིན།
གཅིག གཉིས། གསུམ།
སེམས་ཆུང་ངང་ཉི་མའི་ཕྲག་གོང་ན་འཚོ་ཡོད།
ཁ་རོག་གེར་ཉི་མ་རྡོག་འོག་ན་མནན་ཡོད།
སྙིང་ལ་མཛའ་བ་དེ།
ཉི་མས་གདུལ་མི་ནུས་པའི་ཉིན་མོའི་སྐར་མ་དེ་ཡིན།
སྐར་མ་དེ་སྙིང་ལ་མཛའ་བས།
ཨ་ཁུ་ཉི་མ་རྒྱབ་ཏུ་སྐྱུར།
དུས་དེ་ནས།
སྡེ་རྒྱ་གྲོང་གི་མི་ཁ་ཇི་ལྟར་རྩུབ་ཀྱང་།
རྒྱ་ཉི་མའི་ནང་གི་སྐར་མ་ཟེར་ནས་གློ་སྙིང་འབུལ་ངེས།
2018.2.9ཉིན།
སྙིང་ལ་མཛའ་བ་དེ།
གཙང་དྲག་ཆར།
སྐྲ་རྐང་རེ་རེས། ངའི་རྣམ་རྟོག་གི་གདགས་སྲིབ་བརྒལ།
ལམ་ལ་ཆས་དུས་ཁྱོད་ཀྱང་མིག་གིས་རེག་དགོས།
ཁྱོད་ཉིད་དྲན་དུས། ཐ་སྙད་རེ་རེ་ཡང་ནུས་མེད་དུ་གྱུར་འགྲོ
སྙིང་ལ་མཛའ་བ་དེ། མར་ལོ་རེད། ཁ་བ་རེད།
ཕྱི་གསལ་ནང་གསལ་གྱི་བུ་མོ་དེའི་ངོ་གདོང་ཡང་རེད།
ཞལ་དྲོ། སྒོ་དར་དང་རྡེའུ་འབུམ་གསོ་རོགས།
ཞལ་དྲོ། དམ་ཚིག་དང་ཁ་ཆད་ཉོར་ཅིག
2018/3/6
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།