བརྩེ་བརྗོད་མེ་ཏོག(སྙན་ཚོམ)
བརྩེ་བའི་སྒྲུབ་ཕུག
མྱ་ངན་ཞུ་བའི་ཆུ་ཐིགས་དག་ཆག་ཀྲུམ་མཚོན་བྱེད་དུ་འགྲིལ་ཡོང
གཟུགས་མེད་ཀྱི་གཏུབ་གྲིར་ཕྱོགས་ནས་ག་ཙམ་ཕྱིན
མིག་ལམ་ནས་དུས་ཚོད་ཀྱི་རྐང་བ་རྡོ་ལ་ཟུག
ན་ཚོད་དང་མྱོང་བ་སྟོན་པའི་འགྲིལ་ལམ་ཆ་མེད་ཡོད་ཚད
ཁྱོར་བའི་མཐིལ་ནས་ཕྱི་གསལ་ནང་གསལ་དུ་འབབ་སྲིད་དམ
མི་ལོ་དུ་མའི་ནགས་ཚལ་རླུང་གིས་སྐམ་ནས་འགྲོ་བའི
ཉི་ཟེར་གྱི་ཡལ་གའི་རྩེ་ནས་དཔེ་ཁུག་ཏུ་འཁྱིལ་མྱོངས་བའི་ཞོགས་པ
ཚ་གྲང་གི་བྱེའུ ཆགས་སྡང་གི་གཤོག་པ་རེད་དམ
ཁྲག་རིགས་ཤིག་གིས་བཙན་འཁྲིད་དེ་ཇི་འདྲའི་བརླིང་ཞིང་བརྗིད
སྦུབས་རྒྱ་མཁྲེག་པོ་བརྟོལ་བའི་ལྦུ་བའི་མེ་ཏོག་ཆིལ་ཆིལ་མཆེད
སྙིང་ཉེས མིག་ཟུང་ལ་བརྒྱུས་པའི་ཤོག་བྱ་དག་མེ་རུ་སྲེག་གིན
སྲང་ལམ་འདི་ཡི་མཚན་མོ་ལྷེམ་ལྷེམ་དུ་གཡོ་རུ་བཅུག
དྲོད་ལ་སྙེག་པའི་བུད་མེད་ཀྱི་རྨི་ལམ་ལ་ཐབས་ཤེས་མི་འདུག
ཁད་ཀྱིས་བྲིས་པའི་རི་མོའི་ཕྲེང་བ བཙལ་ཡོང་མཁན་དེ་ང་ཚོ་ཁོ་ན་ཡིན་ནམ
མི་ཕྱེད་པའི་སྐད་ཅིག་སྐད་ཅིག་ལམ་དང་བསྡོངས་ནས་དཔྱིད་ཁ་སླེབ
རླུང་བུས་འཁྱེར་ཞིང་ལྗོན་རྩར་བབ་པའི་སྙིང་ཉེའི་སྐྲ་ལོ་དག
ལྟེམས་མེར་འཁྱིལ་བའི་ལྗང་ཏིག་ཏིག་གི་དཔྱིད་ཁར་འགྲེང་འདུག
མ་གཞི་ཁུ་སིམ་སིམ་གྱི་སྒོ་གླེགས་མངོན་སུམ་ལས་ཀྱང་རྒྱང་རིང་བའི
ཁྱོད་ཀྱི་ལག་པ་ཆུང་ཆུང་ཞིག་གིས གཟུཊ་ཡོད་གཟུཊ་མེད་ལ་སེམས་གཏོད་དགོས་བྱུང
སྙིང་ཉེ དགའ་སྐྱོའི་ཀློང་དུ་སེམས་པ་གཉོན་པོ་ཞིག་གིས་མཚམས་སྤྲིན་འབྲི་མ་ཐུབ
འཁྲེང་ཞེན་གྱི་བུ་མོའི་དམར་མདངས་ལ་ཉི་འོད་ཀྱིས་ས་སྲོད་བཅུ་མ་ཐུབ
དེ་ལྟ་ནའང གདུང་བའི་མཆི་མར་མེ་ལྕེ་བརྫིས་པའི་བརྩེ་དུངས་གཤར་ཡོང
མདུན་ཅོག་སྒང་གི་མྱ་ངན་གྱི་རྒྱ་སེའུ་ཇི་བཞིན རྩིག་ངོས་སུ་ཁེར་སྐྱེས་བསྣུབས་ཡོང
འདི་ལྟར་བསམ་ན་ང་ནི་རྨས་ཡང་ཡང་ཕོག་པའི་བྱེའུ་བཞིན
གྱེས་བྲལ་དང་ཞག་ཆར་གྱིས་བལྡགས་པ་དང་འདྲ
དུས་ཆད།
མཚན་མོ ནང་སེམས་སུ་སྲུབས་ཀ་མི་འདུག
འཁྲི་ཤིང་བཞིན་སྐྱེས་པའི་བརྩེ་དུང་གི་པ་ཏྲ
རྒྱུས་མངའ་ཆེ་ཡང་འགྲོལ་ཐུབ་མེད་པའི་ལོངས་སྤྱོད་ཀྱི་རྩ་མདུད
སྔར་ལས་སྐྱུར་ཏེ་འགྲོ་འདོད་སྐྱེས་པས
འོད་ཕྲན་དང་དྲ་ཡོལ ངའི་གོམ་པ་ཉ་རེ་ཉོ་རེ་ལ་ཚ་བ་ཆེན་པོ་རྒྱབ
རྒྱང་རིང་གི་རླངས་པར་རྩེག་པའི་འགྲོ་ལམ
རྐུབ་སྟེགས་སྟོང་པ་དང་རབ་རིབ་ཀྱི་དབང་པོ་སྒོ་ལྔ་ལས་ཅི
ད་ཆ ང་ཡང་མྱོང་བ་ལྗང་ཁུའི་མེ་འཁོར་གྱི་སྒེའུ་ཁུང་དུ་ཡོད
གསོན་ཉམས་མེད་པའི་ལུང་སྟོང་ནི་རྒྱང་རིང་ཕྱོགས་སུ་བསྲིངས་བའི་ལྕགས་ལམ་ཞིག
ཕྱི་ཐག སྐྱེམས་ཆང ཟླ་བ་རྐུ་ལ་ཤོར་བའི་གཏེར་ལེན་ཁའི་ཁོག་སྟོད
ཚ་བ་ཆེན་པོ་རྒྱབ་པའི་མཚན་མོ་ནི་འོད་ཟེར་ལྗང་ཁུ་ཞིག
རི་མོའི་ནང་གི་གཏེར་ལེན་ཁ་སེམས་ཀྱི་གཏིང་རུམ་དུ་སྦས
ཁྲགས་རིགས་ཤིག་གི་བཙན་འཁྲིད་ཉིན་བརྒྱའིི་བར་དུ་སད་མ་བྱུང
གཏེར་ལེན་ཁ སྲོད་ཅིག ཡང་ན་ཐུགས་འཕྲད་ཅིག
མི་སེམས་སུ་ཤར་བའི་སྐར་མ་ཉི་ནུབ་ཀྱི་རི་ལ་འཛེགས
ཆུ་བོ་དལ་མོ་བཞུར་བའི་སྒྲ་དབྱངས ཁ་བའི་ནང་གི་གཏེར་ལེན་ཁ
ཁ་བར་འཁེན་པ།
ཁ་བ གཏམ་རྒྱུད་ལྟར་ན
སྐྱ་ཐིང་ཐིང་གི་ས་རྒོད་ཅིག
ཁ་བ རྟ་མཆོག་སྲབ་མེད་ལྟར་ཉི་འོད་ཀྱི་ཐིགས་པ་གཏོར
ཁ་བ རླུང་ལ་གཡེང་བའི་བྱ་རྒོད་ཀྱི་གཤོག་ཟུང་བརྐྱངས་ནས་འཕུར་འདྲ
གངས་རིའི་འདབས་ཀྱི་མཚན་མོ་འོད་ཀྱི་རླངས་པ་ཁེངས་བའི་འགྲོ་ལམ་དེ
ཡུལ་གྱར་བ་བགྲེས་པོ་ཁྱོད་ཀྱི་ཤ་ཉེ་རེད་དམ
ཀ་ཡེ ལྦ་ཡེ ཤ་ཉེ་ཡིན་ནམ
སྒམ་ཚུལ་སྟོན་པའི་ཉི་འོད་ནི་ཁྱོད་ཀྱི་གཤོག་པར་ཐོགས
ངས་ཁྱོད་ཀྱི་སྙིང་ཁར་སྦྲང་ཆར་གྱི་མེ་ཏོག་གཏད
ང་ནམ་ཡང་ཁྱེད་ཀྱི་ཆེད་དུ་མགྲིན་པ་སྨྲེང་བའི་ཁུ་བྱུག་ཞིག་ཏུ་འགྱུར་བར་མི་འདོད
གངས་རིའི་འདབས་ཀྱི་ཞོགས་པ་གྲངས་མེད
ཕྱོགས་བཞིའི་རྟ་མཆོག་དང་འགྲོགས་ནས་གང་སར་བསྐྱོད་འདོད
སྐྱ་རེངས་འོད་ཀྱིས་ཁེངས་པའི་འགྲོ་ལམ་དེ་ཤ་ཉེ་རེད་དམ
ཀྱེ་ཧུད མ་ཡེ ཤ་ཉེ་ཡིན་ནམ
ཁ་བ ཤ་ཉེ་ཡིན་ནམ
ཡུལ་གྱར་བ་བགྲེས་པོ་ཁྱོད་ཀྱི་ཐུགས་རྒྱུད་ཀྱི་ཁ་བ་ནུབ་རླུང་ལ་འདྲེས་ཏེ་གཡུག
ལྗོན་ཤིང་གི་རྩེན་མོར་གངས་འོག་གི་སྲིད་གཞུང་ཤར
སྙིང་ཉེ། འདི་རུ་དཔྱིད་ཀ་འདུག
རྒྱུན་བུར་བརྒྱུས་འགྲོ་བའི་རྨི་ལམ་གྱི་སྒོ་གླེགས་རྡུང་དུ་ཡོང་བས
མཆི་མའི་གོང་བུ་རུ་ལང་ཚོ་ཤོང་ཐབས་བྲལ
ལག་མཐིལ་ཆུང་ཆེ་ནའང ཁྱོད་ཀྱི་མཛེས་སྡུག་འཐུམ་ཡོང
གཏོལ་མེད་ངང་སྙིང་ཁར་འཛུལ་གྱིན་ཡོད་དམ
འཕྲུལ་སྣང་གིས་མཚན་མོ་གཡོ་བཞིན་འདུག་གམ
བརྩེ་བའི་ཞགས་པ་ལྟར་རྒྱ་ལྕང་གི་སྐྲ་ལོར་འཁྲིལ་ནས་ཡོད་དམ
ཁྱོད་རང་སུ་ཞིག་གི་མཛེས་སྡུག་གི་བཙོན་མར་གྱུར་ནས་ཡོད
གོམས་འདྲིས་མེད་པའི་མཚར་སྡུག་གི་ཕྱི་རོལ་ན་ཉི་ཟླ་འདུག་གམ
ཆར་རྗེས་ཀྱི་ཁྱོང་རང་ནི་མཛེས་སྡུག་གི་ཁ་དོག་ཅི་ཞིག་རེད
མིག་ཟུང་མང་པོའི་འཚོལ་སྙེག་གི་ཀློང་ན་རྒྱུ
རྨི་ལམ་ཇི་བཞིན་འཚེར་སྣང་ཁྲོད་བསྙལ་བའི་ཐ་སྙད་ནད་པར་བཏང
བརྩེ་བའི་སྨུག་ལོང་ཁྲོད ད་དུང་ཅི་ཞིག་ལ་འཕྲད་པར་སྒུག་ཡོད
ཆར་ཞོད ལོ་མ ད་དུང་འཆར་ཡན་གྱིས་བརླན་པའི་གཏན་ཚིགས་མང་པོ
ཚིག་གི་མུན་པའི་སྐར་ཁུང་ནས་བཞིན་གྱི་འོད་མདངས་འཁྱིལ་ཡོང
ལྦུ་བའི་མཚམས་སྤྲིན།
ནུབ་ཁའི་མཚམས་སྤྲིན་ནི་མཆོད་རྐོང་དབུས་ན་ལྷེམ་ལྷེམ་བྱེད
བདུད་རྩིས་བརྟོལ་བའི་ཉི་ནུབ་མཛུབ་རྩེ་ན་མཆོད་ཉེས་འདུག
རོལ་དབྱངས་ཀྱི་རྟེན་གཞི་གང་ཡང་མེད་པ་དེ ཁད་ཀྱིས
ཁད་ཀྱིས་ནམ་མཁའ་དང་གྱེས་ནས་འགྲོ
ཡང་ན ལྦུ་ཆང་བཞིན་བརྩེ་དུང་གི་རྨི་ལམ་བཏང་བྱུང
ཤེལ་ངོས་ཀྱི་ཐིགས་པ་དེ་སུའི་མིག་ཆུ་ཡིན་པ་ནང་བཞིན
ལྦུ་བའི་མེ་ཏོག་རེ་རེའི་ངོས་སུ་ཐང་ཆད་པའི་སྒེའུ་ཁུང་སྐྱ་བོ་ཟགས་ཡོང
ཁད་ཀྱིས་ཤེལ་གྱི་ལྭ་བ་དང་གྱེས་ནས་འགྲོ
མཛུབ་མོས་སྤྲུག་སྤྲུག་གནང་བའི་སྐད་ཅིག་སྐད་ཅིག
ཉི་ཟེར་དང་བསྡོངས་ནས་ཤེལ་གྱི་དམ་བུར་འགྱེལ་དགོས་བྱུང
མི་ཕྱེད་པའི་རིང་ལུཊ།
སླར་ཡང་མི་མངོན་པའི་ཐག་རིང་ནི་རབ་རིབ་ཞིག
རྒྱང་རིང་གི་གཏིང་རིམ་གཏིང་རིམ་ཞིག་གམ
བློས་བསླངས་ཡོད་ཚད་ཀྱིས་དམར་པོ་ལྡེམ་ལྡེམ་གཡོ
འཁོས་ཆུང་བའི་ངོ་སོ་ལྷོག་ལྷོག་ངང་ལམ་གྱི་ཀློང་དུ་འཐིམ
དོན་དངོས་སུ ཡིད་འོང་གི་སྐྱོ་ངལ་ལ་མེ་འཁོར་གྱི་དུང་བརྡ་ཟུག
ངའི མི་ངོ་ཕོག་དཀའ་བའི་ཞེད་སྣང་དེར
བརྟུལ་བཞུགས་སྣ་ཚོགས་འབྱར
ད་དུང་ཅི་མི་སྙམ་པའི་ཟོལ་རྫུ་ཆེ་བའི་ཁྱོད་ཚོ
ངོ་གདོང་བརྒྱུད་ནས་སེམས་ཀྱི་དམྱལ་བར་ལྷུང
དམར་གསོད་དང་སྤུ་གྲི་ལྟ་བུའི་ཕངས་སེམས
བོངས་ཆེ་བའི་སང་ཉིན་གྱི་མཆི་མ་ངའི་མིག་འོག་ནས་བསྐམ་འགྲོ
ལམ་ལ་བལྟས་ཚེ དབྱངས་གསལ་གྱི་རྟོག་བཏགས་མ་ཁོག
གཅོམ་ཆུང་བའི་ཁ་ན་བྲུག་པའི་དེ་རིང་གི་ངལ་གསོ
བག་ཆགས་ཀྱིས་འཚིམ་སྣང་ལ་འཐིམ་དུ་བཅུག
དབྱིབས་དང་ཁ་དོག་ལྟ་བུའི་བཞུར་རྒྱུན
རེ་ཞིག་འཕྲོ་རིམ་འཕྲོར་ནགས་ཚལ་དང་མཚམས་སྤྲིན་དུ་གྱུར
སྤྲིན་པ རྨི་ལམ ཁོ་མོ ཁོ་བོ དུས་ཚོད
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།