དུས་ཚོད་ཀྱིས་གསོན་པའི་གདེང་ནི་ཡལ་བར་གཏོང་།(ཞར་བཀོད་གཉིས་ཡོད)
ལན་རེར་དུས་ཚོད་ག་ལེར་སེམས་ཀྱི་ནགས་ཚལ་ཁྲོད་དུ་ཁ་བ་བཞིན་མར་མར་འབབ།
གྲང་ངར་ནི་ཞེན་ཆགས་དང་འགྱོད་པའི་ལག་པ་རུ་གྱུར་ཡང་ཁ་བ་ཡུན་གྱིས་ཞུ།
གཙང་བོ་ལྷུང་ལྷུང་གིས་བཞུར་ཞིང་རྩྭ་ལྗང་མྱུ་གུ་འབུས་པ་ཡིས་ནགས་ཚལ་ཡང་ལྗང་གུར་འགྱུར།
སྐྱེ་འཇིག་དང་འདུས་བྲལ་གྱི་ངོ་བོ་རླངས་པ་བཞིན་ཡལ་རྗེས་མི་སེམས་ཀྱི་འཇིག་རྟེན་གསལ་ལེར་གྲུབ།
ཡང་སྐབས་ལན་རེར་སྲང་ལམ་གྱི་འུར་ཟིང་དང་སྒྱུ་གར་ལ་ཁ་གཏད་ནས་མི་སེམས་ཀྱི་ལྷིང་འཇགས་དཀྲོགས།
ཡི་གར་འོང་བའི་སེམས་ཀྱི་ལྗང་མདོག་གི་ཚལ་ཚད་མུག་གིས་བསྟིམས་ནས་ཁ་དོག་འགྱུར།
ནགས་ཚལ་གྱི་ལོ་མ་ཤག་སྒྲ་དང་བཅས་ཡིད་ཀྱི་སྲུབས་ཀ་རུ་སྤུངས་པར་བྱས།
བུ་ཡུག་རླུང་འཚུབ་ལྡང་བ་བཞིན་སེམས་སུ་ཡིད་དུ་མི་སྡུག་པའི་གཟུགས་རྣམ་གྱིས་ཁེངས།
སྙིང་རླུང་སྟོད་ལ་འཚང་བའི་དུས་ཚོད་ཀྱི་རྩུབ་གཤིས་ལས་སྣང་བ་ཡན་པའི་གདེང་འབོར་ལ།
ཞེན་བྲལ་ཆུ་མོ་བཞུར་བའི་འཇམ་གཤིས་ལས་ཀྱང་གསོན་འདོད་ཀྱི་སྤར་ཁ་ཕྱེ་མ་ཐུབ།
༢༠༡༨-༤-༡༣
སྙིང་ཉེ། ཁྲུང་ཕོར་ཡར་ལ་ཐེགས་དང་།
གློག་འོད་ཁྲ་ཁྲ་བཞིན་གྱི་འཇིག་རྟེན།
མི་རྟག་སྒྱུ་གར་གྱིས་མྱོས་པ་ལྟ་བུའི་ཟང་ཟིང་གི་གཞིས་ཀ
ཐམས་ཅད་ཞེ་རུ་ལྟེམ་མེར་འཁྱིལ་བ་ལྟར་གཞས་ཤིག་ལོངས་དང་།
ང་ཡི་ཡིད་སྒོ་ཡངས་པོར་ཕྱེ་ནས་གསན་པར་བྱ།
མི་ཚོགས་ཀྱི་རྒྱབ་གཟུགས་ལས་རྙེད་པ་དག་རླུང་ལ་སྐུར་ཅིག
འུ་གཉིས་ནི་ཆར་རྗེས་ཀྱི་ལོ་མ་རྐང་གཉིས་བཞིན་དུ་དྭངས་གསལ་ལེར་གནས་ཆོག
ཁྱོད་རང་ཡི་ཆད་དང་སུན་སྣང་གིས་མནར་ན་ཁྲུང་ཕོར་ཡར་ལ་ཐེགས་དང་།
ང་རང་ཁྱོད་ཀྱི་ཉེ་བ་དང་རིང་བར་གནས་པའི་ཚེ་ཡི་གར་མཁན་དེ་ཡིན་ཆོག
ཞེ་གཉོམ་པོའི་སོ་ཁ་འདུན་མའི་ཤེས་རབ་ལ་བརྡར་ན་ཆོག
ཕ་ཡུལ་དང་རི་ཆུ་ཡི་སྨྲེང་བ་དག་དབྱངས་སུ་བཀུག་ན་ཆོག
འཇིག་རྟེན་འདི་ཆ་ཡོད་བཞིན་ཉེ་བའི་ཆ་མེད་ཀྱི་མུན་པ་སྟུག་པོ།
ཉེ་བའི་གཞི་ལ་ལག་པ་སྲོངས་དང་། མུན་པའི་སྒོ་མོ་ཟླ་སྐར་ལ་གཏད་ཆོག
སྙིང་ཉེ། ཁྲུང་ཕོར་ཡར་ལ་ཐེགས་དང་།
འཇིག་རྟེན་སྣང་བ་ཡི་དཀར་ནག་འདྲེས་མདོ་གཅིག་ཡིན།
༢༠༡༨-༣-༢༨
འཇིག་རྟེན་ལ་སྐྱོ་བའི་གཞས་གཏོང་བར་བྱེད།
འཇིག་རྟེན་ཆུ་དང་ཆར་གྱིས་ནི།།
བདག་གི་རྐང་ལམ་བརླན་མ་གྱུར།།
མུན་པའི་གར་གྱི་སྟངས་སྟབས་ཀྱིས།།
ཡང་བའི་རླུང་བཞིན་ཚུར་ལ་ཉེ།།
ཚུར་གྱི་གཟུགས་ནི་དར་ལྕེ་བཞིན།།
གཡོ་བར་འགྱུར་བའི་དུས་ཀྱང་གདའ།།
རྐང་ལམ་ནང་གི་གྲིབ་གཟུགས་ཀྱིས།།
སྐྱོ་ངལ་ཤུགས་རིང་འཐེན་པ་འདྲ།།
སྨག་ནང་རི་མོ་ཆ་མེད་དག།
རླུང་ལྟར་རྒྱུ་དང་རླུང་ལྟར་ཉེ།།
བདག་གི་བྱང་ལམ་ཕྲ་མོ་ཡང་།།
དཀར་ནག་གཉིས་ཀྱི་གཞི་རུ་གྱུར།།
ཡ་ཆུང་གཟས་སར་བཏགས་པ་ཡི།།
རྟོད་མ་རྐྱང་ངེ་བདེ་གྱུར་ཡང་།།
བདག་གི་སྲིད་པའི་མིག་ནང་དུ།།
སྒྱུ་མའི་གཡོ་གར་འཁྱུག་བཞིན་དུ།།
དགའ་སྡུག་བྱོ་བའི་གཞིས་ཀ་ཡང་།།
ཡི་ཆད་ནང་གི་མི་སྡུག་པ།།
ཡིད་འོང་གླིང་ཕྲན་ལྗང་ནེམ་པ།།
རྒྱང་རིང་ས་ནས་རབ་རིབ་གྱུར།།
བདག་ལ་སྐྱོ་གཞས་སྐྱོར་བ་ཡི།།
སྲོག་ཆགས་ཉེ་བོ་ག་ཙམ་ཡོད།།
༢༠༡༨-༣-༡༧
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།