ཆོས་རྒྱལ་གྱི་སྙན་ངག་ཁག་བརྒྱད།
བོད་ལྗོངས་ཀྱི་ལོ་བདུན།
____Heinrich Haleལ་ཕུལ་བ།
ཧི་མ་ལའི་གངས་ཁྲོད་ལ་ཟུག་པའི་ལྷམ་ཆ་ཐེད་པོ་དེ་གཉིས
ཨེན་ཙམ་མིན་ན་འཇར་དབྱིན་གྱི་དུད་པའི་ཟས་སུ་གྱུར
རྦབ་རྡོ་ལྟར་ཉུལ་བའི་ཡུལ་བྱོལ་ཟེར་བ་ནི
རྐང་བ་རྗེན་པ་འཇོག་པའི་མེ་ལུམས་ཤིག་དང་འདྲ་ཨང
རྒྱང་མཐོང་སྟེགས་བུའི་སྟེང་གི་བྱིས་པ་དེ་ནི་གོ་ལ་ཞིག་ཡིན
མ་རེད ཁོས་གོ་ལ་ཧྲིལ་བོ་གཅིག་རས་རྐྱང་གི་ཁུད་དུ་གཅུད་ཡོད
ཁྱེད་ཀྱིས་ལྷམ་ཆད་དེ་གཉིས་ས་ནས་ཡར་བླངས་མ་ཐག
ལོ་བདུན་ནི་འབར་མདེལ་ཞིག་ལྟར་ལྷ་ས་ལ་ལྷུང
སྐད་ཆ་མ་བཤད་པའི་མི་ལོ་དྲུག
____ འབའ་བ་ཕུན་ཚོགས་དབང་རྒྱལ་ལ་ཕུལ།
འཁྲིག་མའི་མཚམས་ཀྱི་དུས་ཚོད་འཁོར་ལོ
བཀག་སྐྱིལ་ཁང་གི་ཟོག་སྒམ་ནང་ནས་ལོ་བཅོ་བརྒྱད་ལ་འཁོར
རྩ་བ་སྲ་འཁྲེགས་ཀྱི་བཙོན་གྱང་གནའ་གོག་དེའང
དུས་ཚོད་ཀྱིས་དེད་ནས་ཚུར་ཚུར་མིག་སྔུན་ལ་བཅར
གཞི་རྒྱ་ཤིན་ཏུ་ཆུང་བའི་ཁང་མིག་དེ་རུ
སྡུག་བསྔལ་མ་ལུས་པས་འཚང་ཁ་ཤིག་ཤིག་གིས་གཤོག་རུ་བརྐྱངས
ཕྱི་རོལ་ལ་བསྙད་ཆོག་པའི་སྲན་མ་རྡོག་པོ་དེའང
ཁྱེད་ཀྱི་ལྕེ་གཏིང་ནས་ལོ་དྲུག་ལ་སྦས
གློ་བུར་དུ ཁྱེད་ཀྱི་ངག་ལྐུགས ཁ་ཆུ་བཞུར
དེ་ནི་དུས་ཚོད་ཀྱིས་བཞེངས་པའི་རྒྱལ་ཁབ་ཅིག
དུས་ཚོད་ཀྱིས་སླར་ཡང་བསྣུབས་པའི་སྣང་བརྙན་ནོ
གཅེས་ཕྲུག བདེ་བར་གཟིམས་ཤིག
____དམག་འཁྲུག་ཁྲོད་ཀྱི་བྱིས་པ་རྣམས་ལ་ཕུལ་བ།
གཅེས་ཕྲུག བདེ་བར་གཟིམས་ཤིག
ཁྱེད་ཀྱི་རབ་ཏུ་གཙང་བའི་ཕྱག་ཟུང་གིས
སའི་གོ་ལ་མི་ཐེག་པ་ནང་བཞིན
མི་སེམས་ཀྱི་ཟབ་སར་སྐྱེས་པའི་ཞེ་སྡང་གི་རྩད་པ་མི་ཆོད
མུན་པ་ཚེ་གོས་སུ་འཁྲུལ་བའི་མི་དག་གི་མིག་ཟུང་སྔར་ནས་ཞར་བས
ཁྱེད་ཀྱིས་བྱམས་སྙིང་རྗེའི་དཔལ་འབར་བསྒྲོན་ནས་རང་ལམ་གསལ་བར་མཛོད་ཅིག
གཅེས་ཕྲུག བདེ་བར་གཟིམས་ཤིག
ཕར་བལྟས་ཚོད་ཀྱིས་ཅི་ཡང་རྟོགས་པའི་མི་ཆེན་དེ་དག་ནི
སྨྱོ་ཟས་སྨྱོ་ཆུ་བཏུང་བའི་གཅན་གཟན་འགའ་ལས་མ་འདས་པས
ཁྱེད་རང་གསེབ་དྲ་མང་བའི་ནགས་ཚལ་འདི་ནས་གྱེས་རོགས
ནགས་ཚལ་དེའི་ཕ་རོལ་ནི་རླུང་དང་མཁའ་དབུགས་མེད་པའི་ཕྱི་མ་ཡིན་མོད
རང་སེམས་དག་པའི་མི་རྣམས་ཚེ་ཕྱི་མ་ནས་སྐྱིད་ཨང
གཅེས་ཕྲུག བདེ་བར་གཟིམས་ཤིག
མིག་ཟུང་སྒོར་སྒོར་དེ་བཙུམ་རོགས་གནོང་དང
ངའི་སེམས་ཁྲལ་གྱིས་ཤོར་བའི་དངན་ཤུ་རིང་མོས
ཁྱེད་ལ་ཆེས་མཐའ་མའི་བསིལ་བ་སྦྱིན་ཆོག
དོ་དགོང་། ང་ས་མཐའ་ན་ཡོད་པ་འདྲ།
དུད་ཁྱིམ་སྟོང་ཕྲག་གི་སྒེའུ་ཁུང་ལས་ཤོར་བའི་གློག་འོད་ཀྱིས
གར་འགྲོ་མི་ཤེས་པའི་མི་རྣམས་ཀྱི་གདོང་བ་ཇེ་གསལ་དུ་བཏང
དུས་ཚོད་ཀྱི་ཐག་སྣེ་ལ་དཔྱངས་པའི་ཟླ་བ
ཞེན་ཆགས་མེད་པར་རླངས་འཁོར་གྱི་རྗེས་སྙེགས་ནས་ཡོང
དོ་དགོང ང་ས་མཐའ་ན་ཡོད་པ་འདྲ
ལྕུག་ལྕུག་འདར་བའི་སྐར་མས་བྱམས་དང་སྙིང་རྗེའི་ཟོལ་གྱིས
ས་མཐའ་ན་ལྕུག་ལྕུག་འདར་བའི་མི་རྣམས་བསྐྱོོར་ཡོད་པ་འདྲ
རི་རབ་དང་ཆུ་བོ མུན་པའི་གསེབ་ལ་བྲན་པའི་ས་སྲོད་ཀྱི་ལག་པ
སྡོད་མི་ཚུགས་པའི་ཡུལ་གྱར་བ་ཚོའི་ཕྱག་སོར་ལ་འཇུས
བསམ་གཞིག་མེད་པར་ཀེང་རུས་བཞིན་རྒྱུ་བའི་མི་ང་ཚོར
ལུས་སེམས་གཉིས་ཀ་ཁེན་སའི་གནས་ཤིག་གང་ན་ཡོད་ཨང
དོ་དགོང ང་ས་མཐའ་ན་ཡོད་པ་འདྲ
བག་ཆགས་ཀྱི་ཟབ་སར་ཞོགས་པའི་ལུག་ཁྱུ་དང་ཕ་ཡུལ
བག་ཆགས་ཀྱི་ཟབ་སར་གནས་པའི་གནས་ཤིག་ནས་ལུས་སོང་བ་འདྲ
དོ་དགོང ང་རང་ས་མཐའ་ན་ཡོད་པ་འདྲ
ཁ་པར་ནང་གི་བོད་ཡིག་ལས་ངོ་ཤེས་གཅིག་ཀྱང་མེད་པས
ང་རང་ས་མཐའ་ན་ཡོད་པ་འདྲ
ཕ་ཡུལ་བོར་བའི་མི།
ང་རང་ཕ་ཡུལ་གྱི་ལྟེང་ཀར་གནས་ཀྱང
རྒྱང་ཐག་རིང་བའི་ཕ་ཡུལ་གྱིས་ཅི་ཡང་ཚོར་གྱིན་མི་འདུག
མ་རེད ང་ལ་ཕ་ཡུལ་ཟེར་བ་ཞིག་མི་འདུག
ངའི་ཕ་ཡུལ་ནི་ངའི་ནང་སེམས་ཀྱི་རྒྱང་རིང་ཡིན་མོད
རྒྱང་རིང་ཟེར་བའི་གནས་དེ་གང་དུ་ངེས་སམ
ཁྱེད་རང་གནས་སའི་ཡུལ་ལ་ཕ་ཡུལ་ཞུའམ
རུས་ཐལ་གཏོར་སའི་ཡུལ་ལ་ཕ་ཡུལ་ཞུའམ
ཉི་མ་ནུབ་སའི་ཡུལ་ལ་ཕ་ཡུལ་ཞུའམ
ཡང་ན རྟ་ཁྱུ་ཞོགས་པའི་ཡུལ་ལ་ཕ་ཡུལ་ཞུའམ
ཅི་ཡང་ཚོར་གྱིན་མི་འདུག
ཁོག་པ་སྟོང་བའི་གངས་རི་ཤེད་ཀྱིས་ངུས་ན་ཡང
འབྲོག་སྡེ་བོར་བའི་རྟ་ཕོ་ཤུགས་ཀྱིས་འཚེར་ན་ཡང
རྒྱུན་བུའི་སྲབ་མདའ་སྲབ་དཀྱོག་ཉི་མས་འཚིག་ན་ཡང
སྡུག་བསྔལ་ཆང་རག་བཞིན་བཏུང་བའི་མི་ཚོས
ཅི་ཡང་ཚོར་གྱིན་མི་འདུག
ནང་མི་བོར་བའི་སྦྲ་ནག་ཆར་གྱིས་ཟགས་ན་ཡང
སྤྲིན་དང་འདྲེས་པའི་ལུག་ཁྱུ་སྤྲིན་ལ་འདྲེས་ན་ཡང
ཆུ་མིག་དགུ་སྒྲིལ་གྱི་འུར་ཆ་ཕུ་ཐུང་ལས་ལྷུང་ན་ཡང
ནང་སེམས་སྤྲང་ནག་ལ་གྱུར་བའི་མི་ཚོས
ཅི་ཡང་ཚོར་གྱིན་མི་འདུག
བདག་པོ་མེད་པའི་ནོར་ཁྱུ་རྫ་ལ་ཡན་ན་ཡང
སྔོ་ཞིང་ལྗང་བའི་ཕ་ས་ཚལ་བར་གས་ན་ཡང
རུས་པའི་གསེང་ལ་ནག་ཐིག་ཆེ་ཆུང་བབས་ན་ཡང
མུན་པའི་ཀློང་དུ་སྐྱེས་པའི་མི་འདི་ཚོས
ཅི་ཡང་ཚོར་གྱིན་མི་འདུག
མེ་ལོང་།
མེ་ལོང་དུ་ཁྱེད་ཀྱི་གཉོམ་ཆུང་བའི་ངོ་གདོང་ཤར
དེ་ནི་བཞད་སྔ་བའི་མེ་ཏོག་ལྟར་རྙི་ཞིང་ནེམ
ངའི་ལག་པ་མེ་ལོང་གི་རྒྱབ་ཏུ་བརྐྱངས་མོད
མེ་ཏོག་ལ་གཟུགས་མི་འདུག
མེ་ལོང་དུ་ཁྱེད་ཀྱི་དཀྱུས་རིང་བའི་སྨིན་མ་ཤར
དེ་ནི་འཕུར་ཐག་ཆོད་པའི་བྱ་རྒོད་ཅིག་དང་འདྲ
ངའི་ལག་པ་མེ་ལོང་རྒྱབ་ཏུ་བརྐྱངས་མོད
བྱ་རྒོད་ལ་གཟུགས་མི་འདུག
མེ་ལོང་དུ་ཁྱེད་ཀྱི་རྒས་ཤིང་འཁོག་པའི་ངོ་གདོང་ཤར
དེ་ནི་ཆུ་ཡི་གཉེར་མ་དང་འདྲ
ངའི་ལག་པ་མེ་ལོང་རྒྱབ་ཏུ་བསྲིང་མ་ཕོད
དེ་ནི་གཉེར་མ་ཤིག་ཤིག་གི་ཁྱེད་རང་ཕེབས་འགྲོ་བར་དོགས་པས་ཡིན་ནམ
འཚོ་བ།
ཁྱེད་རང་མཚོ་མཐའ་ནས་འགྲེང་སྟེ
ཡིད་དུ་འོང་བའི་ཉི་ནུབ་ལ་སྤྱན་གཟིགས་མཛད་ཀྱང
ཁྱེད་ཀྱི་སྡུག་བསྔལ་འཚང་བའི་མིག་ཟུང་འདིས
ཉི་ནུབ་ཀློང་གི་བྱ་ཁྱུ་མི་མཐོང
བྱ་ཁྱུའི་གཤོག་ཁུད་དུ་བསྡམས་པའི་བརྩེ་དུང་མི་མཐོང
ཁྱེད་རང་གཞས་ལ་བཏུམ་ནས
དོན་ལྔ་སྣོད་དྲུག་སྐྲ་སྐུད་ལ་བརྒྱུས་ཀྱང
ཁྱེད་ཀྱི་འཁྱགས་ལ་འབྱར་བའི་བླ་སྲོག་གིས
དབྱངས་རྟ་རེ་རེའི་གར་སྟབས་མི་ཟིན
གར་སྟབས་ལ་སིམ་པའི་དབྱངས་ཀྱི་སྙིང་བོ་མི་ལོན
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།