སྙན་ངག་པ་ཞིག་ལ་ཕུལ་བ།(ཞར་བཀོད་དགུ་ཡོད)
ཁྱོད་རང་ང་སར་ཡོང་ནས་མེ་ཆ་གཡར།།
ཅི་བྱེད་དྲིས་པས་ཁྱོད་ཀྱི་ར་སྐོར་ནང་།།
སྡུག་བསྔལ་རྩྭ་ལྡུམ་རབ་ཏུ་འཛིང་པ་དེ།།
ང་ཡི་སྙན་ངག་དག་གིས་བསྲེག་གོ་ཟེར།།
ཕྱིར་ཉིན་ཁྱོད་ཀྱི་ཁང་པའི་རྒྱལ་རོལ་ཏུ།།
ཕོ་རོག་ནག་ཆུང་འགའ་ཡིས་ཙག་འགྱུ་བྱེད།།
ང་ཡི་སྙན་ངག་དག་ཀྱང་མེ་རུ་འབར།།
དུ་བའི་ནང་དུ་ཁྱོད་རང་འགྲོ་བ་མཐོང་།།
བླ་བྲང་།
ནམ་སྟོད་རྨི་ལམ་ནང་དུ་འཇམ་དབྱངས་བཞད་པས།།
དབུ་ཞྭ་སེར་པོ་ཞིག་མནབས་རྐང་ཐང་ཕེབས་བྱུང་།།
ཨ་ཁུ་ཡུལ་ལ་ཕེབས་སམ་ལན་གཅིག་ཞུས་པས།།
རི་བོ་དགེ་འཕེལ་མཆོག་ལ་འགྲོའོ་གསུངས་བྱུང་།།
ཨ་ཁུས་ཕྲུག་གཟན་སྣེ་མོ་སྡོག་གིན་ཕེབས་ཐལ།།
མདོ་ཡི་ཚིགས་བཅད་སྐོར་ཞིག་རུམ་ལ་བཅུག་ཐལ།།
སླར་ཡང་སྐུ་ཤམ་ཐུ་བ་བརྫེས་ཀྱིན་ཆས་ཐལ།།
སྔགས་ཀྱི་མན་ངག་འགའ་རེ་ཤུལ་ཏུ་ལུས་ཐལ།།
ནམ་སྨད་རྨི་ལམ་ནང་དུ་ཨ་པ་ཨ་བློས།།
རྟ་རྒོད་རྐྱང་དམར་ཞིག་ཞོན་"པུ་ར"ཁུར་ནས།།
ང་ཡི་ཧྲག་དམག་འདི་ཞེས་ཀི་ལྡིར་བྱས་བྱུང་།།
ཨ་རྒྱ་གང་ལ་འགྲོ་ཞེས་ལན་གཅིག་ཞུས་པས།།
སྔོ་ལ་གཡུ་རྩེ་བསྟོད་དུ་འགྲོའོ་གསུངས་བྱུང་།།
ནམ་ལངས་རྨི་ལམ་ནང་དུ་སེང་གེ་ཞིག་གིས།།
གཡག་ཅིག་ཤི་བའི་རོ་ལ་ལྕེ་ལྡག་བྱེད་སྐབས།།
གློ་བུར་སྟག་ཅིག་མཆོངས་ནས་སེང་གེ་དེ་ཡི།།
རལ་བ་སྔོན་མོའི་ནང་ལ་ཁྲག་ཐིགས་ཙར་བྱུང་།།
ལས་ལ་བསྐོས་པ།
གུས་པ་གཉིད་མ་སད་ཀྱིས་འཁོར་བར་འཁྱམས།།
ལམ་མདོ་ཞིག་ནས་མ་བུ་གཉིས་དང་ཕྲད།།
མ་ཡིས་སྡུག་བསྔལ་མཚོན་བྱེད་མེ་ཁ་གསོ།།
བུ་ཆུང་དལ་ལ་ལ་ངང་རྩེད་རྡོ་སྒྲིག།
ང་ཡིས་གདུང་རུས་དཀར་པོའི་གླིང་བུ་དེ།།
འབུད་ཀྱིན་འབུད་ཀྱིན་འཁོར་བའི་མཐའ་ལ་བལྟས།།
གང་དུ་ལས་ཀྱི་སྤྲུལ་བ་བཤིག་པ་མཐོང་།།
གང་དུ་ཆུ་ནང་ཉི་མ་འབར་བ་མཐོང་།།
དགེ་འདུན་ཆོས་འཕེལ།
མགར་ཁང་སྦུབས་སུ་སྔགས་པས་རལ་བ་སིག།
མེ་དང་ལྕགས་བརྡར་གསེར་ཞུན་ཆུ་བོ་བཞུར།།
ཐང་ག་རྙིང་སོང་ཞིག་སྟེང་རྐང་པ་སྤོས།།
སྨོན་ལམ་ལོག་པའི་ལྷ་འདྲེ་གཡུང་དུ་ཕབས།།
ལྗོངས་སུ་མགོ་བོ་མ་ཤོང་ཁྱབ་འཇུག་གི།
རྐང་པ་གཡར་བྱས་མིའུ་ཐུང་སྤྲང་བཞིན་མྱུལ།།
ལ་མོ་སྣ་ཚོགས་བརྒལ་ཞིང་མེ་ཏོག་འཐུས།།
ཆུ་བོ་ཆེ་ཆུང་རྐྱལ་ཞིང་ཁ་ལག་བཀྲུས།།
མཁའ་འགྲོའི་མོ་མཚན་ནང་ལ་མཛུབ་མོས་དཀྲུགས།
ས་འགྲོའི་ཟླ་མཚན་བདུད་རྩིར་བྱབས་ཁྲུས་བྱས།།
ས་འོག་མནན་པའི་གཡག་གི་སུག་པ་རྙེད།།
ཕོ་བྲང་ཟེ་བར་ཉི་མའི་རྣ་ཆ་བཏགས།།
ཞག་སྨད་ཅིག་ལ་དུང་གི་རྭ་ཅོ་སྐྱེས།།
དགུང་སྲོད་ཅིག་ལ་གསེར་གྱི་བུམ་པ་ཆག།
2016 8 14 ཉིན།
ངས་རྐང་འཇབ་ལག་འཇབ་ཀྱིས་ཁྱོད་འཚོས་ཏེ་ཡོད།
ངས་འཁོར་བའི་ནགས་འདབས་ཕར་བལྟས་པས།།
བྱ་ཁྭ་སྐྱག་མང་པོས་ཁྱི་རོ་བཏོག།
ངའི་སྐྱེ་བ་སྔོན་མའི་ཡུ་མོ་ཁྱོད།།
ཚུལ་དེ་ལ་འདྲོགས་པའི་ངང་ཚུལ་ལྟོས།།
ངས་ཤིང་ཁང་སྐྱ་བོའི་སྒོར་བལྟས་པས།།
ཆུང་བྱིས་པ་མང་པོས་རྩེད་རྡོ་སྒྲིག།
ངའི་སྐྱེ་བ་འདི་ཡི་ཆུང་འདྲིས་མ།།
རའི་གྲུ་ཟུར་ངུ་བའི་ངང་ཚུལ་ལྟོས།།
བཟའ་ཚང་།
བུའུ་ཏཱ་ལིང་གིས་གོ་རེ་བཙོངས་བཙོངས་ནས།།
བསགས་དངུལ་འཁྱེར་ཏེ་རྒན་མོར་ངོ་འཕུར་ཉོས།།
གནམ་འོག་མཛེས་མ་དང་པོ་ཕན་ཅིན་ལེན།།
སྒེའུ་ཁུང་ཕྱེས་ཙམ་ཞི་མིན་ཆིན་ལ་ཐུག།
གལ་ཏེ་བུའུ་སུང་ཁྱིམ་ན་ཡོད་རྒྱུ་ན།།
རྒན་མོ་བཱང་ཚང་ཁྱིམ་མཚེས་མིན་རྒྱུ་ན།།
འཁོར་བ་ཁ་གསོ་རྒྱབ་འགེབ་ཁོ་ནའང་མིན།།
བཟའ་ཚང་སྤྱང་ཀི་ལུ་གུ་རྩེད་པ་འདྲ།།
ཐང་སྟོང་གི་སྐད་འབོད།
དུས་ཚོད་ལོང་པས་ཁྱི་རྒན་སྔོན་པོ་ཁྲིད།།
འཁོར་འདས་གཉིས་པོ་ལྕགས་ཐག་བཞིན་དུ་འཐེན།།
འགྲུལ་པ་གཏོལ་མེད་འགའ་ཡིས་སྐད་འབོད་བྱེད།།
ཐབ་མེ་ལམ་ལམ་འབར་བ་ཅིའི་ཕྱིར་ཨང་།།
འདི་ན་འཁོར་པ་དོ་རུ་བརྩིགས་པའི་གདང་།།
བྱི་བ་མགོ་སེར་མང་པོས་ཟ་བཞིན་མཆིས།།
འདི་ན་དཔའ་རྒོད་གཡུལ་དུ་ཆས་པའི་རྟ།།
སྟོད་ཐག་དྲུད་ནས་རི་ཀླུང་གཤགས་ཏེ་འབྲོ།།
སྡེ་འདབས་ནས་སྐྱག་པ་གཏོང་ཞོར་དྲ་རྩོམ་སྐོར་ཞིག་བཀླགས་པ།
རྩོམ་འགས་འཕྲིན་སྟེགས་བརྩད་ནས་རྡུང་རེས་རྒྱག།
རྩོམ་འགས་དོན་ནོར་བསྟན་ནས་ཁ་མཆུ་སློང་།།
རྩོམ་འགས་ཡིག་ནོར་དྲུད་ནས་གཟུ་བ་བྱེད།།
རྩོམ་སྡེ་འདི་ལ་ཕྱི་གྱོད་ནང་གྱོད་མང་།།
སྙན་ངག་ཚང་གི་ཞི་ལུའི་མགོ་བཅག་པ།།
བརྩམས་སྒྲུང་ཚང་གི་བུ་མོའི་ཆེད་དུ་ཟེར།།
འབོལ་རྩོམ་ཚོ་བའི་ལབ་ཙེ་མེར་བསྲེགས་པ།།
ཆོས་ལུགས་ཤོག་ཁའི་རྟ་ཁྱུ་དེད་པས་ཟེར།།
དེ་ལྟར་སྡེ་འདབས་བརྒྱུད་ནས་སོང་པ་ན།།
བོའུ་སྐད་འགའ་ཡང་རྒྱུན་དུ་ཐོས་པ་དང་།།
དགོན་པའི་བླ་གྲྭ་རེ་ཟུང་དབྱིག་པ་བཟུང་།།
དམར་ལམ་ལམ་དུ་གྱོད་ཀྱི་བཤིག་མ་བྱེད།།
གུས་པ་སྡེ་བ་འདི་དང་འབྲེལ་བ་ཅི།།
གུས་པ་ལུང་པ་འདི་དང་མི་འབྲེལ་ཅི།།
སྡེ་ལམ་ཞོལ་མར་བུད་ནས་ཕྱིར་བལྟས་ཚེ།།
དུ་བ་སྔོན་པོ་འཕྱུར་བའི་རང་ཁྱིམ་མཐོང་།།
འཆར་སྒོའི་དཔེ་འཇོག
འུ་ཚོའི་རྒྱུད་ཀྱི་སྐབས་ཐོག་འཆར་སྒོ་འདི།།
རྟ་ནག་འཕུར་ཤེས་ཤིག་གི་རྔོག་རིང་འདྲ།།
ལ་ཡར་འཐེན་སྐབས་སྤྲིན་ནག་ཁོལ་མ་རེད།།
ལ་ཐུར་ལྷོད་སྐབས་མཚོ་རླབས་གཡོ་བ་རེད།།
འུ་ཚོའི་རྒྱུད་ཀྱི་རྟོག་པའི་འཆར་སྒོ་འདི།།
འདུ་ཁང་དམར་པོ་ཞིག་གི་གཡེར་དྲིལ་འདྲ།།
འཁོར་འདས་རླུང་བུས་བསྒུལ་ཚེ་གཅོང་སྐད་འབྱིན།།
ཆོས་སྐད་ལྷང་ལྷང་གོ་དུས་ལྷ་ཡུལ་འགྲོ།
འུ་ཚོའི་རྒྱུད་ཀྱི་སྣང་བའི་འཆར་སྒོ་འདི།།
ཕར་སྣོལ་ཚུར་སྣོལ་འཁོར་བའི་སྡོམ་རྒྱ་འདྲ།།
བདག་འཛིན་ཐག་པ་སྟོང་ཕྲག་སུ་ཡིས་འཛིན།།
དེ་ལ་ལྕེབས་པའི་དྲང་སྲོང་སུ་ཡིས་བྱེད།།
༢༠༡༨ ༧ ༣༡
སྙན་ངག་གིས་ཚོང་བརྒྱབ་པ།
ང་ཡི་ཁང་ཆུང་ཉི་འོད་འཁྱིལ་བའི།།
མཛོད་ཁང་མི་གཅིག་མི་ཐར་ས་རུ།།
ལྕགས་ཀྱི་སྒམ་ཆུང་ཉི་འོད་འཁྱིལ་བར།།
ང་ཡི་སྙན་ངག་སྐོར་ཞིག་བཙན་ཡོད།།
དེ་ཉིན་ངོ་ཤེས་ངོ་ཤེས་ཤིག་གིས།།
དེ་ཤེས་ཨ་ཁུ་ལོ་ལོ་ཟེར་ནས།།
དངུལ་དཀར་རྟ་རྨིག་མ་འགའ་བཟུང་སྟེ།།
ཚོངས་རོགས་ཟེར་ནས་ཞུ་བ་བྱས་བྱུང་།།
སྤྱིར་བཏང་གུས་པས་ཁོག་རྩིས་བརྒྱབ་ཀྱང་།།
ང་ཡི་སྙན་ངག་གཅིག་གི་གོང་ཚོད།།
འབྲོག་པ་ཞིག་གི་དབྱར་ས་མིན་ན།།
རོང་པ་ཞིག་གི་ལུད་ས་ལོས་ཡིན།།
ཚོང་འདི་མི་རྒྱག་སེམས་ཐག་གོར་མ།།
ཚོང་འདི་རྒྱག་ན་དཀར་བོ་དགེ་བ།།
ཕྱིར་ཉིན་སྲང་ནས་ཐུག་པ་འཐུང་སྐབས།།
སྤྲང་པོ་ཞིག་གིས་ལག་པ་བཟེད་ནས།།
དོང་ཙེ་ཁེར་མ་སྟེར་རོགས་ཞུས་པས།།
ང་ཡིས་དུ་ཤུབས་ཐོག་ཏུ་བྲིས་པའི།།
སྙན་ངག་ཅིག་གིས་སྦྱིན་པ་བཏང་བཞག།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།