སྙན་ངག་ནད་པ།(ཞར་བཀོད་གཉིས་ཡོད)
དུས་ཚོད་ཀྱི་ལག་པས
ལྷིང་འཇགས་ཀྱི་མཚོ་མོའི་ནང་གི་ཟླ་བ་ལེན
མེ་ཏོག་ལྡུམ་རའི་ནང་ནས་ཆང་འཐུངས་རྗེས
སྤྲིན་པ་ཚོམ་བུ་ཚོམ་བུ་བསྐྱུགས
དམ་བུ་ལས་ཕྱིར་འཕྱུར་བའི་ཝུ་བ་ནི
གཡུལ་སར་འཁྱིལ་བའི་དམག་མི་ཞིག་གི་རྣམ་ཤེས་དང་འདྲ
སྙན་ངག་ནད་པ་འདེབས་མཁན་ནི
ཁེར་རྐྱང་གིས་བཏང་བའི་ངའི་བཙོན་གྲོགས་དེ་ཡིན་ནམ
སྙན་ངག་འཁྱག་པ།
ཟང་ཟིང་ཐ་དག་གཏིང་བརྗེད་དུ་གྱུར་རྗེས
རང་ཉིད་རྡོ་འཁྱག་པ་ཞིག་ལྟར་མུན་པའི་རུམ་ལ་ལྷུང
ནམ་ཞིག ངས་སྙན་ངག་ཤིན་ཏུ་ཡག་པ་ཞིག་བྲིས་རྗེས
གཉིད་དུ་ཡུར་བའི་གཙང་བོ་ཞིག་གཉོར་ན་འདོད
མཁའ་དབྱིངས་ནི་ཤེལ་དྭངས་མོ་ཞིག་ལྟར་ཆག་རྗེས
བར་སྣང་དུ་བཀལ་མྱངས་པའི་འཇའ་ཚོན་གྱི་རྡུལ་ཡང་འཇིག་ངེས
2019_1_30
སྙན་ངག་ཚེ་ཟད།
ཉག་ག་དེ་ནས་འབབ་པའི་
ཟླ་བའི་སྐྲ་ལོ་ཟ་ཟི
ཆང་དམར་གྱི་ནང་དུ་རྐྱལ་བའི་ཝ་མོ་ཞིག་ལྟར
ཡང་ན ལྕེ་དང་མཆུ་སྒྲོས་ཀྱིས་འཁྲབ་པའི་གར་ཞིག་དང་འདྲ
སྡོང་རྒན་གྱི་རྩེ་མོ་རུ
སྨིན་ཐག་ཆོད་པའི་ཟླ་བ་ཞིག་ཡོད
དེ་ནི་རུམ་བརྒྱབ་པའི་ཆུང་གྲོགས་ཤིག་དང་འདྲ
2018.12.23
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།