དུས་ཚོད་ཀྱི་མཆུ་སྒྲོས་འཁྱག་པ།
སྙིང་ཉེ།
དགའ་སྐྱོ་ཆགས་སྡང་བླུག་སའི་ཆང་དམ་གས་པོ་དེ་ཡར་ཁྱོགས་དང་།
ཡུན་རིང་དུ་ལུས་པའི་ཡི་མུག་གི་སྟོང་ཆ་རེ་རེར།
མི་སེམས་ཀྱི་གཟུགས་རིས་དག་འཇགས་འགྲོ་བའི་ནད་སྣ་ཚོགས་བླུགས་ཏེ།
འཇིག་རྟེན་འདི་ཁྱེད་ལ་དབང་བར་བྱ།
རང་ཉིད་ཀྱི་བྲང་ཁ་སྟོང་པ་དེ་དང་ཉེ་བར་བཅར་བའི་སེམས་འདུན་ཀྱང་འགྲུབ་པར་བྱ།
ཞེ་གཅོད་པའི་ཚིག་ལ་ཞུན་བརྡར་བྱས།
ངོ་གདོང་འདྲ་མིན་དག་ལ་གུས་ཡོད་ཀྱིས་བད་བཞག་ཀྱང་།
དར་དང་འཁྱག་རོམ་གྱི་སྣང་བ་ཟ་ཟི་ལ།
མེ་འབུད་མཁན་དང་སྒྲུང་འཆད་མཁན་མེད་པས།
གོམ་ཆུང་ལེན་ཤེས་ཀྱིས་མ་བསྒྱེལ་བ་བྱ་རོགས།
མི་སེམས་ཀྱི་ཚོར་བ་ལུད་འགྲོ་བའི་འགོ་སྔ་དག
ཆང་དམ་གས་པོ་འདི་རུ་ཤོང་ཐབས་བྲལ་ཡང་།
མི་ཚོགས་ཀྱི་བམ་ཁ་ལས་མགར་བའི་ནང་སེམས་རློན་པ་འདི་ལ།
དུས་ཚོད་ཀྱིས་གོམ་མཚམས་འཇོག་དགོས་པའི་དུས་ཚོད་ཅིག་བཙལ་ནས།
འུ་གཉིས་ཀྱི་གཞིས་ཀ་མ་སྟོང་ཐབས་ཤིག་བྱ་དགོས།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།