རྨི་ལམ་དང་འབྲེལ་བའི་སྙན་ངག(ཞར་བཀོད་བཞི་ཡོད)
མདང་དགོང་རྨིས་པའི་རྨི་ལམ་དུ
བརྗེད་དུ་ཕངས་བའི་དོན་གཞན་ཅི་ཡང་བྱུང་མ་སོང་ཡང
དེ་རིང་ལག་པ་ཕར་བསྲིངས་དུས
རྡུལ་ཕྲན་རེ་རེའི་སྟེང་གི་སྐྱོ་གདུང་ལའང་རེག་ཐུབ་ཀྱིན་འདུག
ཚུལ་འཆོས་ཀྱི་ཐ་སྙད་ནད་པ་རེས་ཚེགས་ཆུང་ངུས
རང་དང་འབྲེལ་བ་མེད་པའི་མུན་པར་འགྲེལ་ལོག་རེ་བརྒྱབས་རྗེས
རྨི་ལམ་ལའང་གཡོ་འགུལ་མེད་པར་གྱུར
དེ་རིང་གཞི་ནས་གཉིད་དང་འདྲེས་པའི
ངག་ལྐུགས་པའི་རྣམ་ཤེས་ཉིད་སྙན་ངག་དང་ངོ་སྤྲོད་ཐུབ་སོང
ཕན་ཚུན་འཛིན་མི་ནུས་ཀྱང
གཅིག་པུར་སྨྲེང་མི་སྲིད།
2019-8-15
2019 9 30ཉིན་བཅོས།
དཔེ་འཇོག་རྙིང་པ།
ཆོ་ངེས་ཁེངས་པའི་དོང་རིང་འདི་ལ་འཁོར་བ་ཟེར
རྣམ་ཤེས་ཁྲི་ཕྲག་མེ་སྟག་བཞིན་དུ་མཆེད
གདུང་བས་བསྣུབས་པའི་གྲོང་ཚོའི་ནང་ནས་མོ་ནི་ཁོ་དང་བྲལ་རྗེས་སླར་ཡང་གཞན་རྗེས་བསྙེགས
ངེས་བརྟན་མེད་པ་ཚེ་གཅིག་ཙམ་མ་ཡིན་སྐྱེ་བ་མང་པོ་ཟོ་ཆུན་ཁྱུད་མོ་བཞིན།
2019-8-21
ཞེད་སྣང་སྐྱེ་བཞིན་པའི་གླུ
འཕྲུལ་འཁོར་དེ་རྩྭ་ཐག་མེས་ཟིན་པ་ལྟར
ང་དང་ཁོ་ཚོའི་ལུས་སྟེང་ནས་འཁོར
སོ་སོའི་སེམས་ཀྱི་ཟབ་ས་རུ་བསྐུངས་བ་དེ་ཚོའི་སྟེང་ནས་འཁོར
མགོ་མཇུག་དང་སྟེང་འོག་མེད་པར་འཁོར
འཆི་བར་ཐུག་གི་བར་དུ་འཚམ་མི་འཇོག་པ་ཡིན་ནམ
སྒོ་བརྒྱབ་ཟིན་པའི་ཡུལ་གྲུ་འདི་ནས
མཁའ་དབུགས་ནི་བྲེལ་ཚུབ་ཀྱི་གསེང་ནས་མར་ཟགས་བཞིན་པ་དེའོ།།
2018-8-25
མི་མངོན་པའི་གཟུགས།
སྟོང་པར་ལུས་པའི་ལྷིང་འཇགས་ཀྱི་སྲུབས་ཀ
གློ་བུར་བའི་འཇིག་རྟེན
འཇིག་རྟེན་དེའི་མི་རྣམས་ལྭ་བ་མེད་པར་གཅེར་བུར་རྒྱུ
ཁོ་ཚོའི་ངག་ནི་གཡོ་འགུལ་བྲལ་བ་ཞིག་སྟེ
ལོང་བ་ཁོ་ནས་སེམས་ཀྱིས་མྱོང་ཐུབ་ཀྱིན་འདུག
2019-8-27
ཚོར་བ་རིགས་ཤིག
ཡིད་རྟོན་རུང་བའི་གཞིས་ཀ་དེར
འཇམ་མཉེན་གྱི་གཤིས་ཀའི་ངོས་གཞན་ཞིག་གིས
གྱང་ཆག་ལྟ་བུར་ངག་བསྡམས
གློག་འོད་མག་མོག་གི་གནས་སུ
ལུས་པོའི་ནང་དུ་ལྡང་བའི་རླུང་ཆེན་པོ
མ་དག་པའི་སྲེད་པ
ཁ་གཏད་ཀྱི་གྲིབ་མའི་མདོག
དངོས་ཡོད་ཀྱི་སྒྲུང་ནང་དུ་འཁྲིད་མཁན
རྟོག་བཏགས་ཀྱི་ང་ཡིན
དགོན་པའི་ཐད་ཀྱི་ལམ་ཕྲན
ཉི་ཤར་ནས་ཉི་ནུབ་བར་འགྲོ་དགོས་ས་དེ
སྐྱེ་བ་དུ་མར་བཙལ་བ་ཡིན
གཉིད་ཆག་པའི་ཁྲག
རྒྱུན་མཐུད་མཁན་གྱི་ལག་པས
མུན་པར་བསྙབས
ཉོབ་ཐིབས་སེ་བའི་རྣམ་ཤེས
ཞོགས་པའི་དྭངས་གཙང་གི་ཁྲོན་པའི་ནང་དུ་འཕངས
ཡར་འདོན་དུས་མཚན་མོ་སླེབས་འདུག
2019-8-29
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།