ཐུག་འཕྲད་མ་བྱུང་བའི་སྙིང་ཉེ།

ཁམས་པ་རབ་དབྱངས།(རྫ་སྟོད) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-01-20
གཉིད་མི་ཁུག་པའི་མཚན་མོ་རེ་རེར།
བདག་གི་ཡིད་སེམས་དང་སྲོད་ཀྱི་སྐྱོ་གཏམ་གཉིས།
བརྩེ་འདང་གི་བརླན་པའི་ཁྱེད་ཀྱི་མཁུར་གོང་ན་མེ་ཏོག་བཞིན་འཛུམ་འདུག
སུ་ལའང་མ་བཤད་རོགས།
ཐུག་འཕྲད་མ་བྱུང་བའི་སྙིང་ཉེ།

ཐུག་འཕྲད་མ་བྱུང་བའི་སྙིང་ཉེ།  
རོགས་མེད་པའི་མཚན་མོ་འདིར།
ངས་བརྩེ་གདུང་དང་འཁྲེང་ཞེན་གླེང་བར་མི་བྱ།
སེམས་སྡུག་དང་སྡུག་ཡུས་དྲན་འོང་།
རི་རབ་དང་ཁྱིམ་གཞིས་གླེང་བར་མི་བྱ།
འདས་ཟིན་པའི་མ་འོངས་པའི་མཚན་མོ་དང་ད་ལྟའི་རྒྱང་རིང་དྲན་འོང་།
ད་ནི། ཐུག་འཕྲད་མ་བྱུང་བའི་སྙིང་ཉེ་དྲན་པར་བྱེད།

སེམས་འགྱུ་ལྷང་ལྷང་ཁྲོད་ནས།
ཡང་ན། ཉི་ནུབ་ཀྱི་ཁ་བ་ཟིམ་ཟིམ་ཁྲོད་ནས།
ཁ་བ་ལས་དཀར་བའི་མི་ཞིག་སེམས་སུ་ཡང་ཡང་འཁྲིད།
སྲོད་ཀྱི་ཡུལ་ལྗོངས་ཀྱི་མཛེས་སྡུག་ཚང་མ་ཁ་བས་ཁེབས་ཡོད་པ་མཐོང་།
ཁ་བ་དེའི་གསེབ་ནས་ཁྱེད་ཉིད་ཐིམས་ཡོད་པ་མཐོང་།
ཐུག་འཕྲད་མ་བྱུང་བའི་སྙིང་ཉེ།
འགྲོ་ཞོར་དྭངས་གཙང་གི་ཁ་བ་རེ་མཐོང་རྗེས།
སེམས་པ་འདི་དཀར་ལིང་ངེར་གྱུར།

འཇམ་ཐིང་ཐིང་གི་སྟོན་མཇུག་གི་གནས་ལམ་རེ་དང་འཁྱག་སང་སང་གི་དགུན་གཞུང་རིང་མོར།  
ངས་ཁྱེད་ཀྱིས་བཤད་པའི་ཁ་སང་གི་སྲོད་ཀྱི་སྐྱོ་གཏམ་ཉན་བཞིན་སྙན་ངག་བྲིས།

ངའི་མི་ཚེ་དང་ཞེ་འདང་ཁུར་བའི་སྙིང་སྡུག
ང་རང་ཁྱེད་ཀྱི་སྤྱན་རས་ཀྱི་ངོས་སུ་འཆར་ཏེ་བར་ཐག་གི་འཁྲིས་སུ་འཚོ།
ང་རང་ཁྱེད་ཀྱི་ལམ་ཕྱོགས་སུ་ཞུགས་ཏེ་ཁྱེད་རང་གི་མ་འོངས་པའི་འབྱུང་འགྱུར་བོས།
ས་འཁྱག་རླུང་འཁྱག་གི་བར་ན་ཁྱེད་ཀྱི་ལང་ཚོ་ཉིན་རེ་བཞིན་ཟད་སོང་།  
ལས་སྐལ་གྱི་མཇུག་འབྲས་རེ་རེ་ན།
ཁྱེད་ཀྱི་མིང་ཡིག་གསེར་རིས་བཞིན་བརྐོས་ཡོད།

སྨག་ནག་གི་གྲིབ་མ་ནས།
སྲོད་ཀྱི་སྐྱོ་གཏམ་ཞིག་བཞུར་སོང་།
དེ་ནི་རང་དབང་མེད་པར་བདག་གི་སེམས་སུ་འཁྱིལ།
ཚེ་མཇུག་གི་ལས་སྐལ་དྲན་ནས་ཡོང་།
སྙིང་ཉེ་བའི་ལང་ཚོའི་རྒས་གཉེར་དྲན་ནས་ཡོང་།  
ང་ཡིས་ཁྱོད་རང་དྲན་ནས།
གནམ་མཐའ་ལ་ཡང་ཡང་བལྟས།
སྤྲིན་ནག་གི་བང་རིམ་འཁྲིགས་འདུག
མཚན་བཞུད་ཀྱི་འུར་ཆ་མང་འདུག
ཐུག་འཕྲད་མ་བྱུང་བའི་སྙིང་ཉེ་བའི་ལས་འཕྲོ།
ཁྱེད་རང་གང་ན་ཡོད།    ཁྱེད་རང་གང་ན་ཡོད།

ཐུག་འཕྲད་མ་བྱུང་བའི་སྙིང་ཉེ་བའི་ལས་འཕྲོ།
ང་རང་སྨག་གི་གྲིབ་མ་ན་ཡོད།
སྨག་གི་གྲིབ་མ་ནས་ཁྱེད་ལ་མཚན་བདེ་ལེགས་ཞུ།

ཡིད་ངོས་སུ་ལྷོད་ཀྱི་བཞུར་བའི་མིག་ཆུ་ཡི་གཙང་བོ།
བདག་གི་དགའ་སྐྱོ་ཁྱེར་ནས་བཞུར་རོགས།
ཡུན་རིང་མ་ཐུག་པའི་སྡུག་ཡུས་ཁྱེར་ནས་བཞུར་རོགས།
ང་ཡི་ཁེར་རྐྱང་གི་ལུས་སེམས་འདིས་ཅི་བྱ།
མཐར་དེད་ན་ང་ལ་སྡུག་ཡུས་ཀྱི་བརྩེ་བའི་སྙན་ངག་ལས་མེད།

ཉི་རྒས་ཀྱི་གྲིབ་སོ་ལྟ་བུའི་ཚིག་འབྲུ་རེ་རེས།
ལས་དབང་གི་སྨྲེང་སྐྱོ་མཐའ་དག་གླེང་ཐུབ།
དབུགས་རིང་ཤུགས་ཀྱི་ལྡང་བའི་ཚིག་གི་སྐྱོ་གཏམ་རེ་རེས།
རྨི་ལམ་གྱི་བཞུར་རྒྱུན་རིང་བའི་མཚན་མོ་གླེང་ཐུབ།
ཡིན་ནའང་། ང་ལ་དེ་ལྟ་བུའི་མཚན་མོ་མི་འདུག

རླུང་གིས་སྐྲ་ལོ་སྒུལ་ཏེ།
སྐྲ་ལོའི་མིག་ཟུང་སྒུལ་ཏེ།
ལྷིང་འཇགས་ཀྱི་ནམ་གུང་ཞིག་ལ།
ཟླ་འོད་ཀྱིས་ཁ་གྲགས་མ་བྱུང་།
ངས་ཁྱེད་རང་དྲན་ཏེ།
སྒེའུ་ཁུང་གི་དྲ་ཡོལ་ཕྱེ།
མིག་ཟུང་ཅི་ལྟར་བགྲད་ནའང་།
སེམ་ལ་བྱིལ་བྱིལ་བཏང་སོང་།
ཉི་མའི་མིག་ཆུས་བརྡུངས་པའི་གླུ་ཞིག་ལེན་ན་འདོད་སོང་།  

སེམས་ཚུར་འཁོར་རོགས།
ཐུག་འཕྲད་མ་བྱུང་བའི་སྙིང་ཉེ།
ཉི་མ་ནུབ་ཁའི་གྱེས་གདུང་རེད།
དུས་ཚོད་ཐུང་ངུ་འདི་ཉིན་ཅིག་ཡིན་ན།
བདག་གི་སྐྱོ་དྲགས་པའི་གདུང་བ་དག
ཅི་ཞིག་ལ་ལེ་མདའ་བྱེད།
ང་ལ་སྐྱིད་སྣང་གི་ཉམས་མི་འདུག  
སྙན་ངག་གི་ལ་གཞས་འཁྱག་པས་བསྡམས་ཡང་།
 ཐུག་འཕྲད་མ་བྱུང་བའི་སྙིང་ཉེ།
གདུང་བ་ཡོད་ཚད་གཅིག་ཏུ་སྤུངས་ཏེ་ཁྱོད་ལ་བལྟས་ཡོད།

ང་རང་གླིང་གར་ཕྱིན་པའི་དུས།
སྡོང་ལོ་འཕུར་བའི་ཉམས་སྣང་མཐོང་།
ག་ཤེད་ནས་ལྡང་བའི་རླུང་བུ་དེའི།
སེམས་ཀྱི་སྐྱོ་སྣང་སྒུལ་ཏེ་སོང་།
འདབ་མ་ཕྱོགས་ཅིག་འཐོར་རྗེས།
སྟོན་རླུང་གི་དུས་ཚོད་ཕྱེད་ཅིག་ཐོན་སོང་།
གླིང་གར་སྒུལ་ནུས་པའི་གཙང་པོའི་གཞས་ཆུང་རེ་རེ།
དུས་ཚོད་ཀྱི་ཐག་སྒྲ་ཀློང་ནས་ཁྱེད་ལ་ཕུལ་འདོད།

སྙིང་ཉེ། ས་སྲོད་དེར།
ཁྱེད་རང་མཛེས་སྡུག་ངང་།
ཚུར་འོང་གི་འདུག  
སྐྲ་ལོ་དང་དང་ཉམས་སྣང་གི་མཛེས་སྡུག་ངང་།
མིག་ཟུང་འཕྲོག་ནས་ཁྱེད་རང་ཚུར་འོང་གི་འདུག  
གཙང་པོ་བརྒལ་ནས་འོང་གིན་འདུག
སྤང་གཞུང་མཚམས་ནས་མེ་ཏོག་འཐུ་ཞོར་འོང་གིན་འདུག  
སེམས་ཀྱི་སྟངས་ཀ་ངོམ་ནས་ཁྱེད་རང་ངོ་མ་ཚུར་འོང་གིན་འདུག

སེམས་སྨྲེང་བྱེད་ནི་སྲོད་ཀྱི་གྲིབ་གཟུགས་མ་ཡིན།
བར་ཐག་གི་དབྱངས་སུ་ཐིམ་པའི་བརྩེ་དུང་གི་རོལ་སྐུད་ཆུང་ངུ་དེ་ཡིན།
དེ་བས།
ཞེ་འདང་ཁྱོད་དང་བར་ཐག་ཉེ།
ལས་འཕྲོ་ཁྱེད་དང་བར་ཐག་ཉེ།
ཁྱེད་ཉིད་ང་སར་ལ་ལུང་བརྒལ་ནས་འོང་གི་འདུག་ཅིང་།
ཁྱེད་ལ་མིག་ཆུ་བཞུར་རྒྱུན་མི་འདུག    
སྐྱོ་སྣང་གི་ངུ་འབོད་མི་འདུག

ཐུག་འཕྲད་མ་བྱུང་བའི་སྙིང་ཉེ།
ང་ལ་དུས་ཚོད་ཀྱི་བར་སྟོང་གི་ཆོ་འཕྲུལ་ཅི་ཙམ་མང་ནའང་།
ང་ནི་ཁྱེད་དང་ལྷན་དུ་དལ་ཅག་གེ་འདུག་ན་འདོད་སོང་།
སྐར་ཚོགས་ལ་མིག་ཟུང་བཅེར་ནས་ཞེ་འཁྲིས་སུ་ཁྱེད་ཉིད་ཡོད་པར་བསྒོམ་ཡོད།
མི་ཚོགས་ཀྱི་ཁ་ཁྲེལ་ཞེ་ཁྲེལ་ཅི་ཙམ་མང་ནའང་།  
ངས་ཉི་ནུབ་ཀྱི་རེ་སྨོན་བཅོལ་ནས།
ཁྱེད་ལྟ་བུའི་ཐུག་འཕྲད་མ་བྱུང་བའི་སྙིང་ཉེ་ཞིག་ལ་འཕྲད་པར་རེ།
 
རྩོམ་སྒྲིག་པ། གངས་དགའ།
  
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐུག་འཕྲད་མ་བྱུང་བའི་སྙིང་ཉེ།

2020-01-20 ཁམས་པ་རབ་དབྱངས།(རྫ་སྟོད) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།