《ཁེར་རྐྱང》སོགས་སྙན་ངག་ཚན་པ་དགུ།
ང་རང་གཉིད་ལས་སད་སྐབས
ང་བསྡད་ཡོད་སའི་ཡུལ་གྲུ་འདིའི་གཟུགས་བརྙན་འཁྱག་པ་ཆགས་འདུག
བར་སྣང་ན་གཡེང་བའི་རྒྱུ་སྐར་ཞིག་ལ་ལྟ་སྐབས
ང་རང་དར་ཅིག་ལ་ས་ངོས་ནས་ཡར་འཕགས་བྱུང
དུས་དེར ངས་ནི་རང་ཉིད་རྒྱུ་སྐར་གང་ལ་གཏོགས་པར་བསམ་བློ་གཏོང་དགོས་བྱུང
སྟོང་ཁམས་འདིར་ལྷུང་བའི་རུས་པ་དག་གིས་རླུང་པོར་རྡེག
མི་ནི་ཅི་འདྲའི་ཁེར་རྐྱང་ཞིག་རེད་ཨང་།
2019.11.7
ལྡོག་གཟུགས།
འཁྲུལ་སྣང་གི་ཚ་བ་རྒྱས་པའི་དུས་སྐབས་ཤིག་ལ
གསང་བ་གང་ཞིག་གིས་ཁེགས་པའི་མིད་པ་ལས
རྣམ་ཤེས་ཀྱི་དམར་དྲི་ཞིག་ཚོར་ཡོང
དུས་ཚོད་གང་རུང་ཞིག་ཏུ
ང་དང་སྡེབ་པའི་མི་འདི་དག
རྟོག་བཏགས་ཀྱི་རྒྱང་རིང་ནས་ཕྱིར་ལོག་སྲིད
གདོད་ནས་གྲུབ་ཚར་བའམ
གཞི་ནས་གྲུབ་མ་མྱོང་བ་གང་ཞིག་གི་མདུན་དུ
ང་ཚོས་གོམ་པ་འགའ་སྤོས་ཏེ
ང་ཚོས་སོ་སོའི་གདོང་ལ་བལྟས་ནས་དགོད་ཀྱིན
སྔོན་ཆད་ཀྱི་དྲན་པ་བཙན་གྱིས་བརྗེད་དུ་བཅུག
ང་ཚོས་སོ་སོའི་མིང་བརྗེས
མ་འོངས་པའི་ང་ཚོ་ཡང་སོ་སོའི་རྣམ་ཤེས་ཀྱི་རྒྱུན་ལས་བསུབ་ནས
ང་ཚོ་སོ་སོའི་སར་གྱེས
ད་ལྟ་བའི་བདེ་སྣང་ནི་དུས་ཚོད་ཀྱི་འཆིང་བ་ལས་གྲོལ་བ་ལྟ་བུ་ཞིག་ཡིན་སྲིད་དམ
ང་ཚོ་སྙིང་པོའི་སྟོང་བ་དེ་དག་ལས་ཕྱིར་བུད་དུས
ངག་ལྐུགས་པར་གྱུར
ང་རང་ཚོས་ངག་ལྐུགས་པའི་རྣམ་པར་ཧ་ལས་པའི་ཉམས་ཅི་ཡང་མ་བསྟན
དུས་ཚོད་ཀྱིས་ཀྱང་བདེན་དཔང་བྱེད་མི་ཐུབ་པས
ང་ཚོས་སུ་ལ“ང་ཕྱིར་སླེབས་ཡོད”ཅེས་བཤད་སྲིད
དོན་མེད་པའི་ལས་མང་པོར་གཡེང་ནས་བསྡད་ཀྱང
རྣམ་ཤེས་ཀྱི་ངལ་དུབ་ཇེ་ཆུང་དུ་མ་སོང་བས
སྤྱོད་ལམ་ཞི་དུལ་ངང་རྔུབ་པའི་དབུགས་རྒྱུན་དུ་མ་འོངས་པ་འདེགས་པའི་ཤེད་རྒྱས
འཚོ་བའི་ཁྲོད་ཀྱི་བག་མེད་པའི་དུས་སྐབས་རེར
འདས་པ་དང་མ་འོངས་པར་བཀྱེད
བརྗེད་ངེས་དང་རྨི་ལམ་ལ་བཀྱེད
རྡོ་འཁྱགས་པ་ད་ལྟ་བའི་ཁོག་པའི་ནང་གི་ལྗོན་པར་ཁེན་ནས་གཉིད
ཁ་སང་དང་དེ་རིང་གཉིས་བསྣོལ་མཚམས་ཀྱི་ཆུ་ཚོད་འཁོར་བའི་ཐག་སྒྲ
ཁེར་རྐྱང་མཐོངས་ཡངས་པ
དོན་མེད་པའི་ལས་ཡིད་དུ་མི་འོང་བ་དག་གིས་དྲུད་འོངས་པ་ལྟ་བའི་དུས་ཚོད
མི་རེའི་ཁྲག་རྒྱུན་དང་འདྲེས་ནས་མི་མངོན་པར་ཟགས
ཤུལ་དུ་ལུས་པ་ནི་མཁའ་དབུགས་མེད་པའི་ཡུལ་ལྗོངས་གྱོང་བོ་ཞིག
འཚོ་བའི་རྒྱུན་མཐུད་དེ་འཆི་བར་བཅར
བལྟས་ཚོད་ལ་དོན་དག་གང་ཡང་བྱུང་མ་སོང་བ་འདྲ
ཉིན་འགའ་ལ་ལུས་ངག་བསྡམས་ནས་བསྡད་པས
རྣམ་རིག་ཇེ་དྭངས་སུ་སོང་སྟེ
ཚེའི་འདུ་བྱེད་བཏང་བའི་རྒྱུས་ཡོད་མེད་ཀྱི་མི་དག་དྲན་ཡོང
ཁོ་ཚོའི་ནང་དུ་དྲན་མེད་བརྒྱལ་ཏེ་སླར་མ་སོས་པ་ཡང་ཡོད
ཁོ་ཚོས་རླུང་དང་ལག་རྡང་སྦྲེལ་ནས་ཕུང་པོ་གཟུགས་སུ་མི་སྣང་བར་བྱས
ཁོ་ཚོས་ཁོ་ཚོའི་མ་འོང་པ་གླེང་སྐབས་དགའ་བྲོད་ཀྱིས་སྨྲ་བའང་མཚམས་ཆད
མཚམས་རེར་འཆི་བའང་དུས་ནམ་ཞིག་གི་ཚེ་སླེབས་སྲིད་ཅེས་གླེང
“སང་ཕོད་ད་ཚུན་གྱི་བར་དུ་སྡོད་པའི་གདེང་སུ་ལ་ཡོད” ཅེས་མི་སྨྲ
ཞེད་སྣང་བསྐྱེད་པའི་གཏམ་དེའི་རིགས་དེ་མུར་མཚམས་བཞག
ཁྱེད་ཀྱི་སྒོ་དྲུང་དུ།
བདག་ནི་ཁྱེད་ཕྱིར་དཔྱིད་ཀས་བོར་བའི་ཡུལ་དུ་ཕྱིན།།
རྡོ་གསེག་བྱེ་མ་དག་ཀྱང་མེ་ཏོག་ཆར་ལྟར་མྱངས།།
རྩིག་པ་འདི་ཡི་ཕག་ཏུ་ཁྱེད་ཉིད་བཞུགས་ཡོད་སྙམ།།
སྲང་ལ་ཉུལ་ཏེ་ཁྱིམ་དུ་མ་ལོག་ཡིན་ཡང་སྲིད།།
ལམ་གྱི་ཐལ་འཚུབ་གྱོན་པའི་བདག་ནི་དུས་ནམ་ཞིག།
ཁྱེད་ཀྱིས་སྒོ་མོ་འབྱེད་ཞོར་བདག་ཕྱོགས་གཟིགས་པ་འམ།།
ཡང་ན་ཕྱི་ནས་ཁྱིམ་དུ་ལོག་སྐབས་བདག་མཐོང་ན།།
ཁྱེད་ཀྱི་གཟུགས་སྐུའི་མདུན་དུ་ལན་གཅིག་བཅར་ཕོད་དམ།།
བདག་ལ་དུས་དེ་དབྱར་ཁ་ཡིན་པའི་སྣང་བ་སྐྱེས།།
ཁྱེད་རང་བདག་གི་ཕྱོགས་ཀྱི་ལམ་དུ་འབྱོན་པའི་ཚེ།།
རྡུལ་གྱིས་རྐང་པ་ཉེས་དོགས་བདག་གིས་ཉིན་མོའི་དུས།།
ཁྱེད་ཀྱི་སྒོ་འགྲམ་མེ་ཏོག་བཀྲམ་སྟེ་མཚན་མོར་བསྲུངས།།
དེ་ལྟར་བདག་གི་བརྩེ་བ་འཁོས་ཞན་བླུན་རྨོངས་པས།།
ཁྱེད་ཕྱིར་བག་མེད་སྤྱོད་པ་སྤངས་ཞེས་ཅི་ལྟར་སྨྲ།།
དེའི་སྐབས་སྔར་གྱི་སྐྱོ་བ་བྱ་ཁྱུ་དཀྲོགས་པ་བཞིན།།
ནམ་མཁར་འཕུར་སྐབས་བདག་གིས་ཅི་ཞིག་བྱས་ན་ལེགས།།
དེ་ལྟར་སྔ་དྲོ་ཡོལ་ཅིང་ཕྱི་དྲོ་འདས་ཏེ་ཕྱིན།།
ནམ་གྱི་ཆ་སྟོད་ཆ་སྨད་དག་ཀྱང་རིམ་གྱིས་འདས།།
དུས་ནི་དེ་ལྟར་ཞེན་ཆགས་མེད་པར་རྒྱང་དུ་ཕྱིན།།
ཅིའི་ཕྱིར་མི་དག་ཉེས་པའི་སྐབས་ཀྱི་ཡུན་སྲིང་དགོས།།
མེ་ལོང་།
དུས་སྐབས་ནམ་ཞིག་ནས་མེ་ལོང་བོར་བ་བརྗེད་ཟིན
གཡེང་བ་ཁོ་ནས་དུས་འདས་པའི་དུས་སུ་ཉིན་དཀར་ནི་མུན་པ་དང
མཚན་མོ་ནི་སྨུག་པ་ཡིན
དེ་གཉིས་ཀྱི་མཐུད་མཚམས་སྟེང་གི་འཕར་རྡེབ་ཙམ་ཀྱིས
མྱ་ངམ་ཐང་གི་བེམ་ཀོག་སྒུལ་མི་ནུས
ཚེ་སྲོག་གིས་འདེགས་དཀའ་བའི་རྒུད་པ
རང་གི་སྡོད་ཤག་ནས་གྱང་ལྡེབས་སུ་བཀལ་བའི་མེ་ལོང་དུ་བལྟས
མངོན་སུམ་གྱི་གསང་བའི་མདུད་པ
མི་རྟག་པའི་རྣམ་འགྱུར་ལ་རེག་པའི་སྟོང་འདང་སྣ་ཚོགས་ཀྱིས་དཀྲོལ
ཟག་བཅས་ཀྱི་བདེ་བ་མཚོན་བྱེད་དུ
ས་མཐའ་མང་པོ་ཉུལ་བའི་ཟིན་ཐོ་རྣམས་ཀློག་འདོན་བྱས
མེ་ལོང་ངོས་ཀྱི་རྡུལ་སྲབ་མོ་དག་ལག་མཐིལ་གྱིས་ཕྱིས
རྨི་ལམ་གྱི་འཇིག་རྟེན་ནས་སད་པ་ལྟ་བུའི
སྟོང་བར་གྱུར་པའི་གར་སྟེགས་ཞིག་མངོན
མག་མོག་གིས་ཟོས་པའི་ངོ་གདོང་དག
མེ་ལོང་གི་བག་ལ་ཞ
ཚོར་བ་འཇིགས་ཡེར་བ་ཞིག་སྐྱེས
རྒྱུན་རིང་བའི་ཆོ་འཕྲུལ་གྱིས་དྲན་པ་ཉམས་པར་བྱས་པ་ལས་བྱུང
གྲིབ་མ་རྒས་པའི་གཟུགས་བརྙན་མཐོང་བ་ལས་བྱུང
སྲང་ལམ་དང་བཅས་པའི་གྲོང་ཚོ་ཞིག་ནུབ་པའི་ཐ་སྙད་ལས་བྱུང
ལག་མཐིལ་གྱི་དྲེག་པ་བརྗེད་ངེས་ཀྱི་འདམ་བག་ཀྱིས་བསྐྱེད་པ་རེད་སྙམ
སེམས་གཏིང་གི་སྨུག་པ་ཁེངས་པའི་གཏམ་གྱིས་བསྐྱེད་པ་རེད་སྙམ
སྨུག་པ་ཡལ་ཤུལ་གྱི་ཡུལ་ལྗོངས་སུ་གྲིབ་མ་དག་རློན་པར་གྱུར་འདུག
རིང་ནས་འདྲིས་པའི་གྲོགས་ཤིག་ཆ་མེད་ནས་སླར་ཡང་ཆ་ཡོད་དུ་གྱུར།
2019.11.1
ཆོ་འཕྲུལ་གསུམ།
ང་རང་སྐྱེས་པ་དང་མཉམ་དུ་དུས་ཚོད་ཀྱི་ངག་ལྐུགས
འཇིག་ཉེན་ཁུར་བའི་རྣམ་ཤེས་ཀྱི་ལྗིད་ཚད་ཤོད་མཁན་མ་བྱུང
དེའི་རྗེས་སུ་ཐོན་པའི་འཆར་སྒོའི་ན་ཚ་དང་མུན་པ
སུན་སྣང་བསྐྱེད་པའི་ཐ་སྙད་དག་གི་ལྷུ་ཚིགས་ཐོར་བ་ལས་བྱུང
མི་ཚོས་དུས་ཚིགས་རེ་རེར་ཚོན་བྱུགས་ཏེ་ངལ་ཞིང་དུབ་པའི་མཐར་ལྷུང
འོན་ཏང་དེ་ནི་སྨྲ་མི་གཏུབ་པ་ཞིག་སྟེ་ཡུད་ཙམ་ནས་བརྗེད་སྲིད།
2019.10.30
ག་རེ་བྱེད་དགོས་རེད།
སྙིམ་པའི་མཐིལ་དུ་ཞི་བའི་ཁ་བའི་འདབ་མ་ཞིག་གིས་ཀྱང
མི་རྟག་པའི་རོལ་མོ་དཀྲོལ
མེ་ལྕེས་གླིང་ཕྲན་ཞིག་གི་ཁ་དོག་བསྒྱུར*
འཕྲལ་ཡུན་ཙམ་གྱི་རིང་དེར་ཉེ་རིང་གི་མི་སུ་ཡིས་ཀྱང
སེམས་ཀྱིས་བསྟི་གནས་ཤིག་རྙེད་ཐབས་མི་འདུག
མེ་ལྕེས་བསྒྲིབས་པའི་གདུང་བ
ཚིག་དང་བརྡ་ཡིས་སྟོང་བའི་དུས་སུ
ངས་རྩྭ་རྐང་གཅིག་གི་ཆག་སྒོ་འང
བཏང་སྙོམས་སུ་འཇོག་ཐུབ་ཀྱིན་མི་འདུག
2020.1.6
*ཨོ་སི་ཁྲུ་ལི་ཡ་ནས་མེ་སྐྱོན་གྱིས་སྲོག་ཆགས་དུང་ཕྱུར་ལྔ་ལྷག་ཤི།
དྲན་པ་སྟོང་བ།
དྲན་པ་ལྐུགས་པའི་དུས
ཁང་སྟོང་གི་ལྷིང་འཇགས་ཀྱིས་སུན་གཙེར་བཟོས་ཡོང
རྒྱུགས་ཆེ་བའི་ཐ་སྙད་དག་གཡང་གཟར་དུ་སྣང
སྙན་ངག་ཅིག་འབྲི་བར་ཞེད་སྣང་སྐྱེས
རྨོངས་པ་མ་སླེབས་པའི་བར
འཆི་བ་མ་སླེབས་པའི་བར
ཡོད་ཚད་ཡིད་འོང་གི་དུས་རེད་མ་གསུང
2020.2.5
དུས་ཚོད་ཀྱིས་རྨས་པའི་གསང་བ།
མཐོང་ཟིན་པ་དག་གི་རྐང་རྗེས
བླངས་མ་ཐག་པའི་འདྲ་པར་དེའི་གསང་བ་རུ་གྱུར
དུས་ཚོད་སྐར་མ་ཁ་ཤས་ཀྱི་ནང་དུ
བརྗོད་ཟིན་པའི་གཏམ་གྱི་གྲིབ་གཟུགས་ནང་དུ་འཚོ་བར་ཞེན་པ་ལོག
སང་ཉིན་གྱི་གནས་གང་ཞིག་ནས་ལྡང་བའི་རླུང་འཚུབ་ཀྱིས
འཁྲིས་ཀྱི་དངོས་པོ་དག་གཡོས་པ་མཐོང
ཁྱེད་ཀྱིས་ག་རེ་མཐོང་བྱུང
2020.1.12
རང་ཉིད་བོར་བ།
དུས་ཚོད་ག་ཚོད་ཅིག་ཕྱིན་པ་ཚོར་བར་མ་གྱུར་ལ
མདོག་ཉེས་པའི་རྨི་ལམ་རབ་རིབ་ཏུ་གྱུར
དེ་ཉིད་མངོན་མེད་དུ་ཡལ་བཞིན་པར་བལྟས
རྨི་ལམ་གྱི་ཁྲི་ལས་ལྷུང་བའི་དགུན་ཁས
ང་ཡི་གཟུགས་བརྙན་འཁྱོག་པོར་བཟོས
གཅིག་བྱས་ན་དེ་ནི་ང་གཅིག་པུ་ཡིན་མི་སྲིད
ནམ་ཞིག་ནས་དམིགས་ཡུལ་མེད་པར་འཚོ་བར་ལོབས་པའང་བརྗེད་འདུག
ང་ཡི་གོམ་སྒྲའི་ཀློང་དུ“ཐག་ཇེ་རིང་ནས་ཇེ་རིང་རེད”ཅེས་པའི་བྲག་ཅ་ཞིག་འཁོར་ཡོང
2020.2.6
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།