སྙན་ངག་རིང་མོ། 《ཨུ་དུམ་ཝ་རའི་ཚལ》

གཙང་དྲག་ཆར།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-08-14
 
སྙིང་།     ཁྱོད་དང་ཐོག་མར་འཕྲད་དུས་སྟོན་མགོ་མའི་ཕྱི་དྲོ་ཞིག་ཡིན།
ཁྱོད་རང་། ཉི་འོད་ཀྱི་དྲ་མིག་ནང་ན་དྭངས་ཁྲུམ་མེར་བཞད་པའི་ཕྱི་དྲོ་ཞིག་ཡིན།
 
ཕྱི་དྲོ་དེར། ང་ཁྱོད་སྨོན་ལམ་ལ་ཁ་ནས་འཕྲད།
ཕྱི་དྲོ་དེར། ང་ཁྱོད་དང་མའི་ཚིག་གི་སྒོ་ཕྱེ།
 
སྙིང་།   ཕྱི་དྲོ་དེར།
སྐད་ཆ་མེད་ནའང་།
འཛུམ་མདངས་དེ་ཁོ་ནས།
མི་ངོ__ལྷ་ངོ__སྤྲད།
 
ང་ཁྱོད།  མིག་ཟུང་དཀྲི་གའི་འོག་ན་འཁོར་བའི་གཞིས་ཆུང་འཆའ་བར།
སྙིང་། ཟླ་གཅིག་ཟླ་གཉིས་ཅི་ཕན། ཚེ་འདིར་ཞལ་བཞེས་གནང་རོགས།
 
དེ་དུས་ཏག་ཏག །ཚིག་གི་རྣམ་ཤེས་ཡི་གེར་ཐོགས་པའི་ཞོགས་པ་ཞིག་ཡིན།
ཞོགས་པ་དེར། འུ་གཉིས་དཔེ་ཀློག་ཁང་ཞིག་ཏུ་སོང་ནས་དཔེ་དེབ་བཀླགས།
 
སྙིང་། ཉིན་དེར། སྒྲོག་རྩེའི་ཁ་གཏད་ཀྱི། ཁྱོད་རང་ཅུང་ཟད་འཚེར་ཚུལ།
ཆུ་ཟིལ་ཁྲོམ་མེར། ཞོགས་ཟིལ་སྲབ་མོའི་རྗེས་ཀྱི་ཨུ་དུམ་ཝ་ར་བཞད་ཚུལ་ཡིན།
 
ངས། ཁྱོད་ལ། ཐོག་མའི་སྐྱེས་སུ«སྤྲིན་དཀར་ལམ་རྙིང་»[1]ཕུལ་བའང་།
ང་ཁྱོད། དཔེ་ཆའི་ཀློང་ནས། ལས་ཀྱི་དར་ཐག་མཐུད་ན་བསམས།
 
མི་དག །སྤྱི་ཚོགས་ཟེར་བའི། ངམ་ནག་དེའི་གཞན་དབང་དུ་གྱུར་ཚེ།
འུ་གཉིས་ཀྱི། ཕྱི་ཡི་གཞིས་ཁང་གྲུ་བཞི། ནང་གི་ནོར་བུ་ཆ་བདུན་ཡང་།
མི་གཡོ། མི་རྒ། མི་བསླུ་བའི་དཔེ་ཆ་འདི་དག་ཡིན་ན་བསམས།
 
ཆར་པས་སླར་ཡང་།  དྭངས་ཁྲུམ་མེར་ཁྱོད་ཀྱི་མགོ་ཐོག་ཏུ་བྱབས་ཀྱང་།
ངའི། དྲན་པའི་རྟ་ཕོར་བསྐུར་བའི་ཡིག་ལན་བསྒུགས་བསྒུགས་པའི་མཐར།
དུས་ཚོད་ཀྱི་ཙག་ཁ་ནས། སྟོན་ཐ་མའི་ཁ་བས་འཇིག་པ་ཨེ་རེད།
 
སྙིང་། དེ་དུས། དངོས་གནས་ལགས་ཏེ་འབྲས་བུ་མེད་པའི་སྟོན་ཁ་ཞིག་ཡིན།
 
ཕྱི་ན་ཉི་འོད་ལྷོད་ཀྱིས་བབས་ཀྱང་།
ནང་ན་ཁངས་སྐྱ་དམར་འུར་འུར།
 
སྙིང་།   དེ་ནས་བཟུང་།   འུ་གཉིས་ཀ་སྨྲ་སྒོ་བསྡམས་རྗེས།
བདག་གི་སྐད་འཕྲིན་དུ་ཡང་ཡི་གེའི་མུ་གེ་ཚེས་པ་ཤེས་སམ།
 
ཁྱོད་རང་།   ཀློག་ཀླད་མདུན་དུ།   ཙོག་པུར་སྡོད་པའམ།
འགྲོ་བའམ། ལས་ཐག་བཅད་རྗེས་ཀྱི་རྒྱབ་གཟུགས་ལས།
ངས་མི་ཚེ་གཅིག་གི་སྐྱིད་སྡུག་གློག་བརྙན་ལྟར་མཐོང་འོང་།
 
དོན་དུ།  ཁྱོད་རང་ང་ལ་འཚེར་སྣང་བྱེད་ཚུལ་ཡང་།
དཔེར་ན།  སྡོང་མགོའི་སྤྲེའུ་བཞིན།
 
ཟླ་བཅུ་པར།    འབྲས་བུ་མེད་ལ་ཁ་ཕྱོགས་ཀྱང་མེད་པའི་སྡོང་ལོ་དག
སེམས་ཀྱི་བིམ་པ་གྲང་ཅང་ངེར་བཏང་སྟེ་དགུན་ནས་དགུན་ལ་ལྡོག་མོད།
སླར་ཡང་། ཕྱི་དྲོ་ཞིག་ལ། ཡིད་ཀྱི་ལུ་གུ་ལྡིང་ལྡིང་བྱེད་པའི་འཕྲིན་ཐུང་ཞིག
ཁྱོད་ཀྱི་སྐད་འཕྲིན་གྱི་སྒོ་མོ་བརྡུང་བར་ངས་ཕོ་ཉའི་ཚུལ་དུ་མངགས།
 
སྙིང་། དེ་ནི་འུ་གཉིས་བར་གྱི་སྟོང་སྐུད་དམར་པོ་དེ་ཡིན་པ་ཤེས་སམ།
 
སྣེ་གཅིག་ན།
ཁྱོད་དང་།
གཅིག་ཤོས་སུའང་།
ཁྱོད་ཁོ་ན།
ལུ་གུ་ལྟར།
ལིང་ལིང་བྱེད།
 
མཚན་མོ་དེར། སྐར་གྲལ་མཐའ་ནས་འགྲིག་པ།
ང་ཁྱོད་དཔུང་གདང་ཤིག་ཤིག
མིག་གིས་སེམས་ལ་ཉན་པ།
སྨྲེང་བའི་ཚིག་གི་ར་མདའ།
 
སྙིང་། ཞོགས་པ་དེར། ཁྱོད་ཀྱི་སྒྲོག་རྩེའི་སྟེང་དུ་དེབ་གཉིས་བཞག་པ།
གཅིག་ནི། «རུས་ཆག»[2]དང་།
གཅིག་ཤོས་ནི«རྒྱང་རིང་»[3]ཡིན།
 
ཁྱོད་ཀྱིས།    ཡིག་ནག་དེ་དག་རེ་རེ་བཞིན་སྣང་བས་རེག་རྗེས།
སོར་སོར་ཆག་པ་དེ་དག །ངུད་མོར་འཚོ་བ་དེ་དག
དེ་དག །དེ་དག །བཀླགས་བཀླགས་པའི་མཐར།
ཁ་བྱང་རེ་ཟུང་ལ། འདྲི་རྟགས་དམར་པོ་ཡང་བཀོད།
 
དེ་དུས། ས་འབུས་ཀྱང་སྔུར་དབྱངས་རིང་མོ་འཐེན་པའི་མཚན་མོ་ཞིག་རེད།
མཚན་མོ་དེའི། ཚིགས་ཁེབས་ལྷ་ཡིས་བརྒྱུས་པའམ།
དཀར་བོང་བོང་གི་ཟླ་བས་བར་ཐག་གི་གཙང་པོ་ཧུབ་ཀྱིས་འཐུངས།
 
སྙིང་།  དེ་དུས། འུ་གཉིས། གཙང་པོའི་ཕར་ཚུལ་དུ་ཡོད།
 
ཀོ་གྲུ་ལྡེམ་ལྡེམ་འཕྱོ་བར།
རྟ་མགོས་ཕྱི་མིག་གནང་ན།
མཉེན་དཔོན་བསོད་ནམས་དབང་རྒྱལ།
ང་རས་གནང་བས་ལོས་ཆོག
 
སྙིང་།  སྙིང་འདིར།  དཔྱིད་ཀ་ཚེས་པ་འདྲ།
སྟོངས་པར་གྱུར་པ་དག་ཀྱང་།
བྱུར་བུར་གང་བཞིན་འདུག
 
ཁྲུང་ཁྲུང་གི་ཚོགས། སྐྱིད་ཤོད་གྲོག་ཆུ་ཕྲ་མོ་བརྒལ་ནས་བྱང་ལ་ཆས་པ།
སྨྲེང་བ་རུམ་གང་འཁྱེར་བའི།  འཛོམས་དུས་ཤིག་གི་ཆེད་དུ་རེད་དམ།
 
འུ་གཉིས་ཀྱང་། དགུན་ཁ་ཁྱོར་བ་གང་ནས་སྔར་བཞིན་དཔེ་ཀློག་བྱེད་པ།
དཔེ་ཆེའི་ཀློང་ནས།  འུ་གཉིས་ཐུག་འཕྲད་གནང་ཆོག་པས་རེད་དམ།
 
ཉིན་དེར། ཁྱོས་ཀྱང་«མིའི་རིགས་ཀྱི་ལོ་རྒྱུས་སྟོང་ཐུན»[4]ཀློག་གིན་པས།
ཤིང་ལོ་གྱོན་པའི་མྱེས་དག །ཁྱོད་སྙིང་དཀར་ནག་མཚམས་སུ་རྒྱུ་གིན་ཟེར།
 
སྙིང་།  མྱེས་ཚོས།  རྒོད་དག་གཡུང་ལ་བཏུལ་ཚུལ།
ཕུ་ཆུ་ཡུར་དུ་དྲངས་ཚུལ། རྨོན་པ་དོར་དུ་བསྡེབས་ཚུལ།
མདོར་ན་འདས་ཟིན་པ་མང་པོ་སླར་མཐོང་བྱུང་ངམ།
 
རེད།  ས་སྲོས་ཤིག་རེད།  ཁྱི་དག་གྲོང་འདབས་ནས་ཟུག་ཀྱང་།
བདག་གི་ཁ་པར་ལ་མུ་གེ་ཚེས་པའི་ས་སྲོས་ཁེར་རྐྱང་ཞིག་ཡིན།
 
དེ་དུས། ངས་དཔེ་སྒྲོམ་གྱི་སྟེང་ནས་དཔེ་ཆ་འགའ་སློག་པའི་མོད།
བརྩམས་སྒྲུང་ཞིག་ལ་བལྟ་འདོད་ཀྱིས«ཇ་ཤིང་མེ་ཏོག་མ»[5]བླངས།
 
སྙིང་། དཀར་མེའི་རྡང་ལ། ངས་བརྩམས་སྒྲུང་དེ་བཀླགས་བཀླགས་པའི་མོད།
ཁྱོད་རང་དྲན་དྲགས་པའམ། མ་ཀེ་ཡཱ་ཐེའི་ལས་དབང་ལ་སེམས་བཞིན།
རྣམ་པར་རྟོག་པའི་སྒོ་ལ། ངུད་མོའི་ཤྭ་འོད་བརྡོལ་བ་ཐེངས་གཅིག་མིན།
 
དགུན་ཁ་འདི་དག །སླར་ཡང་། དགུན་ཁ་འདི་དག
མཚན་ལམ་བཞི་བརྒལ་རྗེས་ཀྱི་རླུང་བུ་ཡིན།
 
༡༠
 
སྙིང་།  ལས་ཀྱི་འཛིང་རགས་ལས་ཐར་ཐབས་བྲལ་བ་དག
 
སྐབས་རེར། དགུན་ཁ་སྙིང་ལ་གཟན་པ་འདི་ཁྱོད་ཀྱིས་འཁྱེར་ནུས་པའང་།
དཔེར་ན། མཚན་མོ་འཁྱགས་པའི་རུམ་ནས་ཁྱོད་རང་ཁོ་ན་རྨི་བ་བཞིན།
 
གངས་རྡུལ་རེ་རེ། ཁྱོད་རང་དྲན་པ་བཞིན་ཡིད་མཚོར་ཟིམ་ཟིམ་བྱེད།
 
ང་ཁྱོད། གཟུགས་མཐོང་གི་ལམ་ནས་ཐུག་འཕྲད་ཡུན་རིང་བྱས་པ།
དཔེ་ཀློག་བྱས་བྱས་པའི་མཐར་།  སླར་ཡང་། ཙི་གུ་ཇི་བཞིན།
ལེ་ཧྥུ·ཐོར་སི་ཐེའི«ཨན་ན·ཁ་ལེ་ཉི་ན»[6]བཀླག་འདོད་པ་དང་འདྲ།
 
༡༡
 
དེ་དུས།  དབུས་འགྱུར་ཡིད་དགའ་ཆོས་འཛིན་གྱི་ཕྱི་དྲོ་ཞིག་རེད།
ཕྱི་དྲོ་དེར། ཁྱོད་རང་ཕྱི་མིག་ལིང་ལིང་གི་ཀློང་ནས་ངའི་སར་འོང་།
 
སྙིང་། སྐར་མའི་ཟེར་ལ་གནས་པའི།  ཟླ་བའི་འོད་ལ་འཁྱུད་པའི།
 
ཉི་ཟེར་གྱི་ལག་གདང་འོག་ནས་སེམས་ཀྱི་སྙིམ་པ་བྲང་ཁར་སྦྱར།
བྲང་ཁར་སྦྱོར་དུས། དཀར་པོ་ཞིག་དམར་པོ་དང་འདྲེ་ཚུལ།
«དབུགས་ལྒང»[7]གི་འཁྲབ་ཡོལ་གློག་བརྙན་ཁང་ནས་ཕྱེ་ཚུལ་ཡིན།
 
འུ་གཉིས། གློག་བརྙན་དེའི་ཕྱི་དང་ནང་ནས་ཕར་ཚུར་བལྟས།
འཆར་ཤེལ་ངོས་ཀྱི་ཚེ་སྲོག་དག་ཀྱང་དབུགས་ལྷེབ་ལྷེབ་ཀྱིས།
འཕྲུལ་སྣང་གིས། འུ་གཉིས་ཀྱི་རྣམ་པར་རྟོག་པའི་སྒོ་གླེགས་རྡུང་བ།
དཔེར་ན། ཚོགས་དུང་འབུད་པ་བཞིན།
 
༡༢
 
སྙིང་།  ཞོགས་པ་དེར།  ཁྱོད་ཀྱི་ཁ་པར་ལ་བརྡ་རྟགས་མེད་པའང་།
དགུན་གྲང་བའི་དུས་སུ་ཉི་མ་མེད་པ་ལྟར་རེད།
 
ཁེར་བུར་སྡོད་པའི།  དཔེ་སྒྲོམ་སྟེང་གི«ས་ཧ་ལའི་གཏམ་རྒྱུད»[8]དེས་ཀྱང་།
མུན་པ་ཆག་རོ་འགའི་རུམ་ནས་སེམས་ཀྱི་སྐྱ་རེངས་འགོམ་པར་བྲེལ།
 
སྙིང་། འཁྱོག་པོར་བརྐྱངས་པ་དག་ཁེར་རྐྱང་མཚོན་བྱེད་ཡིན་ན།
 
ང་ད་ལྟ། མྱ་ངམ་ཐང་དུ་ཡོད།
སྲན་མོའུ་མེད་པའི་ས་ཧ་ལ་བྱེ་ཐང་དུ་ཡོད།
 
༡༣
 
མེ་ལོང་མའི་དཔེར་བརྗོད་ཀྱང་མིན།
དཔེ་ཟུར་མིག་གི་འཐག་མཁན་བུ་མོ་ཡང་མིན།
གབ་ཚིག་ཁྲོད་ཀྱི་སྲན་མ་ཁྲ་ཁྲ་དེའང་མིན།
 
རང་བཞིན་བརྗོད་པ་ཚོས་སྟོང་སྐུད་སུམ་ལྷས་ཀྱི་བར་ནས་ཚུར་བལྟས།
འགྱུ་ནས་འགྲོ་བ་ཚོས་ཁྲ་མའི་ཤེལ་ཡོལ་གྱི་འོག་ནས་ཕར་བལྟས།
 
སྙིང་། འདི་ལྟར། ཡིན་ལོག་མིན་ལོག་ལྟ་བུའི།
ཁྲ་ཁྲའི་འཁོར་བའི་ཐང་ནས།
ངས། «མི་ལའི་མགུར་འབུམ»[9]ཁོ་ན།
སྐྱེ་བ་གཅིག་གི་བླ་མར་བསྟེན་འདོད།
 
༡༤
 
མདུན་ནས་དྲན་པའང་ཁྱོད།
གཡོན་ནས་འཕྲད་པའང་ཁྱོད།
 
སྙིང་། ཉིན་མང་པོར། སྟོང་བསམ་བྱས་བྱས་པའི་མཐར།
ངས། འུ་གཉིས་ལ་གཞིས་ཆུང་ཞིག་བཅས།
དཔེ་སྒྲོམ་ཞིག་ཀྱང་ལས།
དེའི་སྟེང་དུ་དཔེ་ཆ་བཀླག་སྤྲོ་བ་འགའ་ཡང་བསྒྲིགས།
 
མཐར། བྱིས་པ་པྲ་ཚག་ཅན་ཞིག་ཀྱང་།
དཔེ་སྒྲོམ་གྱི་མཐའ་ན་གོག་གིན་པར་རྟོག་བཟོ་བྱས།
 
ཁྱིམ་དེར། ཇ་དང་ཐབ་ཡོད། ཚྭ་དང་རྡོར་ཡོད། འོད་དང་དྲོད་ཀྱང་ཡོད།
 
༡༥
 
སྙིང་། དེ་ནུབ། ལོ་འགོའི་ནུབ་མོ་རེད། འུ་གཉིས་སྐད་ཆ་མོད་པའི་མཚན་མོ་རེད།
 
ཁྱོད་ཀྱིས་ང་ལ། ཁྱོད་ཀྱིས་ནམ་མཁར་ལྟོས་དང་། ནམ་མཁའི་ཟླ་བར་ལྟོས་དང་།
འུ་གཉིས་བར་ལ་གཙང་ཆེན་གཅིག་གིས་ཆོད་ཀྱང་།
མིག་གི་རྒྱལ་མོའི་ནང་གི།
མཐོང་བའི་གཟུགས་དེ་གཅིག་ཡིན་ཟེར།
 
སྙིང་། དེ་ནུབ། ངས་ཁྱོད་ལ་སྙན་ངག་ཅིག་བྲིས་ཤིང་གྱེར་བ་དྲན་ནམ།
དེའི་ནང་གི་ཡིད་བརྙན་རེ་རེ་ངར་འགྲེལ་བཅུག་པའང་དྲན་ནམ།
 
༡༦
 
སྙིང་། ཁྱོད་རང་ཌར་ཝན་ལ་དགའ། འཕེལ་འགྱུར་སྨྲ་བའི་རིག་པར་དགའ།
 
དུས་ཚོད་ལ་ལྡོག་བཞུར་མེད་ཀྱང་མྱེས་ཚོའི་འཚོ་བར་ཕྱིར་དྲན་བྱ་ཆེད།
ངས། «འཛམ་གླིང་ལོ་རྒྱུས»[10]ཀྱི་ཞལ་ཁེབས་ཕྱེ།
 
དེ་ནི། གླེགས་བམ་མཐུག་པོ་གཉིས་རེད། མེ་ལོང་ཕྱི་ནང་གཉིས་རེད།
 
འུ་གཉིས་ཀྱང་། མེ་ལོང་དེའི།
རྡུལ་ཕྲ་རབ་རེ་རེའི།
སྐྱེ་འཇིག___རེད།
 
༡༧
 
སྙིང་། ཆུ་སྤྲིན་སྲབ་མོས། སྨྲེང་བའི་ཞེ་ལ་མེ་ཏོག་འདེབས་ཀྱིན་འདུག
 
སྣུམ་ཤིག་གེར། དཔྱིད་ཀ་འཆར་དཀའ་བ་དེའང་ཁྱོད་ཀྱི་མིག་ཀོང་ནས་ཚེས།
ང་སྟེ། སྟོང་ཆ་མེད་པའི། ཁྱོད་ཐུགས་པད་ཁའི་ནང་དུ་བཞད་ཐབས་བྱས།
 
སྙིང་།  ཁྱོད་ཀྱིས་ང་ལ།  སྐད་གདངས་དམའ་མོས། ནམ་ཞིག་ཁྱོས་ཀྱང་།
«ཟླ་བ་དང་སྒོར་ཟུར་དྲུག»[11]ནང་གི་སི་ཐེ་ལི་ཁེ་ལང་ནང་བཞིན།
ང་རང་མཆི་མའི་ཐལ་བ་བཞིན་མ་དོར་ཨང་ཞེས་བརྗོད་པ་དྲན་ནམ།
 
སྙིང་། མི་དེའི་ལག་གཡས་པར་བོའུ་ཐུང་ཞིག་དང་།
གཡོན་པར་མེ་ཏོག་ཚོམ་བུ་ཞིག་ཀྱང་བཟུང་ཡོད་པར།
 
གཅིག་གིས་མི་དག །རྫས་དུད་ཀྱི་ཀློང་དུ་རྫོང་ཞིང་།
གཅིག་གིས་མི་དག །དགུན་ཁ་འཁྱོལ་དཀའ་ནའང་།
 
ཁུར་མང་བགྲེས་པོ་བཞིན། མུན་པའི་ནང་གི་སྐྱེད་ཚལ་དུ་འཁྲིད་པར་བྱེད།
 
༡༨
 
སྙིང་། ཁྱོད་རང་མཚོན་བྱེད་དུ།
མིག་ཆུ་སྨྲ་མཁན་ཞིག་བྲིས།
སེམས་པ་འགྲོ་མཁན་ཞིག་བྲིས།
 
སྙིང་། དེ་ནུབ། གཏིང་རིང་བའི་མཚན་མོ་ཞིག་ཡིན།
མུན་པ་ཆག་རོ་དག་སེམས་ཀྱི་ནམ་མཁར་འཚུབ།
 
ངས། «ཤོག་བྱ་འདེད་མཁན»[12]ལ་ལྟ་བཞིན་ཡོད།
ང་རང་། མི་སྣ་རེ་རེའི་ནང་སེམས་ཀྱི་དམག་སར་ཉུལ་གྱིན་ཡོད།
 
དེ་རུ། བྱིས་པ་ཚོའི་ངུ་དངངས་འདུག །ཁྲག་དང་མིག་ཆུ་ཡང་འདུག
 
ངུ་དངངས་དེ་དག་གིས།
དྲན་གདུང་དེ་དག་གིས།
ངས་ཁྱོད་རང་དྲན་པར།
ཡང་ཡང___བསྐུལ།
 
༡༩
 
སྙིང་། ང་། ས་སྲོས་དེར། དུང་སྒྲ་འུར་འུར་བྱེད་པའི་མེ་འཁོར་འབབ་ཚུགས་སུ་ཡོད།
 
འཆར་ཤེལ་ངོས་ཀྱི་དུས་ཚོད་ཇེ་ཐུང་དུ་འགྲོ་དུས།
སྙིང་དམར་མོ་ལུ་གུ་འདར་འདར་བྱེད།
 
དོན་ལ། ང་ཁྱོད་ཁ་ཐག་ཉེ་ཚུལ།
འབྲོག་མོས་ཆབ་ལྕེ་བསྡེབས་པ་བཞིན།
 
༢༠
 
སྙིང་། བསྒུགས་བསྒུགས་པའི། ངང་སྒུག་ནི་གློག་བརྙན་ཞིག་དལ་བུར་གློད་ཚུལ་ཡིན།
བསྒུགས་ནས་ཇེ་མགྱོགས་སུ་འགྲོ་རྒྱུ་མེད་པའང་རྨི་ལམ་ནང་གི་འགྲུལ་བཞུད་ཨེ་རེད།
 
སྙིང་། ཁྱོད་རང་ཤིན་ཏུ་དྲན་པའམ། དྲན་དྲགས་ཏེ་གཉིད་ཐེབས་ཆག་དུས།
ངས། དབུགས་རིང་ནར་མོས་རུམ་སྟོང་པར་ཨ་སློག་ཡང་ཡང་བརྒྱབ།
 
ངས།  ཁེར་རྐྱང་གློ་བུར་བ་དེའི།  མིག་ཆུ་རུམ་གང་བརྒལ་ཆེད།
སླར་ཡང་«འཆི་འཕོའི་སྙན་ངག་ལྷན་ཚོགས»[13]ལ་བལྟས།
 
དེ་ལྟར། ངང་སྒུག་ཁོ་ནས། སེམས་སྐྱ་མོ་དུམ་བུར་གཏུབས་ཚེ།
 
ང་རང་གཏན་དུ། བསྐལ་བའི་དུས་རླུང་དང་བསྡོངས་ཏེ།
རྒོད་པོ་བཞིན། ཁྱོད་ཀྱི་ནམ་མཁར་ཞོགས་འདོད།
 
༢༡
 
སྙིང་། བདག་སེམས་ཉག་གའི་ནང་ན་ལས་ཀྱི་པདྨོ་ཁྲུ་གང་སྐྱེས་འདུག
 
སྙིང་། ཆར་པ་ཆད་ནའང་།
 
ཁྱོད་ཀྱི་དྲན་གདུང་ཡག་ག
དྲན་པའི་མིག་ཆུ་ཡག་ག
 
༢༢
 
སྙིང་། ཕྱིར་དྲན་ཀོ་གྲུ་ཡིན་ནམ།
མིག་ཆུ་གཙང་པོ་ཡིན་ནམ།
 
ལྡེམ་ལྡེམ་ལྡེམ་ལ་འཕྱོ་བ་དེའང་།
མཉེན་དཔོན་བསོད་ནམས་དབང་རྒྱལ་རེད་དམ།
 
༢༣
 
སྙིང་། སྨྲེང་བའི་རླུང་དེས་འུ་གཉིས་ཀྱི་བར་ཐག་ཇེ་ཐུང་དུ་བཏང་།
མ་རེད། འུ་གཉིས་ཁྱོན་ནས་ཁ་བྲལ་མ་མྱོང་བ་འདྲ།
 
སྙིང་། འུ་གཉིས་བར་ལ། སྤྱི་ལེ་ཉིས་བརྒྱ་ཉེར་ལྔས་ཆོད་ཡོད།
དེ་ཡང་མ་རེད། འུ་གཉིས་ཀྱི་ནམ་མཁར་འཆར་བའི།
སྐར་མ་ཉིས་བརྒྱ་ཉེར་ལྔ་བོ་རེད།
 
དེ་ནུབ། ང་ཁྱོད་གདུང་བའི་ཀློང་ནས«ཐེའེ་ཐན»[14]ལ་བལྟས།
ཡིད་ཀྱི་པདྨོ་སྒུལ་བའི་ཚེ་ན་མིག་ཆུའི་སྐར་ཚོམ་ཁྲ་ཐར་ཐར།
 
སྙིང་། དེ་དུས། ཁྱོད།  ང་ཡི་མེ་ཕུང་ན་ཡོད།
སེམས་ཀྱི་དྲི་མ་སྲེག་བྱེད།
མི་ཚེའི་ཐབ་ཀ་གསོ་བྱེད་ཀྱི།
མེ་ཕུང་ན་ཡོད།
 
༢༤
 
རྫ་བུམ་ནང་གི་མེ་ཏོག་དག་བདག་གི་ལག་པད་ན་རྙིད་ཀྱང་།
ཁྱོད་ཀྱི་ཀི་ཐར་ལས། བུང་བ་འགའ་ལྡིང་ནས་ཆུ་བྲན།
 
སྙིང་། རོལ་དབྱངས་དེའི་འཚུབ་ཆ་སླར་ཐོས་རྗེས།
ཟ་འགྲམ་སྐར་མ་འཁོར་བྱུང་།
མིག་མཐར་གཙང་ཆེན་རྒྱས་བྱུང་།
 
༢༥
 
སྙིང་། ཞོགས་པ་དེར། ཆར་པས་ཕྱི་ནང་སྦོང་གིན་འདུག
ཆར་རྡོག་རེ་རེས། དྲན་གདུང་ཁྱེར་ཏེ། རྡོག་རིལ་རིལ།
སེམས་ཀྱི་ཟབ་སར། བརྩེ་འདང་གིས་འགྲིལ་གྱིན་འདུག
 
སྙིང་། ལས་ཀྱི་ཆར་གདུགས་འོག་ན།
ཆར་གཞའ་ཐེངས་གཅིག་གནང་དང་།
འདོ་རིག་རྟ་ཕོ་མི་དགོས།
རྒྱལ་ཁམས་བརྩེ་བས་བསྐོར་ཆོག
 
༢༦
 
སྙིང་། འཇིག་རྟེན་འདིའི་དཀར་ངོགས་ཡོད་ཚད་འུ་གཉིས་ལ་མི་དབང་ནའང་།
སྒོར་དར་དང་རྡེའུ་འབུམ། མཆོད་ཁྲི། ཇ་སྒམ། སྦྲ་གུར། ཡོད་ཚད་ཀྱི་ཡོད་ཚད།
དུས་ཚོད་ཆག་རོ་འགའ་འམ། «ཝ་ནག་ལུང་པའི»[15]དུར་རྒྱགས་སུ་གྱུར་ན།
 
«ཝ་ནག་ལུང་པ»ནི། སྲོག་གི་རྒྱུན་ཐག་ཟད་པོ་དེ་ཡིན།
«ཝ་ནག་ལུང་པ»ནི། རིགས་ཀྱི་གྱོན་པ་རལ་པོ་དེ་ཡིན།
 
སྙིང་། དོ་ནུབ་ཀྱི་ཟླ་བའང་། མཆོད་ཁྲིའི་སྟེང་གི་མར་མེ་གཟིམས་རོ་དེའོ། །
 
༢༧
 
བྱང་གི་སྐར་མ་ཨ་བརྟན་ཁྲ་ལམ་མེར་ཁྱོད་ཀྱི་མགོ་ཐོག་ཏུ་ཤར་འདུག་གམ།
 
སྙིང་། ཐུང་མི་ཐུབ་པ་དག །ཇེ་མགྱོགས་སུ་ཡང་གཏོང་དུ་མེད་པ་དག
བཀླག་པར་འགྱུར་བའི«མདའ་དང་འཕང་»[16]གིས་སེལ་ནུས་སམ།
 
མཚམས་འདིར། ངས་བྱང་གི་སྐར་མ་ཨ་བརྟན་ལ་ཕྱོགས་ཏེ།
“འབབ་ཚུགས”ཞེས་པའི་སྙན་ངག་ཅིག་གྱེར་བཞིན་ཡོད།
 
སྙིང་། ཨུ་ཚུགས་ཁོ་ནས་འཁྱོལ་ཐབས་བྱས་པའི་མཚན་མོ་འདིར།
ཁྱོས་ཀྱང་། མུན་པའི་རུམ་ནས་དྲན་གདུང་སྲིང་གིན་ཡོད་དམ།
 
བསྲིངས་བསྲིངས་པའི་མཐར། སླེབ་ཐབས་བྲལ་ནའང་།
དོ་ནུབ། ཡོད་ཡོད་འདྲ་བའི་རྨི་ལམ་ཀློང་ནས།
འཁྱུག་ཙམ་ཐུག་འཕྲད་གནང་བར།
སྐར་མས་ཞལ་བཞེས་མཛོད་དང་།
 
༢༨
 
སྙིང་། སྐར་ཕྲན་ཞིག་ལྟར།
མཐོ་ས་ཞིག་ནས།
ཁྱོད་རང་ལུག་ཁྱུ་ཞིག་ལྟར་སེམས་ཀྱི་རི་སྒང་དུ་འཚོ་ཐུབ་ན།
 
༢༩
 
སྙིང་། ཁྱོད་རང་ཀི་ཐར་འཁྲོལ་བཞིན་བྷོ་ཌི་ལེར་གྱི་སྙན་ངག་ཏུ་འདུག
 
གཟེབ་ཆུང་འདིའི་ཕ་རོལ་ཏུ་འདམ་མྱགས་སམ་ཚེར་མས་ཁེགས་ནའང་།
ཁྱོད་རང་། «སྡིག་པའི་མེ་ཏོག»[17]ནང་གི་ཡིད་བརྙན་རེ་རེར་བརྫུ་ཚུལ།
 
ཡང་ན། སིང་སིང་སིང་ལ་གཏོང་བའི་གླུ་སྐད་དེའི་རྒྱབ་ཀྱི་སིམ་གདུང་།
དུས་ཚོད་མང་པོ་རྒས་རྗེས་ཀྱི་དྲན་པ་ལྷག་མ་དེ་ཡིན་ཆོག་ཨང་།
 
ཅུང་ཙམ་སོང་རྗེས། ཁྱོད་ཀྱིས།
“བློ་དཀར་སེམས་ཀྱི་མེ་ཏོག
ཆུང་དྲིས་ཕྱོགས་ལ་བཞད་ནས།
ཆུང་འདྲིས་གར་འགྲོའི་ས་ལ།
སེམས་པའི་རྐང་ཆུང་ཤོར་སོང་།”ཞེས་གཞས་བཏང་བྱུང་།
 
༣༠
 
སྙིང་། མཚམས་འདིར།
ང་རང་སྒྲོག་གུ་ཞིག་ཡིན་ན་བསམས།
 
དགུན་འཁྱགས་པའི་དུས་སུ།
ཁྱོད་ཀྱི་ཐུ་སྣེ་སུམ་བྱེད་ཀྱི་སྒྲོག་གུ་ཞིག་ཡིན་ན་བསམས།
 
 ཟུར་མཆན། 
[1] གནས་བརྟན་ཐིག་ནཏ་ཧཱན་གྱིས་བརྩམས་ཤིང་ངེས་དོན་རྒྱ་མཚོས་བོད་འགྱུར་བྱས་པའི་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར།
[2] ཁོ་བོས་སློབ་ཆེན་སྐབས་བྲིས་པའི་སྙན་ངག་ཕྱོགས་བསྒྲིགས།
[3] དབུས་གྲོགས་བཅུ་གཉིས་དང་ལྷན་དུ་བརྩམས་པའི་སྙན་དེབ་ཆུང་ཆུང་ཞིག
[4] «人类简史»ཞེས་པ་འདི་ནི་ཡུལ་ལམ་རྒྱལ་ཁོངས་དབྱི་སི་རལ( Israel 以色列 )ནས་ཡིན་པའི་ལོ་རྒྱུས་འབུམ་རམས་པ་ཡོས་ཝོའུ་ནའོ་ཧེ་རེའེ་རིས( Yuval Noah Harari      尤瓦尔·赫拉利 )བརྩམས་ཤིང་། འདིའི་མྱོང་དཔྱད་ལ་གཟིགས་འདོད་ཚེ་ནག་ཤོད་བསྟན་འཛིན་མཚུངས་མེད་ཀྱིས་བྲིས་ཤིང་བྲོ་ཞིང་ཁའི་འཕྲིན་སྟེགས་སུ་སྤེལ་བའི«མིའི་རིགས་ཀྱི་ལོ་རྒྱུས་སྟོང་ཐུན་འོས་སྦྱོར་དང་མྱོང་དཔྱད་ཐོར་བུ»ཞེས་པར་གཟིགས་རོགས།
[5] ཧྥ་རན་སིའི་བརྩམས་སྒྲུང་རྩོམ་པ་པོ་ཀྲུང་མ་གཞོན་པས(1824ལོའི་ཟླ7ཚེས27-1895ལོའི་ཟླ11ཚེས་ཉེར27)བརྩམས་སྒྲུང་འདི1848ལོར་རྟ་དཀར་མགྲོན་ཁང་དུ་ཁེར་རྐྱང་ངང་ཟླ་བ་གཅིག་ལ་བཞུགས་རིང་བརྩམས་པར་གྲགས་ཤིང་། སྒྲུང་འདི་བོད་ཀྱི་བུད་མེད་རྩོམ་པ་མོ་ཚེ་རིང་གཡང་སྐྱིད་ཀྱིས་བརྩམས་པའི«མེ་ཏོག་དང་རྨི་ལམ»དང་ཆ་འདྲ་བའི་བརྩམས་སྒྲུང་ཞིག་ཡིན། སྒྲུང་འདིའི་མི་སྣ་གཙོ་བོ་སྨད་ཚོང་མ་མཱ་ཀེ་ལི་ཐེ་དང་ཨར་མང་གཉིས་ཀྱི་ཡ་ང་བའི་བརྩེ་དུང་བརྗོད་སྙིང་དུ་བྱས་ཏེ། སྐབས་དེའི་གྲལ་རིམ་སྤྱི་ཚོགས་ཀྱི་སྣང་བརྙན་ཟ་དང་ཟུར་ནས་མངོན་པར་བྱས་ཡོད། སྒྲུང་འདིའི་འགྱུར་མ་ལ་རང་རེ་བོད་དུའང་སྔ་ཕྱིར་འགྱུར་མི་འདྲ་བ་གཉིས་བྱུང་ཡོད་དེ། གཅིག་ནི་ཨོ་རྒྱན་རྡོ་རྗེ་ལགས་ཀྱིས་བསྒྱུར་གནང་བའི«ཇ་ཤིང་མེ་ཏོག་མ»དང་། གཅིག་ཤོས་ནི་རྡོ་རྗེ་ཚེ་བརྟན་གྱིས་བསྒྱུར་གནང་བའི«ཨ་ཅེ་མེ་ཏོག་གཡང་འཛིན་མ»གཉིས་ཡོད། སྔ་མ་ནི་རྒྱ་ཡིག་གི་ལམ་ནས་བོད་འགྱུར་བྱས་པ་དང་ཕྱི་མ་དབྱིན་ཡིག་གི་ལམ་ནས་བོད་འགྱུར་བྱས་པ་ཞིག་ཡིན་འདུག
[6] «安娜·卡列尼娜»ནི་ཨུ་རུ་སུའི་སྒྲུང་གཏམ་རྩོམ་པ་པོ་ལེ་ཧྥུ·ཐོར་སི་ཐེས་བརྩམས་ཤིང་། སྒྲུང་དེའི་མི་སྣ་གཙོ་བོ་ཨན་ན·ཁ་ལེ་ཉི་ནའི་ཚུལ་འཆོས་དང་སྒེར་སེམས་ཆེ་བའི་གཤིས་ཀས་ཁོ་མོ་བརྩེ་དུང་གི་ལམ་ནས་ཕམ་བཅུག་སྟེ། མཐར་མེ་འཁོར་ལྕགས་ལམ་དུ་ཉལ་ཏེ་རང་ཤི་བརྒྱབ་དགོས་ཁེལ་བའི་ཡ་ང་བའི་བརྩེ་དུང་སྐྱོ་གར་ཞིག་ཡིན། སྒྲུང་དེའི་རྩོམ་པོས་མི་སྣ་འདི་འདི་ལྟར་ལྔ་ལམ་དུ་བརྫང་འདོད་མེད་ཀྱང་། སྨྱུག་ཁ་རང་དབང་མ་བྱུང་བའི་ཡ་མཚར་བའི་གཏམ་རྒྱུད་ཅིག་ཀྱང་བཤད་རྒྱུ་ཡོད་པ་འདྲ།
[7] པདྨ་ཚེ་བརྟན་གྱི་མངོན་ཡོད་དང་དད་མོས་བར་གྱི་འགལ་འདུ་བརྗོད་པའི་གློག་བརྙན་ཞིག་པས། འདིར་བརྙན་དཔྱད་མང་པོ་བྱུང་ཡོད་ཀྱང་ཅུང་ཟད་བཀླག་སྤྲོ་བ་ནི་འཇིགས་བྱེད་འཚོའི་བརྙན་དཔྱད་དེ་རེད་འདུག་སྙམ་པ་བྱུང་བས་དེར་གཟིགས་རོགས་ཞུ་རྒྱུ་དང་། དེ་ལྟར་ཞུ་བའི་རྒྱུ་མཚན་ཡང་། རང་རེའི་གློག་བརྙན་གྱི་བསྟན་པ་གཞི་ནས་དར་འགོ་ཚུགས་པའི་མཚམས་འདིར་བརྙན་དཔྱད་ཀྱང་སྐྱ་ཟད་སྔོ་སྡུག་གི་ཚུལ་དུ་ཡོད་པ་བཤད་ག་ལ་དགོས་ཀྱང་། རང་གི་ཚོར་སྣང་ཙམ་པོ་བ་དང་སྒེར་གྱི་མཛེས་འཛིན། ཡུལ་གོམས་གཤིས་ལུགས་སམ་འཚོ་བ་དངོས་དང་མཐུན་མིན་གྱི་དཔྱད་བརྗོད་ལས་རིང་དུ་བརྒལ་ཏེ། བགྱི་བ་དེར་ཉེ་བར་མཁོ་བའི་རིག་ལམ་སྣ་ཚོགས་བེད་སྤྱད་དེ་དཔྱད་བརྗོད་སྤེལ་མཁན་ནི་ཁོ་མོ་ཙམ་དུ་མཐོང་བས་སོ། །
[8]  «撒哈拉的故事»ནི་རྒྱའི་རྩོམ་པ་མོ་སན་མོས་ཁོ་མོ་གནས་དེར་འཚོ་བའི་འཚོ་བའི་ཟིན་བྲིས་ཤིག་ཡིན།
[9] རུས་པའི་རྒྱན་ཅན་གྱིས་བརྩམས་པའི་རྗེ་མི་ལའི་རྣམ་ཐར།
[10] ཨ་མི་རི་ཁའི་ལོ་རྒྱུས་རིག་པ་བ་སི་ཐ་ཧྥུ་ལི་ཨ་ནོ་སིས་བརྩམས་པའི་འཛམ་གླིང་ལོ་རྒྱུས་རྒྱས་ཤོས་དང་ད་བར་ཀུན་གྱིས་ཁས་ལེན་ཐོབ་པའི་དེབ་མཆོག་ཅིག་ཡིན་པར་གྲགས།
[11] «月亮与六便士»དབྱིན་ཇིའི་རྩོམ་པ་པོ་མོའོ་མུའུ(毛姆 Maugham 1874-1965 )ཡིས་བརྩམས། སྒྲུང་འདིའི་མྱོང་དཔྱད་ལ་གཟིགས་འདོད་ཚེ་ཁོ་བོས་བྲིས་ཤིང་མཚོ་སྔོན་བོད་ཡིག་ཚགས་པར་སྟེང་སྤེལ་བའི«སྒྱུ་རྩལ་དང་སྒེར་གཤིས»ཞེས་པར་གཟིགས་འཚལ།
[12]  «追风筝的人»ནི་ཨ་ཧྥུ་ཧན་གྱི་སྒྲུང་གཏམ་རྩོམ་པ་པོ(卡勒德·胡赛尼 Khaled Hosseini )བརྩམས་པ་ཞིག་ཡིན་ལ། སྒྲུང་འདིའི་བཀླགས་མྱོང་ལ་གཟིགས་འདོད་ཚེ་འུག་པས་བརྩམས་ཤིང་མཐོ་སྒང་རྗི་གླུའི་འཕྲིན་སྟེགས་སུ་སྤེལ་བའི«ཤོག་བྱ་འདེད་མཁན་བཀླགས་རྗེས»ལ་གཟིགས་རོགས།
[13]  «死亡诗社»ཞེས་པའི་གློག་བརྙན་འདི་ནི1989ལོའི་ཟླ6པའི་ཚེས2ཉིན་གཟིགས་འབུལ་ཞུས་ཤིང་། དེ་ནི་སྤྱན་རྒྱང་ཡངས་པའི་དགེ་རྒན་དང་སློབ་མ་སྐོར་ཞིག་མཉམ་དུ་འཛོམས་ཏེ། བག་ཉལ་དང་མཁྲེགས་འཛིན་གྱི་རྒྱ་ལས་བརྒལ་བར་འདོད་པའི་ཚོགས་མའི་སྐྱིད་སྡུག་བརྗོད་པའི་གློག་བརྙན་ཞིག་ཡིན།
[14]  «泰坦尼克号»ཞེས་པའི་གློག་བརྙན་འདི་ནི1912ལོར་ཐེའེ་ཏན་ནི་ཁེ་རྟགས་ཅན་གྱི་གཟིངས་ཆུར་བྱིངས་པའི་དངོས་ཡོད་ཀྱི་གནས་ཚུལ་གཞིར་བཟུང་སྟེ། གྲལ་རིམ་མི་གཅིག་པའི་གཞོན་ནུ་ཕོ་མོ་གཉིས་ཀྱི་བརྩེ་དུང་བརྗོད་གཞིར་བྱས་ནས་འཁྲབ་པ་ཞིག་རེད།
[15] འདི་ནི་བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱིས་བརྩམས་པ་ཞིག་ཡིན་ལ། རྒྱལ་ཕྱི་ནང་གི་ཡིག་རིགས་ལྔ་དྲུག་ཙམ་ལ་བསྒྱུར་ཟིན་ཞིང་ཡིག་རིགས་ཁ་ཅིག་ལ་འགྱུར་མི་འདྲ་བ་རེ་གཉིས་ཡོད་པར་གྲགས།
[16]  མཁར་རྨེའུ་བསམ་གཏན་གྱིས་བརྩམས་ཤིང་། པོད་གསུམ་གྱི་བདག་ཉིད་ཅན་དེ་ནི་ཆོས་ལུགས་དང་ལོ་རྒྱུས། ཆོ་ག །དད་མོས། གཏམ་རྒྱུད། ཡུལ་གོམས་གཤིས་ལུགས་སོགས་ལ་དཔྱད་པའི་གཏམ་ཚོགས་ཤིག་ཡིན།
 [17] དེ་ནི་མི་སྡུག་པའི་ཐ་སྙད་རེ་རེའི་ཁྲོད་ནས་མཛེས་པ་རྩལ་དུ་འདོན་མཁན་གྱི་ཧྥ་རན་སའི་བསྡུས་བརྗོད་རིང་ལུགས་དང་ལྷུག་རྩོམ་སྙན་ངག་གི་ཤིང་རྟའི་སྲོལ་འབྱེད་པ་ཤག་ལུ•བྷོ་ཌེ་ལེར(波德菜尔Baudelaier,1821-1867)གྱིས་བརྩམས་པ་ཞིག་ཡིན་ལ། རྩོམ་པ་པོ་དང་ཁོང་གི་གསར་རྩོམ་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱ་འདོད་ཚེ་ཁོ་བོས་བྲིས་པའི་དཔྱད་རྩོམ«ལྷུག་རྩོམ་སྙན་ངག་གི་ངོ་བོ་དང་བྱུང་འཕེལ་སོགས་གླེང་བ»(2020ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་འདོན་ཐེངས་གཉིས་པའི་སྟེང་འཁོད)ཞེས་པར་གཟིགས་འཚལ།

རྩོམ་སྒྲིག་པ། དབང་མོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྙན་ངག་རིང་མོ། 《ཨུ་དུམ་ཝ་རའི་ཚལ》

2021-08-14 གཙང་དྲག་ཆར།(ལྷ་ས) ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།