དྲན་པའི་སྣེ་མོ།
ཕ་ཡུལ་ནས་ཡང་ཡང་རྒྱང་རིང་དྲན་ཞིང་།
རྒྱང་རིང་གི་ནམ་ཟླ་དང་འཚོལ་སྙེག་བསམས།
རྒྱང་རིང་ནས་སླར་ཡང་ཕ་ཡུལ་དྲན་ཞིང་།
ཕ་ཡུལ་གྱི་མཛའ་བཤེས་དང་ཕྱི་ཐག་མཁོ།
གང་ལྟར། མི་ཚེ་ནི་དྲན་པས་བཏེག་པའི་ཆང་ཕོར་ཞིག་རེད།
ཆང་ཕོར་དེ་ཆང་རྫ་མང་པོར་འཕྲད་མྱོང་ཤིང་།
ཆང་མ་མང་པོར་མཆུ་དང་འཕོངས་མགོ་གཏུགས།
དྲན་པ་ནི་ཁ་གང་རྒྱུ་མེད་པའི་ཁུག་མ་ཞིག་ཡིན།
ཁུག་མའི་ནང་ལ་འཛུམ་དང་གཡོ་སྒྱུའི་ཁ་དོག་མི་འདྲ་བ་མང་པོ་ཤོང་ན་ཡང་།
བདེན་དང་ཆོས་ཉིད་ཀྱི་ཞལ་རས་ཐ་སྙད་ཙམ་ཡང་ཤོང་ཐབས་མ་ཡོད།
ངས་ཁྱོད་རང་བཙལ་ནས་གང་སར་བརྒྱུགས་ན་ཡང་།
ཁྱོད་ནི་ང་དང་རྒྱང་མ་བཀྱེད་པར་ཡིབས་ནས་བསྡད་དེ།
ངོ་ཤེས་མང་པོའི་ཁྲོད་ནས་ཁྱོད་ཁོ་ན་རྒྱུས་མེད་དུ་ལུས།
བསྐལ་པ་མང་པོའི་རིང་ལ་རྒྱུས་མེད་དུ་ལུས།
ང་ཨ་ཐང་ཆད་དེ།
ཚེ་འདིའི་སྣང་བ་མཐའ་དག་ཅོག་གེར་བཞག་ཅིང་ལང་གེར་བསྐྱུར་བ་ན།
ཁྱོད་ཁ་རོག་གེར་ཁུ་སིམ་མེར་དུས་གསུམ་ལ་ཁེག་པ་མེད་པར།
ཟོལ་མེད་རང་བྱུང་གིས་ཆོས་ཉིད་གཅེར་རྗེན་མར།
དབྱིབས་དང་ཁ་དོག་གང་གིས་ཀྱང་མ་བསླད་པར།
ཐ་སྙད་དང་རྣམ་རྟོག་གི་རྒྱ་ལས་གྲོལ་ཏེ།
མྱོང་བ་རང་དང་ཁ་མ་བྲལ་བར་ང་ལ་དབང་ཆོག་གམ།
2021/11/18
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།