ལུག་ཁྱུ་འཚོལ་བའི་རྫི་བོ།

དགའ་བཀྲ་ཤིས་རྡོ་རྗེ།(ཅོ་ནེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-03-28
               ༡
རུས་རྐང་གི་འོ་མ་ན་ང་རྒྱལ་གྱི་ཉི་མ་ཤར།  
ཡིད་སེམས་ཀྱི་རེ་འབོད་ན་ང་རྒྱལ་གྱི་ཟླ་བ་ཚེས། 
ལག་ཟུང་གི་ཕྲེང་བར་དུ་མ་ཆུད་པའི་མེ་ཏོག་ཅིག
 
ཁ་སང་གི་ནམ་མཁའ་དེབ་ཐེར་དུ་བཀོད།
ཁ་སང་གི་ས་གཞི་ཡང་དེབ་ཐེར་དུ་འཆར།
གསུང་རབ་ན་གསལ་པའི་ཁ་ཆེམས་ཀྱི་ཡི་གེ་ཁ་ཆེམས་ལས་ཤོར།
 
འགྲམ་ཤ་འགུལ་ཙམ་གྱི་ཁ་རླངས་ལྡང་དུས།
སྙིང་དུ་སྡུག་པའི་མཆུ་སྒྲོས་ཀྱི་འཇམ་མཉེན་ཁོ་ན་དྲན། 
 
བདག་གི་ལུག་ཁྱུ་ལགས།   “ལུག་རྐྱང་པ་བོར་སླ”་ཟེར་བ་བདེན་ནམ། 
 
              ༢
ལྡེམ་ལྡེམ་གྱི་མེ་ཏོག་དང་སྤྲིན་པ། 
མཚན་མོ་ཡི་མཛེས་མ་དང་བསླུ་བྲིད།
 
རུམ་གཞུང་ལ་རླུང་བུ་ལྡང་དུས།
རྨི་ལམ་གྱི་རྡོག་ཁྲེས་ཁུར་བའི་རྔོན་པ་ཁོ་ན། 
ས་སྲོད་ཀྱི་མཚམས་སྤྲིན་སྲུང་བའི་ཆུ་རིས།
 
རྐང་ནད་ལ་མགོ་སྨན་འཐུང་དོན་ག་རེ་ཡིན་ནམ།
 
              ༣
རྨི་ལམ་འཁྲུག་པའི་ལོ་ཟླ་ནི་མཚན་མོ་ཞིག
སྐྱ་རེངས་ཁུར་བའི་ལོ་ཟླ་ནི་ལང་ཚོ་ཞིག
 
ཡིད་ཆེས་ཀྱི་སེམས་རྩ་ལྷོད།    དུང་ཞེན་གྱི་མདུད་པ་ཞིག
གངས་འཚུབ་ཀྱི་རི་མོ་ངོ་གདོང་ལ་འཚང། 
འོད་ཞགས་ཀྱི་ཟེགས་མ་རེ་རེ་ཡང་ངོ་གདོང་ལ་མཆེད། 
བསམ་གཞིག་གི་རྟ་ཕོ་སྲུང་བའི་སྒེའུ་ཡོལ་ཁོ་ན། 
རླུང་གིས་སྒུལ་མ་ཐུབ་པའི་མེ་ལོང་ཞིག  
 
བདག་ལ་སྙིང་ཉེ་བའི་གྲོགས་པོ་ཚོ།  
“རྐང་པ་ཕར་བརྐྱངས།  ཉི་མ་ཚུར་བསྲོས།”

              ༤
སྒེའུ་ཁུང་ན་འཆར་བའི་བྱ་རྒོད་ཀྱི་གཤོག་པ།
དཀར་གཟར་གྱི་བྲག་རྩེ་ན་མངོན་པའི་བྱ་རྒོད་ཀྱི་གཤོག་པ།
ཉི་འོད་ཀྱི་ཚ་དྲོད་ན་འཁྱིལ་བའི་བྱ་རྒོད་ཀྱི་གཤོག་པ།
ཟླ་འོད་ཀྱི་གྲིབ་བསིལ་ན་ལུས་པའི་བྱ་རྒོད་ཀྱི་གཤོག་པ།
 
བཀའ་དྲིས་སྔོན་པོར་ཞུ་ལན་ལྗང་གུ་ཐོབ་དོན་ག་རེ་ཡིན་ནམ།
 
              ༥
གངས་འདབས་ཀྱི་ཁ་བ་རྡོག་རིལ་དུ་བཏང་རྗེས།
སུ་ཞིག་གི་ངོ་གདོང་ནག་པོ་དེ་ཡིད་ལ་དྲན་དྲན་དུ་ཡོད།
 
སྒམ་ཆུང་གི་ལྕགས་ལུང་སིལ་སིལ་དུ་འགུལ།
འཁྱག་གྲང་གི་རླུང་བུ་དེ་ཡང་བསིལ་བསིལ་དུ་ལྡང་།
ལྷམ་སྒྲོག་གི་མདུད་པ་བཤིག་པའི་བྱིས་པ་གཅིག
ལུས་པོ་འདར་སིག་སིག    ངག་སྒོ་འདར་སིག་སིག
ཐ་སྙད་ཀྱི་འགག་འཕྲང་མ་གྲོལ་བའི་སྐད་ཆ་ག་རེ་ཡོད།
 
              ༦
མགོ་བོ་སྒུར་ནས་ཁང་མིག་ཅིག་ཏུ་འཛུལ།
ཉི་འོད་ཀྱི་སྐུད་པ་ཁོ་ན་ངོ་གདོང་གིས་བསུས།
མེ་སྟག་གི་དྲོད་ཚད་གླེང་།  རྔུལ་ཆུ་ཡི་འཁྲུལ་སྣང་ཤན།
 
ལྟེ་ཚེག་མ་རྙེད་པའི་སྒོར་ཐིག་ཅིག་བྲིས་པ་ནས།
ཆམ་པ་ཞེས་པའི་ཐ་སྙད་ཅིག་ཀྱང་རུས་གསེང་ལ་ཐིམ།
 
              ༧
གཉིད་ལས་མ་སད་པའི་སྔ་རོལ་དུ།  
ལག་པ་བསྲིང་ནས་སྨྱུ་གུ་ལེན་པའི་སྤོབས་པ་སུ་ལ་ཡོད་དམ། 
 
ཚེ་སྒྲོན་གྱི་ཁུག་མ་ནག་པོ་དེར།
གྲིབ་གཟུགས་ཀྱི་གྲིབ་གཟུགས་ག་ཚོད་ཅིག་བསྐུངས་ཡོད་དམ།
གྲིབ་གཟུགས་སྔོན་དུ་བསྐྱོད་དེ།   ཁྱི་གུ་རྗེས་སུ་ཁྲིད་པའི་ཚེ་སྒྲོན། 
 
སྙིང་གི་ཏིག་སྒྲ་ཁུར་བའི་སྒམ་ཆུང་དེ་ན། 
ཟླ་གསུམ་པའི་གཏམ་རྒྱུད་ཤིག་ཤིག་ཤིག
 
               ༨
ཤོག་དཀར་ངོས་སུ་ཡིད་ལ་དྲན་པའི་ཚོན་རིས་འགའ་ཕབ་པ་ན། 
ཚེ་སྒྲོན་གྱི་སེམས་སུ་འདས་སོང་གི་རི་མོ་སྟོང་ཕྲག་འཆར།
དེ་འཕྲལ་དུ།   ལག་ཁུག་ནས་སྨྱུ་གུ་ནག་པོ་གཅིག་བླངས།
རྟབ་རྟབ་པོར་ཡིད་འོང་གི་མཛེས་རིས་ཤིག་མཚན་ངོགས་སུ་བསྐྱལ། 
 
འདྲིས་ཆ་སྟོར་བའི་རི་རབ་ཀྱི་གསེང་ན།
ཆང་དྲི་བཙན་པའི་མཛེས་མ་ལྡེམ་ལྡེམ་དུ་གཡོ།
སྒེག་ཉམས་ཀྱི་མེ་ཏོག་ལ་ཟེའུ་འབྲུ་ཡི་བཀྲག་མདངས་བོར།
ཕྱེད་མངོན་ཕྱེད་སྒྲིབ་ཀྱི་གར་སྟེགས་ཤིག་བདག་གིར་བཟུང་ན་ཡང་།
མདུན་རྒྱབ་ཀྱི་ཡོལ་བའི་གསེང་ན། 
ཁ་དོག་དང་ཚོན་རྩི་མི་འདྲ་བའི་བྱ་བརྒྱ་ཚང་ནས་དཀྲོགས་པ་བཞིན།  
 
              ༩
ཕུ་ནུའི་ཞེ་རྩ་མ་ཐོར་བའི་སྔ་རོལ་དུ། 
མི་རབས་ཀྱི་བཞུགས་གདན་མ་བསྒྲིལ་བའི་སྔ་རོལ་དུ།
སྐྱབས་འགྲོ་དང་བཟློག་བསྒྱུར་མཉམ་དུ་འཁྲོལ།
 
གཉེན་ཚན་གྱི་མཆོད་རྟེན་ལ་གཟི་བརྗིད་ཆེ། 
མིང་སྲིང་གི་ལྡེབས་རིས་ལ་བཀྲག་མདངས་ཆེ།
 
             ༡༠
སྟོན་རླུང་གི་བུ་མོ་གནས་ལ་བརྫངས་རྗེས།
ཕ་ཁྱིམ་གྱི་གཞིས་ཀ་ཤུལ་ཏུ་ལུས།
གནས་འགྲོ་མའི་གོམ་ཁ་ན་བཞད་པའི་མེ་ཏོག་ཟུང་།
མགྲོན་པོའི་ལག་མཐིལ་ན་ཡོམ་ཡོམ་དུ་འགུལ།
ངང་སྒུག་གི་རི་རབ་དང་ཟླ་བ།
ཕ་མའི་བརྩེ་བ་དང་ཡུལ་ལྗོངས།
 
སྨྲ་བ་འགག་པའི་ལོ་ཟླ་དུ་མར།
བག་འཁུམ་ཞིང་ཆོད་མེད་པའི་དྲན་པ་མང་ན་ཡང།
བསྲན་ཚུགས་དང་ངང་རིང་གི་ལོ་ཟླ་ཁ་བ་བཞིན་འབབ།    
 
ཕོན་ཆེ་བའི་རྫོངས་པ་ལ་འགྲོགས་ནས།
ཆུ་ཆེན་གྱི་ཕ་རོལ་དུ་བསྐྱལ་ཉིན་ནས།
ཆུ་བོར་བགྲོད་བྱེད་ཀྱི་ཀོ་གྲུ་ལེགས་པོ་བཟོ་བའི་གྲ་སྒྲིག་ག་ཙམ་ཡོད།
 
སླར་ཡང་།   ཕ་ཁྱིམ་དུ་ལོག་པར་དངངས་སྐྲག་ཆེ་བ་ལ་ཅི་ཁག 
 
              ༡༡
ལྡེ་མིག་བོར་ཉིན་ནས།  མགར་བ་དང་ཁང་མིག་ཡང་ཡང་བཙལ།
སྒེའུ་ཁུང་གསེང་གི་གྲོག་མ་ཁེར་རྐྱང་དེ་ལ།
ཉི་འོད་དང་རླུང་བུ་ཡི་ཁྲུས་ལ་རོལ་སྐལ་མ་བྱུང་།
 
བློ་གྲོས་ཀྱི་གྲོགས་པོ་ཇི་བཞིན།
བརྩེ་དུང་གི་གྲོགས་མོ་ཇི་བཞིན།
རུས་རྐང་གི་ཆུང་མ་ཇི་བཞིན།
 
གཏམ་རྒྱུད་ཀྱི་སྲོག་ཤིང་ལ་མི་ཚེ་ཡི་དར་སྐུད་བསྒྲོན་ཡོད།
ལོ་རྒྱུས་ཀྱི་གླེགས་བམ་ལ་དུས་རབས་ཀྱི་ཁ་མིག་བྲིས་ཡོད།
 
             ༡༢
གདངས་འགག་པའི་གླུ་སྐད་ཅིག་ཆུ་ལ་ཟགས།
 
འབྲོང་རྒོད་ཀྱི་རྭ་རྩེ་ན་འཕྱུར་བའི་ས་རྡུལ་གྱི་རླངས་པ།
ཁྲེལ་མེད་ཀྱི་མིག་ཟུང་ནས་ཤོར་བའི་ཞེ་སྡང་གི་མེ་ཏོག
ཁེར་རྐྱང་གི་འགྲུལ་བཞུད་ལ་མཁོ་བའི་ཡང་ཟོར་གྱི་སྣང་བ།
 
ལུང་བསྟན་གྱི་སྒྲོམ་དུ་མ་ཆུད་པའི་ཚེ་སྲོག་ཅིག
སུ་ཞིག་གིས་ཚེ་ཐར་དུ་གཏོང་འདོད་པའི་མེ་ཏོག་ཁོ་ན།
དགུན་གཞུང་གི་འགྲམ་དར་ལ་རི་སྤྱང་དང་དྲག་རླུང་གིས་ལྕེ་ལྡག་མ་ཕོད། 
 
སྤོབས་སེམས་ཀྱི་རྔམ་བརྗིད་མཐོ་རུ་འདེགས་པའི་རི་རབ།
 
             ༡༣
སྣང་བ་ལ་བདག་པོ་བྲལ་ན་ཡང་། 
བྲང་ཁོག་སྟོད་ཀྱི་མགྲིན་པ་འགག་ན་ཡང་།  
གླུ་ཆུང་གི་གདངས་དབྱངས་མི་འཁྲོལ་བའི་དུས་ལ་སླེབས་མེད།
 
མགོ་ལྟག་གི་རལ་བ་ཁོ་ན།   རྩིས་ཐང་གི་གསེར་ཡིག་ཁོ་ན།
 
                     2021/12/31ཉིན་ཅོ་ནེའི་ལན་ཐིན་ཇ་ཁང་ནས་བྲིས། 
                           2022/1/31ཉིན་དབུས་ཉི་མ་ལྷ་སའི་མེ་ཏོག་ཇ་ཁང་ནས་བཅོས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལུག་ཁྱུ་འཚོལ་བའི་རྫི་བོ།

2022-03-28 དགའ་བཀྲ་ཤིས་རྡོ་རྗེ།(ཅོ་ནེ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།