འཁོར་བའི་ཉི་ནུབ།(སྙན་ཚོམ)
༡ སྐར་མ་བརྩི་བའི་དགེ་རྒན་པཱ་ལགས།
དེ་དུས རི་ཁུད་ཀྱི་ནམ་མཁའཆར་གདུགས་སྔོན་པོ་ཞིག་ལྟར
ཁྱོད་བཞུགས་སའི་དེའུ་འབུར་སྟེང་ཕུབ་ཡོད
ཁྱོད་ཀྱིས སྐར་མ་ཞིག་ལ་མཛུབ་མོས་བསྟན་ནས
“ཀ”་ཞེས་ངག་ལ་བཏོན
ངས་ཀྱང་དེ་ལྟར་“ཀ”་ཞེས་བཀླགས་པ་དེ
ལུང་པ་ཆུང་ཆུང་དེའི་སྟེང་ཕྱོགས་སུ་མཆེད་སོང
རྗེས་སུ ང་རང་ནར་སོན་ཡང
ཁྱོད སྔོན་གྱི་དེའུ་འབུར་དེར་བཞུགས་ནས
ངས་སྐར་མ་བརྩི་བར་བལྟས་ཡོད
ལོ་དེའི་མཚན་མོ་ཞིག་ལ ངས་སྐར་མ་རེ་རེ་བརྩི་སྐབས
སྐར་མ་གཅིག མི་དམིགས་པའི་སྨག་ནང་ལ་ཐིམ་སོང
མཚན་མོ་དེ་ནས ངས་ཅི་ལྟར་བརྩིས་ཀྱང
སྐར་མ་དག་བརྩི་ནོར་ཡང་ཡང་ཐེབས
ཀ་དེ ཡང་ན་སྐར་མ་དེ
དོ་ནུབ མཆོད་མེ་ཞིག་དང་འདྲ་བར
ཁྱོད་ཀྱི་སྐུ་པར་མདུན་ནས
དམར་ལྷབ་ལྷུབ་འབར་བྱུང
ལོ་མང་བོའི་རྗེས་ཀྱི་དོ་ནུབ
ངས་སྔོན་ཆད་ནང་བཞིན
མུན་ནག་ཀློང་ནས“ཀ”་ཞེས
སྐད་ཆེན་པོས་བཀླགས་ནའང
ལུང་པ་ཆུང་ཆུང་དེ
སྟོང་བར་ལུས་འདུག
༢༠༢༡/༩/༩ཉིན་ཁམས་ནས།
ངའི་བོད་ཡིག་དགེ་རྒ་ཐོག་མ་ནི་བརྩེ་བའི་པཱ་ལགས་ཡིན། ངའི་རྩོམ་རིག་དགེ་རྒན་ཐོག་མའང་ཁོང་ཡིན།
༢ དགུན་ནམ་རིང་མོ།
བྱེའུ་ཚང་དེ་གཏོར་བསཕ་ལགས་ཀྱི་ཞལ་མདངས་ནག་རོག་གེར
བེ་ཅོན་དཀར་པོ་ཞིག་ཕྱག་ལ་འཕྱར་ཏེ
བྱིས་དུས་ཀྱི་འཇའ་ཚོན་ཀློང་ནས་མཆོངས་ཡོང
ང་ནི་སྐྲག་ཐག་ཆོད་ཅིང་བྲོས
བྲོས་ཀྱིན་བྲོས་ཀྱིན
ས་མཐའ་ཞིག་ལ་སླེབས་སོང
ཁོང་གིས ཐལ་ལྕག་གཞུ་གྲབས་ཀྱིས
དབྱངས་ཡིག་ག་ཚོད་ཡོད་ཟེར
ང་རང་འདར་བཞིན“བཞི་ཡོད”ལབ
དབྱངས་ཡིག་བཞི་བོ་དེ
སྐྱེ་རྒ་ན་འཆི་བཞི་རུ་གྱུར
དེ་དག་གིས་མནར་བའི་ང་རང
ས་མཐའ་ནས ཁོང་གིས་ཐལ་ལྕགས་སྤྲད་པ་བཞིན
སྐད་ཆེན་པོས་ངུས
ངས་ཁོང་གི་དཔུང་བ་ནས་བསྐྱོར་ཏེ
ནད་བརྟག་ཁང་གི་སྒོར་བུད
མི་ཚོགས་ནི འཁོར་བའི་རབ་གསལ་ནང་དུ
བརྟག་དཔྱད་མཇུག་འབྲས་དང
བདེ་སྐྱིད་ཀྱི་ཉི་མ་ལ་སྒུག
ང་ཚོས་ཀྱང དེ་ལྟར་སྒུག
ཁོས་གིས་ཀྱང “མ་འོངས་པ”ཞེས་པ་ཞིག་ཡང་ཡང་གླེང
ཁོང་གིས་ང་ལ་སྨྲ་བ་མེད་པར་མ་སྡོད་གསུངས
མི་དང་འདྲེས་ཐབས་གྱེས་ཤིག་གསུངས
སློབ་སྦྱོང་ལ་འབུངས་དགོས་གསུངས
མཇུག་མཐའི་ནངས་ཇ་དེ་བཞེས་སྐབས་ཀྱང
དེ་ལྟར་གསུངས ཡང་ཡང་གསུང་བ་བཞིན
མི་རྣམས་དང་འདྲེས་མི་ཐུབ་པའི་ས་མཐའ་ནས
ངས་དེ་དག་དྲན་ཚེ་སྨྲ་བ་མེད་པར་སྡོད་དགོས་བྱུང
དགུན་ནམ་རིང་མོའི་ངང་སྒུག་ཁྲོད
ཁོང་གིས ཚ་རུའམ་ད་དབྱི་རིང་པོ་ཞིག་མནབས
དབུ་ལ་རྒྱ་ཞྭ་སྨུག་པོ་ཞིག་མཆོད་དེ
གཟི་བརྗིད་ལྡན་པའི་ངང
རྨི་ལམ་རེ་རེའི་ནང་དུ་ལོག་ཕེབས་གནང
རྨི་ལམ་ལས་སད་རྗེས་ནི
ཁ་བ་ལྷབ་ལྷུབ་འབབ་པའི་ཞོགས་པ་ཞིག
ཁ་བའི་འདབ་མ་རེ་རེ གཏམ་ཚེར་མ་འདྲ་བ་རེ་རེ་གྱུར་ནས
ཤ་དང་རུས་པའི་གསེང་ལ་བབས
ཁོང་གིས ཡང་ཡང་གླེང་མྱོང་བའི
“མ་འོངས་པ་”དེ་བསྐྱུར་ནས་ཕེབས་སོང་ཟེར
མ་འོངས་པ་དེའི་ནང་ལ ང་རང་གཅིག་པུར་བསྐྱུར
གཅིག་པུར ད་དུང་ཡིད་ཆེས་ཐབས་མེད་པ་དེ་དང
ཡིད་ཆེས་པ་དེ་གཉིས་ཀྱི་ན་ཟུག་ནང
དགུན་ཁ་ཞིག་ཕར་བསྐྱལ་ནས
འབོལ་ཁྲིར་རྒྱབ་བསྙེས་པར་བརྩམས་ཀྱང
བར་སྣང་སྟོང་པ་ལས་ང་ལ་ཁེན་ས་ཞིག་ཡེ་ནས་མི་འདུག
༢༠༢༢/༢/༢༡
༣ འོད་ཟེར་གྱི་གདུ་བུ།
—པཱ་ལགས་ལ་སྐུ་འཚོ་ཞིང་བཞུགས་དུས་ཁོང་ལ་དངུལ་གྱི་གདུ་བུ་ཕྲ་རྒྱན་ཅན་ཞིག་ཡོད།
ཁྱོད་རང ཁྱོད་ཀྱི་གདུ་བའི་སྟེང་གི་འོད་ཟེར་ནང་བཞུགས་དུས
ང་རང་གང་དུ་འགྱིང་ཡང་ཉི་མ་ཤར་འདུག
ཕོ་བརྒྱའི་དཔའ་བསོད་ངོམ་ས་ནས
ཕྱག་གཡོན་དགུང་ལ་བཏེགས་མཁན་ཁྱོད
གདུ་བའི་འོད་ཟེར་ལམ་ལམ
མུན་པ་ཕྱོགས་བཞིར་གཏོར་སོང
འོད་ཟེར་དཀར་པོ མཁའ་ལ་ཐིམ་སོང
འོད་ཟེར་དམར་པོ ང་ལ་ཐིམ་སོང
གདུ་བའི་འོད་ཟེར འོད་ཟེར་ཀྱི་གདུ་བུ་ཁྱོད
ཁྱོད་ཀྱིས རལ་གྲི་འཛིན་བྱེད་ཀྱི་ངའི་ལག་པ་འདི་འོ་མས་བརྒྱན་སོང
ཁྱོད་ཀྱིས གདུ་བུའི་སྟེང་དུ་འོད་ཟེར་བཀུག་ཀྱང
ངས འོད་ཟེར་དེའི་ནང་གི་མི་རྟག་པ
གདུ་བུ་བཞིན་བཀུག་ཐབས་མ་བྱུང
ལོ་དེར ཁྱོད་ཀྱི་ལག་མགོ་ན་སྔོན་གྱི་གདུ་བུ་མི་འདུག
ཁྱོད་ཀྱི་ལག་མགོར གདུ་བུ་གཞན་ཞིག་མནབས་སོང
གདུ་བུ་དེ་ཞགས་པ་ཞིག་ཏུ་གྱུར་ནས
དེས་ཁྱོད་རང་གཏན་དུ་ཁྲིད
ཁྱིམ་སྟོང་འདིར་ང་རང་ལུས་ཉིན ཁྱོད་ཀྱི་གདུ་བུའང་ལུས་སོང
ཁྱོད་ཀྱི་གདུ་བུའི་སྟེང་གི་འོད་ཟེར་ཀྱང་ལུས་སོང
དེ་ནས་བཟུང འོད་ཟེར་དེས སླར་ཡང
ང་ལ་མནར་གཅོད་ཚད་མེད་མྱོང་དུ་བཅུག
༢༠༢༡.༨.༣༡ཉིན་ཁམས་ནས།
༤ བསྐལ་པའི་སྟོན་མཇུག
སྟོན་ཀ་ཚེས་སོང ཨ་ཕ
སྟོན་ཀ་ནི་འབྲི་མོ་སེར་བོ་ཞིག་དང་ཀུན་ནས་མཚུངས
འབྲུ་མོ་སེར་བོ་དེ མཚམས་རེར
ཁྱོད་ཀྱི་བསང་ཁྲིའི་རྩིབས་ནས་ཉལ་ཞིང
ལན་རེར ངའི་གམ་ལ་བཅར་ནས་ཡོང
ཁྱོད་རང་གནས་འདི་ནས་སོང་རྗེས
དུས་ཚོད་ཀྱི་གཙང་བོ་ཇེ་དལ་དུ་བྱིན
ཨ་མ་ལགས་གཙང་འགྲམ་དུ་ཙོག་ནས
ཁྱོད་ཀྱི་ལོག་ཕེབས་ལ་སྒུག་འདུག
ཨ་ཕ ངས་བས་མཐའ་ཞིག་ཏུ
འབྲི་མོ་སེར་བོ་དེར་རྩྭ་ཁ་བྱས་ནས་བསྡད
འབྲི་མོ་སེར་བོ་དེའི་རྭ་རྩེར་སྤྲིན་པ་ཁུར་འདུག
དུས་ཚོད་ཀྱིས་མ་ཐེག་པའི་སྤྲིན་པ་ཁུར་འདུག
ངས ཞི་འཇགས་ཀྱི་གཙང་བོའི་ནང་དུ
རྨི་ལམ་གྱི་གཡོར་གྲུ་བཏང་ནས
ཉི་མའི་ཕ་རོལ་ཏུ་ཕྱིན་པའི་ཁྱོད་ལ
འཕྲིན་ཡིག་འདི་འབྲི་བཞིན་ཡོད
ཁྱོད་རང་ནམ་ཚོད་ལོག་ཡོང་ངམ
སྟོན་ཟླ་འདི་ཡོལ་རྗེས་དགུན་མགོ་མ་ཚེས་པ་རེད
ད་ལོའི་དགུན་ཁར ངེད་བཟའ་མི་གང་བོས
མཉམ་དུ་ལོ་སར་ལ་ཐེངས་ཤིག་རོལ་འདོད་ཅི་འདྲའི་ཆེ་ཨང
༢༠༢༡.༩.༢༢ལྷོ་ཁར།
༥ བསླུ་བྲིད་དང་བསང་དུད་ལས་སྐྱེས་པའི་ཚེས་གཅིག
སློག་ཚར་རུམ་ལ་གློང་དངཞག་སྐོར་སུམ་བརྒྱ་དྲུག་ཅུ་དྲོད་ཐུལ་ལེ་ཡོད་དུས
ལོ་སར་ནི ཁྱོད་ཀྱིས་སྒོ་ཤིང་སྟེང་ལ་བྲིས་པའི་སྨོན་ཚིག་ཐུང་ངུ་ཞིག
དེ་ཉིད་སྒུག་ནས་མི་སླེབས་པའི་དུས་ཚོད་ནང་དག་པར་གྱུར་དུས་འདིར་ཡང
ཁྱོད་རང་ཤིང་སྒོ་དེ་ནས་འཛུལ་ཡོང་རྒྱུ་ཞིག་ཡོད་ན་བསམས
ལོ་བསང་ལྷ་ཀླུ་དགའ་བྱེད་དེ་ཡང
ཁྱོད་ཀྱི་མདུང་དར་རྩེ་ནས་མཆེད་པའི་མེ་སྟག་ལྗང་ཁུ་ཞིག
དེ་ཉིད་ཚེས་མི་ཐུབ་པའི་སྐྱ་རེངས་ཁྲོད་མི་སྣང་བར་གྱུར་དུས
སྔོན་གྱི་བདག་ནི ཚེ་སྨད་ལ་མདུང་དེས་རྨས་ཤིང་བསད་པ་ཞིག
བསླུ་བྲིད་ཡོད་ཚད་རྡུལ་དང་བ་མོ
བབས་པའི་སྤང་དང་མེ་ལོང་ནི་གས་པར་གྱུར
མཁུར་གྱི་དམར་ཤའི་ནང་ལ
བརྩེ་དུངས་ཐམས་ཅད་ཉམས་དམས་སུ་ཕྱིན
བསང་དུད་མཁའ་ལ་འཕྱུར་བའི་ཀློང
གནོད་སྦྱོན་ཙིའུ་དམར་འཁོར་བཅས་ཡང་བྱོན་སོང
དཔལ་ལྡན་དམག་ཟོར་རྒྱལ་མོ་ཡང་འཁོད་སོང
ཁྱོད་ཀྱིས་ངའི་རྒྱབ་ན་ཅི་ཞིག་ཤེད་ཀྱིས་འབོད་བཞིན་ཡོད་དམ
དེ་རིང་གི་ཚེས་གཅིག་ནི མ་བསུས་ཀྱང་ཆོག་པ་བཞིན
སྒོ་དྲུང་ན་སོལ་དལ་ངང་བསང་དུད་དང་མི་སྡུག་པ་བརྔུབས
མིག་བཙུམས་ཤིང་སིལ་ཏོག་གི་རོ་ལ་མྱངས་ཚེ
ཁྱོད་ཀྱིས་བཤད་མྱོང་བའི་སྐད་ཆ་ཞིག
ལྕེ་ཐོག་ནས་འགུལ་བ་ལྟར་བྱུང་བས
མི་ཡུལ་ན་ད་དུང་བསུ་དགོས་པ་ཅི་ཡང་མེད་པ་ཚོར
༢༠༢༢/༣/༤
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།