བ་སོའི་ཕྲེང་བ།
བདག་གིས་བྲང་ཁའི་བ་སོ་དཀར་པོའི་ཕྲེང་བ་དེ་མཐོང་ཚེ་ང་ལ་རང་དབང་མེད་པར་མིག་ཆུའི་འཕྲང་ཐག་ཆད་ལ། སྐབས་རེར་ཡང་ཕ་མ་ལས་བསམ་རྒྱུ་མེད་པའི་གླེན་ཕྲུག་ང་ཚོར་སློབ་སྦྱོང་ལ་སྐུལ་འདེད་གནང༌། དེ་བས་སྤྱིར་བཏང་གི་བ་སོའི་ཕྲེང་བ་དེའི་ཕག་ན་ཡལ་དཀའ་བའི་འདས་དོན་ཞིག་སེམས་སུ་བརྩེགས་ཡོད་པ་སུ་ཡིས་རྟོགས་ཐུབ།
དབྱར་ཟླ་དྲུག་པའི་རྩྭ་ཐང་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་མོད། འོན་ཀྱང་དེ་རིང་ནི་དེ་ལས་ལྡོག་སྟེ་ནམ་མཁར་སྤྲིན་པ་ལང་ལོང་དུ་རྒྱུ་ཞིང་གསེར་མདོག་ཉི་མ་དེ་ཡང་ནུབ་རིའི་རྒྱབ་དུ་བཞུད་ལ་ཉེ། སྐབས་དེར་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་དཔལ་ལྡན་གྱིས་ཕ་རྒན་དགུང་ལོ་བདུན་ཅུ་ཅན་དེའི་འབྱུང་བཞི་མི་བདེ་བའི་གནས་ཚུལ་ཐོས་ནས། ཁོ་ལེ་དབར་ལྔ་བཅུ་ཡས་མས་ཀྱི་སར་རྐང་ཐང་དུ་སླེབས་བྱུང༌། ཁོའི་གདོང་མདོག་དམར་བོ་གྱུར་ཞིང་སྟོད་གོས་དེ་ཡང་ཁ་ཕྱོར་སྐོར་ནས་གྱོན་ཡོད་པ་ནི་ཁོ་རང་ལ་མཚོན་ན་ཚོར་སྣང་ཅི་ཡང་མེད། ཁོ་སྦྲ་ནང་དུ་འཛུལ་མ་ཐག་ཨ་ཕ། ཨ་ཕ་གང་དུ་ཡོད་ཞེས་འབོད་བཞིན་ཕ་རྒན་འབྲུག་བྱམས་ཀྱི་འགྲམ་དུ་སོང་ནས་ཕ་རྒན་གྱི་བཞིན་རས་དེ་མཐོང་ཚེ་ཁོ་ལ་བསམ་ཡུལ་ལས་འདས་པའི་སྐྱོ་སྣང་ཞིག་སྐྱེ་བྱུང༌། ཕ་རྒན་གྱི་གདོང་ལ་འཛུམ་མདངས་ཤིག་ལངས་ནས་བུ་ཆུང་དཔལ་ལྡན་ལ་གཏམ་གླེང་གི་འགོ་བརྩམས་བྱུང༌།
ཡ་བུ་ཆུང་དཔལ་ལྡན་སྤྱིར་བདག་གི་སེམས་ལ་ངེད་གཉིས་ཕྲད་པའི་གོ་སྐབས་ནི་མེད་འདོད་མོད། འོན་ཀྱང་སྐྱེ་བ་སྔོན་བསགས་ཀྱི་ལས་དབང་དང་གནམ་རྒན་མའི་གནང་བའི་གོ་སྐབས་ཤིག་གིས་ངེད་ཕ་བུ་གཉིས་ངོ་འཕྲད་བྱུང་ཞེས་བཤད་ཚར་རྗེས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ། སྐབས་དེར་ཕ་རྒན་འབྲུག་བྱམས་ཀྱི་གདོང་སྐམ་ཤིང་དཔྲལ་བའི་ཐོག་གི་རྒས་གཉེར་ལྷག་པར་མང་བར་སྣང་ཞིང༌།ཁོས་ལག་པ་གཉིས་འདར་ཞོར་དུ་སྔས་མགོའི་འགྲམ་གྱི་ཀོ་སྒམ་ཆུང་ཆུང་དེའི་ཁ་ཕྱེས་ནས་ནང་གི་བ་སོའི་ཕྲེང་བ་དེ་བླངས། ཁོས་ཕྲེང་བ་དེ་བྲང་ཁར་སྦྱར་ནས་དོང་དུ་ལྷུང་བའི་མིག་ཟུང་ལས་མཆི་མའི་ཕྲེང་རྡོག་འགའ་མཁུར་ཚོ་བརྒྱུད་དེ་རེ་རེ་བཞིན་སར་ལྷུང༌། དེ་ནས་ཁོས་ངུ་སྐད་འབྱིན་བཞིན་ཕྲེང་བ་འདིས་ལོ་ངོ་ཉི་ཤུའི་ཡར་སྔོན་ཀྱི་ཕུ་བོའི་འདས་དོན་མཚོན་པ་ཡིན། བདག་གིས་ཁྱེད་ཀྱི་ཕུ་བོའི་ཁ་ཆེམས་རྣམས་བཤད་ཟེར།
ཁྱེད་ཀྱི་ཕུ་བོ་ཚེ་རིང་ཞེས་པ་དེ་ལོ་བཅུའི་སྟེང་ནས་བཟུང་སློབ་གྲྭར་འགྲིམས་མགོ་བརྩམས། དེ་ནས་ལོ་ངོ་བཅུ་གཉིས་ཀྱི་རྗེས་སུ་ཁོར་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་མ་ཟད། ཕྱིར་རང་རྫོང་ལ་ཡོང་ནས་རྫོང་དཔོན་གཞོན་པའི་འགན་འཁུར།སྐབས་དེར་ང་ཚོའི་ས་ཆ་འདིར་དབྱར་རྩྭ་དགུན་འབུ་དང་སྨན་རྩྭ་སྣ་ཚོགས་བརྐོ་བའི་སྲོལ་ཞིག་དར་ཡོད།དེ་བས་ཚེ་རིང་དེ་དག་གིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཚུལ་སོགས་མང་པོ་བརྗོད་ན་ཡང་ང་ཚོའི་སྡེ་བའི་མི་རྣམས་ནི་སྒོར་མོ་མཐོང་ན་སྨྱོན་པ་ཟེར་བ་བཞིན་གོ་བ་མ་བྱུང༌། དེ་བས་ཚེ་རིང་གི་ལས་གནས་བཞག་སྟེ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལས་ལ་ཞུགས་ནས་དེ་ལྟར་ཉིན་མོ་རི་མགོ་ཉུལ་ནས་ཁོར་ཡུག་ལ་གནོད་སྐྱོན་བྱེད་མཁན་ལ་ཆད་པ་བཅད། དེ་ལྟར་ཉིན་ཉི་ཤུ་འགོར་རྗེས། དབྱར་རྩྭ་མཁན་ཚོགས་པ་ཞིག་གི་བར་དུ་ལྷུང་ནས་ཁོ་ལ་རྡུང་རྡེག་ཚབས་ཆེན་བཏང་བའི་མཚན་མོ་ཡུལ་ལ་མ་ཐོན། ཕྱིར་ཉིན་བཙལ་དུ་སོང་སྐབས་རི་མགོ་ན་ཁོ་ནི་ཁྲག་དམར་ནང་དུ་ཉལ་འདུག་པ་མཐོང༌།འགྲམ་དུ་སོང་ནས་ལྟ་སྐབས་ད་དུང་ཤི་མེད། ཡུལ་ལ་ཐོན་སྐབས་ཁོ་གསོན་མི་ཐུབ་ཤེས་ནས་ཁ་ཆེམས་འདི་འདྲ་བཞག བདག་གི་ནུ་བོ་དཔལ་ལྡན་ལོ་གསུམ་ཅན་འདི་སློབ་གྲྭར་སོང་ནས་ནར་སོན་རྗེས་བདག་གི་བྱ་བས་ལས་འཕྲོ་འདི་མུ་མཐུད་དུ་དར་སྤེལ་དང་ཕ་ཡུལ་གྱི་རྗེས་ལུས་རྣམ་པ་བསྐྱུར་ནས་དེང་རབས་ཅན་དུ་བསྒྱུར་དགོས། འདི་ནི་མ་འོངས་པའི་བདག་པོ་ཡིན། བདག་གི་བ་སོའི་ཕྲེང་བ་འདི་ཁོ་ལ་དྲན་རྟེན་དུ་ཕུལ་བ་ཡིན། ཁོ་ནར་གསོན་རྗེས་བྱ་བ་འདི་འཆད་པར་འཚལ། ཞེས་བཤད་བཞིན་པའི་སྐབས་དེར། ཕ་རྒན་གྱི་མིག་ཟུར་ལས་མཆི་མའི་ཕྲེང་བ་དེ་ཕྱི་བཞིན་ཕྲེང་བ་དེ་བདག་གི་སྐེ་ལ་བསྐོན་རྗེས། ངས་དེ་མ་ཐག་འཕར་བ་རྗེས་ཐོག་དང༌། ཕོ་རབ་ཚིག་ཕོག་ཡིན། བདག་གིས་བསྒྲུབ་ཁོ་ཐག་ཡིན་ཞེས་བཤད།ཡ་དཔལ་ལྡན། ཁྱེད་ནི་ཕ་བཟང་གི་བུ་དང་གཡག་བཟང་གི་ཀོ་ཡིན་ན།ཕུ་བོའི་རེ་བ་བསྐོང་རོགས་ཅེས་བཤད།
ཡ་བདག་གིས་གསལ་བོ་ཤེས་ཐལ་ཞེས་ལན་བཏབ། དེ་ནས་ང་ཚོས་བཟའ་མི་ལྷན་འཛོམས་ཀྱི་དགུང་ཇ་འཐུང་རྗེས་ཕ་རྒན་སྲུང་ནས་བསྡད། མཚན་མོའི་དུས་ཚོད་གཉིས་གསུམ་ཡས་མས་སུ་ཕ་རྒན་གྱི་ནད་ཇེ་སྡུག་ནས་ཇེ་སྡུག་གྱུར།མཐར་ཁོས་ངག་ལས་ཕྲེང་བ་ཕྲེང་བ་ཞེས་ཟེར་ཞོར་འཇིག་རྟེན་མི་ཡུལ་དང་བྲལ།ཕྱི་ཉིན་སྔ་དྲོ་ཡུལ་མི་ཚོས་ང་ལ་ ཕྱིར་སློབ་གྲྭར་འགྲོ་དགོས་པའི་སྐད་ཆ་ཞིག་བཤད ། སྐབས་དེར་བདག་གི་སེམས་སུ་སྐྱོ་གདོང་གིས་མནར་བས་འགོ་མི་འདོད།འོན་ཀྱང་བདག་གི་སྐེ་ཡི་ཕྲེང་བ་དེ་མཐོང་ཚེ་སྔར་མེད་ཀྱི་སྤོབས་པ་ཞིག་སྐྱེད་སྲིད། དེ་བས་བདག་གི་ཏ་ལེན་ཁུར་ནས་སློབ་གྲྭར་འགྲོ་མགོ་བརྩམས་སྐབས། ཨ་མར་མིག་ཆུ་བཞུར་བཞིན་མར་ལོ་ཞིག་ཏ་ལེན་ནང་དུ་བཅུག དེ་ནས་བདག་གི་ཨ་ཁུ་ཚེ་རིང་གི་འཕྲུལ་རྟ་ཞོན་ནས་མ་ཡུམ་སློབ་གྲྭའི་ནང་དུ་ཞུགས།
མ་ཡུམ་སློབ་གླིང་གི་སྐྱེད་ཚལ་འདིར་སློབ་གྲོགས་རྣམས་དགའ་སྤྲོ་ཡིས་ཁེངས་ཤིང་སྤྲོ་སྐྱིད་ཀྱི་གར་ལ་རྩེན། འོན་ཀྱང་ང་ནི་དེ་ལས་ལྡོག་སྟེ་སྡུག་བསྔལ་ཁེངས་པའི་སྐབས། དགུང་ནམ་མཁའི་སྤྲིན་རིམ་བརྟོལ་བའི་བྱ་ཁྱུ་ཞིག་བདག་གི་མགོ་ཐོག་ཏུ་ལྡིང་སྐོར་བྱེད། ཅི་འདྲའི་དགའ་བ་ལ་བྱ་འདི་ཚོ་ཕ་འཛོམས་མ་འཛོམས། ང་སྤུན་མེད་ལས་ངན་སྙིང་རྗེ་ཞེས་ཁ་ནས་རང་དབང་མེད་པར་ཤོར། དེ་ནས་ཁོས་མགྲིན་པར་འཁྱིལ་བའི་བ་སོའི་ཕྲེང་བ་བྲང་ཁར་སྦྱར་ནས་མིག་ཆུ་འགའ་དམར་མདངས་ལྡན་པའི་མཁུར་ཚོས་བརྒྱུད་ནས་སར་ལྷུང༌།
དཔལ་ལྡན་གྱིས་རང་གིས་རང་ལ་སྐུལ་བའི་ཚུལ་དུ། ཡ་ཕོ་རྒོད་ཚོ། སེམས་མ་ཕམ། ང་ཚོའི་ཕ་ཡུལ་ན་ད་དུང་ནོར་ནག་གི་རྨིག་རྗེས་སྙེགས་པའི་རྫི་བོ་མང་ལ༌། རང་བྱུང་གི་གཏེར་ཁ་དང་སྨན་རྩྭ་བསྐོས་ནས་མཛེས་པའི་རྩྭ་ཐང་ཕྱེ་མར་གྱུར་བའི་སོལ་ངན་མང༌།དེ་བས་ང་ཚོས་དེ་དག་ལ་སྲུང་སྐྱོབ་བྱེད་དགོས། ཡ་ཕོ་རྒོད་ཚོ་ང་ཚོའི་ལས་འགན་རི་བོ་ལྟ་བུ་དེ་ནི་མ་འོངས་པར་ང་ཚོས་བསྐྲུན་དགོས་པས། ཕུ་བོས་ཡང་བ་སོའི་ཕྲེང་བ་འདིས་རྒྱབ་ན་ང་ཚོ་ལ་དཀའ་སྡུག་རི་བོ་ཞིག་ཡོད་པ་སུ་ཡིས་འཚོལ། དེ་བས་ང་ཚོ་ནི་ཕ་བཟང་གི་བུ་དང༌། གཡག་བཟང་གི་ཀོ་ཡིན་པས། དཀའ་སྡུག་ཁྲི་ཕྲག་གི་ཡང་རྩེར་འགོས་ནས་མ་འོངས་པར་བདེ་སྐྱིད་སྐྲུན་དུ་འགྲོ།
བདག་གི་བྲང་ཁའི་བ་སོའི་དཀར་བོའི་ཕྲེང་བ་དེ་མཐོང་ཚེ་ང་ལ་རང་དབང་མེད་པར་མིག་ཆུའི་འཕྲང་ཐག་ཆད་ལ། སློབ་སྦྱོང་ལ་སྐུལ་འདེད་གནང༌། དེ་བས་སྤྱིར་བཏང་གི་བ་སོའི་ཕྲེང་བ་དེའི་ཕག་ན་ཡལ་དཀའ་བའི་འདས་དོན་ཞིག་སེམས་སུ་བརྩེགས་ཡོད་པ་སུ་ཡིས་རྟོགས་སྲིད།།
རྩོམ་ཁུངས། ངེད་དྲ་བ།