ངས་སུ་ཟོས། སུས་ང་ཟ།
“ངས་སུ་ཟོས། སུས་ང་ཟ། ”
“¡¡¡”
འདི་ནི་གཏམ་རྒྱུད་ཅིག་གི་འགོ་བསླངས་པ་ཡིན་པས། མི་ཚང་མར་གྲགས་འགུལ་ཅི་ཡང་མེད་པ་སྲོལ་རེད། གཏམ་རྒྱུད་འདི་ཇི་འདྲའི་རྙིང་ཞིང་རྙིང་བ་ཞིག་ཡིན་ཡང་། ཚོ་བ་འདིའི་མི་ཞིག་ཏུ་སྐྱེས་པ་ནས་བཟུང་། གཏམ་རྒྱུད་འདིའི་བསྐྱར་ཟློས་ཁྲོད་ལག་ཆགས་དགོས་ཤིང་། གཏམ་རྒྱུད་འདིའི་བསྐྱར་ཟློས་ཁྲོད་ཚེ་སྲོག་བསྟིམ་དགོས།
“འཁོར་བ་འདིའི་འཁོར་མཚམས་དང་པོའི་སྐབས་སུ། ང་ཚོའི་མེས་པོ་རྣམས་ཀྱང་ང་ཚོ་དང་ཕལ་ཆེར་འདྲ། རང་ཉིད་ཀྱི་ས་ཁོངས་ངེས་ཅན་ཞིག་ན་ཚོ་སྐོར་བྱས་ནས་འཚོ་སྡོད་བྱེད་ཅིང་། ཐུན་མོང་གི་ཁ་ཟས་བཙལ། ཆབས་ཅིག་ཏུ་ལོངས་སྤྱོད་བྱས། དུས་རྟག་ཏུ་ཕན་ཚུན་བར་རོགས་རེས་བྱས་ཏེ་འདྲ་མཉམ་འགྲིག་མཐུན་གྱི་འཚོ་གཞིས་བསྐྱངས་ནས་ཡོད་པ་ཡིན། འོན་ཏེ། ཁོ་ཚོས་ཀྱང་གོས་སུ་ཤིང་ལོ་གྱོན་ཞིང་ཟས་སུ་མ་རྨོས་ལོ་ཏོག་ཟ་བཞིན་ཡོད་པས། ཁོ་ཚོ་ཡང་ཚུལ་འཆོས་དང་སྒེར་སེམས་ཀྱི་དྲི་མས་སྦགས་ནས་ཡོད། ”
ངོ་མ། འདིར་འཚོགས་ཡོད་པའི་མི་རྣམས་ནི་ལུས་ན་གོས་ལག་མཐིལ་ཙམ་ཡང་མེད་མེད་པར་དམར་ཐར་རེ་ཡོད་ལ། གཞོན་ནུ་མ་ཚོའི་ལང་ཚོས་རྒྱགས་པའི་ནུ་འབུར་ཆ་དེ་དང་། གསར་བུ་ཚོའི་སྟོབས་ཀྱིས་དྲེགས་པའི་ཕོ་མཚན་སྤུན་གསུམ་ནི་རྣམ་ཀུན་ལྷང་ངེར་མངོན་ཡོད་མོད། འོན་ཀྱང་ཁོ་ཚོར་མཚོན་ན་འདི་ནི་ད་གཟོད་ཟོལ་མེད་དག་གཙང་གི་རང་ཉིད་ངོ་མ་དེ་ཡིན་པས་ནོངས་པ་དང་འཛེམ་དོགས་ཅི་ཡང་མེད།
“ཤིང་ལོ་ཞེས་པ་ཅི་ཞིག་རེད།”
“དེ་ནི་ཤིང་སྡོང་གི་སྐྲ་ལོ་རེད་། ”
“འོ་ན་ཤིང་སྡོང་ཟེར་བ་དེའང་ཅི་ཞིག་རེད། ”
“དེ་ནི་ནགས་ཚལ་གྱི་ཁྱིམ་མི་རེད།”
“འོ་ན། ནགས་ཚལ་གྱི་ཞེས་པ་དེའང་ཡང་སྙིང་ཅི་ཞིག་རེད། ”
“དེ་ནི་ཁྱིམ་ཚང་ཞིག་རེད། མེས་པོ་ཚོས་འགམ་ཚར་སོང་བ་རེད། ”
གཏམ་རྒྱུད་བཤད་མཚམས་འདིར་སླེབས་ཚེ་རྣམ་ཀུན་མི་ཞིག་གིས་དྲི་བ་རེ་གདོན་ངེས། མི་དེ་ནི་གཏམ་རྒྱུད་འདིའི་བསྑྱར་ཟློས་ཁྲོད་ལག་ཆགས་ཤིང་། ད་ནི་གཏམ་རྒྱུད་འདིའི་བསྐྱར་ཟློས་ཁྲོད་འཐིམ་འགྲོ་མཁན་དེ་ཡིན། ཡུལ་མི་ཚོ་དང་ཐག་མི་རིང་བའི་མཆོད་སྟེགས་དེ་ན། ལང་ཚོའི་རང་མདངས་མ་ཡལ་བའི་གཞོན་ནུ་མ་ཞིག་གིས་རང་གི་ན་ཚོད་དང་སྒེག་ཉམས་ལས་རིང་དུ་བརྒལ་བའི་ངར་སྐད་རེ་སྒྲོག་བཞིན་ཡོད་ལ། འདི་ནི་མོར་མཚོན་ན་རང་ཉིད་འཇིག་རྟེན་འདི་དང་རིང་དུ་གྱེས་པའི་ཆེས་མཐའ་མའི་ངར་སྐད་དེའང་ཡིན།
རྒྱུ་མཚན། མོ་དེ་རིང་འཆི་དགོས་པས་ཡིན།
མོ་འཆི་དགོས་དོན་ནི་ལུགས་སྲོལ་གང་ཞིག་ལ་འགལ་སོང་བའི་ཁྲིམས་ཆད་མིན་ལ། སྡིག་ཉེས་གང་ཞིག་བསགས་སོང་བའི་འགྱོད་བཤགས་ཀྱང་མིན། ད་དུང་དབང་བསྒྱུར་བ་སུ་ཞིག་གིས་དོན་མེད་དུ་དམར་གསོད་བྱེད་པ་ནི་དེ་བས་ཀྱང་ག་ལ་ཡིན།མོར་མཚོན་ན་འདི་ནི་བཙན་གྱིས་གཉར་བཞག་ཅིང་སྟོབས་ཀྱིས་མགོར་བཀལ་བ་ཞིག་མ་ཡིན་པར། རང་དབང་གིས་དང་དུ་བླངས་ཤིང་རང་འཐད་ཀྱིས་འཐོབ་ཏུ་རེ་བའི་གདམ་ཀ་འདྲ་མཉམ་ཞིག་དང་ལས་སྐལ་དཀོན་པོ་ཞིག་ཡིན་ངེས།
མོས་མགོ་བོ་གནམ་ལ་བཏེགས་ནས་མིག་ཆུ་དང་རྒྱང་འབོད་རླུང་ལ་སྐུར་བཞིན་གདའ།
“ཡུལ་མི་ཚོ་ང་ཚོ་དྲང་བདེན་གྱི་བདག་པོ་ཡིན། བརྩེ་སེམས་ཀྱི་དྭངས་མ་ཡིན། ང་གཞན་མི་ཟ། གཞན་གྱི་ཁྱིམ་མི་དེ་བས་ཀྱང་མི་ཟ། ཟ་དགོས་ན་རང་ཤ་ཟ། འཐུང་དགོས་ན་རང་ཁྲག་འཐུང་། བདེན་པ་དང་བརྩེ་བའི་ཆེད་དུ། ང་རང་ཟོ་ཀྱེ། ”
“ བདེན་པའི་བདག་པོ། བརྩེ་བའི་དྭངས་མ། ”
བྱང་ཆ་ལྡན་པའི་ཁ་གཡང་འདི་ལུང་གྲོག་འདིའི་ཕྱོགས་ཕྱོགས་སུ་བྲག་ཅར་བསྐུར་རྗེས། མི་ཚང་མས་ཡང་བསྐྱར་ཚོ་དཔོན་གྱི་གཏམ་རྒྱུད་ལ་ཉན།
“ མེས་པོ་ཚོ་ང་ཚོ་དང་མི་འདྲ་གཞན་ཞིག་ནི། ཁོ་ཚོས་རང་ཉིད་ཀྱི་ཕ་མ་སྤུན་མཆེད་དང་ཡུལ་མི་ཉེ་དུ་རྣམས་འཆི་བའི་སྡུག་བསྔལ་གྱིས་མནར་ཏེ། རང་ཉིད་དང་འབྲལ་ལ་ཉེ་བའི་དུས་སུའང་། མི་རིག་རིག་གིས་ཁོ་ཚོ་འཆུ་རུ་འཇུག་པ་དང་། བསམ་གཟས་ནས་ཁོ་ཚོ་གྱེས་སུ་འཇུག་པ་ལས་ཐབས་ཅི་ཡང་མི་འཐེན། ཡིན་ཡང་། ང་ཚོས་དེ་ལྟར་བྱ་མི་རུང་། ཕན་ཚུན་ཁ་མི་གྱེས་པའི་ཆེད་དུ་ང་ཚོས་ཕན་ཚུན་བཟའ་དགོས། ཕན་ཚུན་ཟོས་ན་ད་གཟོད་ང་ཚོའི་ཤ་ཁྲག་མཉམ་དུ་འདྲེས་ནས་རྣམ་ཤེས་ཀྱང་ཕན་ཚུན་བར་འཁོར་ནས་ཡོང་སྲིད། ”
“བརྩེ་བ་དངོས་མ་དེའི་ཆེད་དུ། ང་བཟའ་རོགས། ང་ཁྱོད་ཚོ་དང་ཁ་གྱེས་མི་འདོད་པས། ང་ཟ་རོགས། ཡུལ་མི་ཚོ། ”
སྐྱེས་མ་དེས་ཡང་བསྐྱར་ངར་སྐད་ཅིག་བསྒྲགས་སོང་།
“ངས་ཁྱོད་ཟ། ཁྱོས་ང་ཟོ། ང་ཚོས་ང་ཚོ་ཟ། ”
སླར་ཡང་བྱང་ཆ་ལྡན་པའི་ཁ་གཡང་ཞིག་ནམ་མཁའི་མཐའ་གང་ཞིག་གམ། རྒྱ་མཚོའི་འཇིངས་གང་ཞིག་ཏུ་བསྐྱིལ་ནས་སོང་།
“འཁོར་བ་འདིའི་འཁོར་མཚམས་གཉིས་པའི་སྐབས་སུ། ང་ཚོའི་མེས་པོ་རྣམས་ང་ཚོ་དང་གཏན་ནས་མི་འདྲ། ཁོ་ཚོས་རང་ཉིད་ཀྱི་སྐྱོན་འཚང་དགབ་ཆེད་རང་ཉིད་ལ་ལྭ་བ་ཞེས་པའི་ཕྱི་ཤུན་མཐུག་པོ་རེ་བསྐོན་ཡོད་ཅིང་། ཁོ་ཚོས་བདག་གཞན་གྱི་འགྲུལ་ལམ་གཅད་ཆེད་རྣམ་ཀུན་རང་ཉིད་རྡོ་ཁང་སྲ་མཁྲེགས་ཤིག་གི་བཙོན་དུ་བཅུག་ནས་ཡོད། འཚོ་བ་ཁེར་རྐྱང་གིས་རོལ་རྒྱུར་དགའ་ལ་མི་ཚེ་བྲེལ་འཚུབ་ཀྱིས་གཏོང་བསྐྱལ་རྒྱུར་མོས། ཁོ་ཚོའི་སེམས་པར་ཕྲག་དོག་ཅེས་པའི་ལྕགས་ཚེར་སྐྱེས་ཡོད་ལ། དེ་ལ་ཞེ་སྡང་ཞེས་པའི་མེ་སྟག་མཆེད། ཁོ་ཚོའི་ཁ་ན་བསླུ་བྲིད་ཀྱི་གཅམ་ཚིག་བཞུར་ལ། དེ་རུ་བརྐམ་ཆགས་ཀྱི་མཆེ་རྣོན་ཐོགས། ཕན་ཚུན་བར་དམར་གསོད་བྱས་ཏེ་ཁ་ཁར་གཏོར་བ་ལས། ཕན་ཚན་གྱི་ཤ་ཕྲག་ཟོས་ཏེ་བརྩེ་སེམས་བཅངས་པར་མི་འཇུག ཁོ་ཚོས་ས་ཆེན་གྱི་ཤུན་སྤགས་བཤུས་ཏེ་རང་གིས་གོན་ཞིང་། ས་ཆེན་གྱི་གློ་སྙིང་བལ་ནས་རང་ལྟོ་གསོ་བ་ཡིན།”
“ས་ཆེན་ལ་ཤུན་ལྤགས་ཡོད་དམ། ”
“ཡོད། ”
“ ཅི་འདྲ་ཞིག་ཡིན་པ་རེད། ”
“སྤང་དང་མེ་ཏོག ན་དང་ཆུ་ཕྲན་སོགས་་་་་་་་་་་”
“ཆུ་ཞེས་པ་ཅི་ཞིག་རེད། ”
“ས་ཆེན་གྱི་ཁྲག་རེད། ”
“ཁྲག་དེ་གང་ན་ཡོད། ”
“མེས་པོ་ཚོས་འཐུང་ཚར་སོང་བ་རེད། ”
གཏམ་རྒྱུད་བཤད་མཚམས་འདིར་སླེབས་རྗེས། ཡང་འདི་ལྟར་དྲི་བ་དྲིས་ལན་གྱི་གོ་རིམ་ཞིག་བརྒྱུད་ཅིང་། མཆོད་སྟེགས་ཀྱི་སྐྱེས་མ་དེས་ཀྱང་ཨག་རྒྱངས་རེ་དང་ངར་སྐད་རེ་སྒྲོག་ཞོར། འཁང་ར་དང་ཡིད་ཆད་འདྲེས་མའི་མིག་འོད་ཅིག་ཆེས་རྒྱང་རིང་གི་གནམ་སའི་གས་སྲུབས་དེར་བཙུགས་འདུག
“ངས་ཁྱོད་ཟ། ཁྱོས་ང་ཟོ། ང་ཚོས་ང་ཚོ་ཟ། ”
སྙིང་ལ་ཟུག་པར་བྱེད་པའི་ཁ་གཡང་འདི་བར་སྣང་གི་ཆེས་མཐོ་ས་ཞིག་འཐིམས་པ་དང་མཉམ་དུ། མཆོད་སྟེགས་མདུན་གྱི་ཡུལ་མི་ཚོ་རྡུལ་འཚུབ་བེར་ཡར་ལངས་ཤིང་། འུར་ཟིང་ངེར་གང་ཡིན་མི་ཤེས་པའི་བྲོ་ཞིག་འཁྲབ་སོང་། ལ་ལས་སྡེར་ཐོགས་གཅན་གཟན་མང་བོའི་རྫིག་ཉམས་བཏོད་ཅིང་། ལ་ལས་ལྷ་འདྲེ་གང་ཡིན་སྙམ་པའི་བརྟུལ་ཞུགས་འཛིན། ཁ་ཤས་ཤིག་དངོས་གནས་སྨྱོས་ཟིན་པ་དང་ཨ་ན་མ་ན་རེད།
“འཁོར་བ་འདིའི་འཁོར་མཚམས་གསུམ་པ་ནི་ང་ཚོ་རེད། དེས་ན་ང་ཚོས་སུ་ཟ། སུས་ང་ཚོ་ཟ། ”
“ང་ཚོས་ང་ཚོ་ཟ། ”
ཡུལ་མི་ཚོས་མགྲིན་གཅིག་ཏུ་ཤེས་པར་དྲིས་ལན་ནམ་མཁའ་འགངས་པ་ཞིག་བཏབ་རྗེས། ཡུལ་མི་ཚོ་འཕར་སྤྱང་མཆོང་མཆོང་། བྱ་གླག་འཁོར་འཁོར། མཆོད་སྟེགས་ཀྱི་སྐྱེས་མ་དེའི་སྟེང་ལ་རུབ་སོང་། དེ་མ་ཐག སྐྱེས་མ་དེའི་ནུ་འབུར་ཡ་གཅིག་དམར་ལྷོག་སེར་བཀོག དེར་མཐུད་ནས་མགོ་བོའང་བཙན་ཚུགས་ཀྱིས་བཅད་སོང་ལ། དེའི་སྟེང་གི་མིག་ཀོང་གཉིས་ནི་སྔ་མོ་ནས་སྟོང་བར་ལུས་འདུག ད་དུང་བརླ་ཤ དཔུང་ཤ ད་དུང་་་་་་་་་་་་་་་་་་་་ད་དུང་་་་་་་་་་་
མཆོད་སྟེགས་མིས་བཀང་ལ། མི་ཁྲག་གིས་བརྫིས། ཁྲག་རྡུལ་གྱིས་སྦགས། རྡུལ་ད་དུང་འཚུབ་བཞིན་ཡོད། རྡུལ་ད་དུང་འཁྲིག་བཞིན་འདུག
ཅུང་མ་འགོར་བར། མི་བུད་སོང་། འུར་འཇགས་སོང་། རྡུལ་དྭངས་སོང་།
ཤུལ་དུ་ལུས་ཡོད་པ་ནི་ཀེང་རུས་ཁེར་རྐྱང་ཞིག
ཕྱི་ཉིན་གྱི་ཉི་ཐོག་མ་ཡང་བསྐྱར་འཇིག་རྟེན་གྱི་གྲུ་ག་ཆུང་ངུ་འདིར་འཕྲོས་ཙ་ན། གཏམ་རྒྱུད་ཅིག་གི་བསྐྱར་ཟློས་སྔར་བཞིན་འགོ་བརྩམས་ལ། ཚེ་སྲོག་ཅིག་གི་རྫོགས་ཤད་སྔར་བཞིན་ལྕགས་ཕུར་བཞིན་བརྡབས་སོང་། འདི་ལྟར་ཉི་མ་ཤར་ཐེངས་རེ་ནི་གཏམ་རྒྱུད་ཀྱི་འགོ་རྩོམ་ཐེངས་རེ་ཡིན་ལ། ཉི་མ་ནུབ་ཐེངས་རེ་ནི་མི་གསོན་པོ་ཞིག་ཀེང་རུས་སུ་འགྱུར་ཐེངས་རེ་ཡིན། ཉི་མའི་འཆར་ནུབ་ཀྱི་གོ་རིམ་དེ་ན། གཏམ་རྒྱུད་སྔར་བཞིན་འཆད་བཞིན་ཡོད་ལ། ཡུལ་མི་ཚོ་སྔར་བཞིན་ཟ་བཞིན་ཡོད། ཏག་ཏག་འགྱུར་ལྡོག་ཅིག་ཡོད་པ་ནི་མཆོད་སྟེགས་ཀྱི་སྟོང་ཆ་དེ་རེད།
རྒྱུ་མཚན། ཀེང་རུས་ཇེ་མང་དུ་འགྲོ་བཞིན་ཡོད་པས། མཆོད་སྟེགས་ཀྱི་སྟོང་ཆ་ཇེ་ཆུང་འགྲོ་བཞིན་ཡོད།
དུས་ཉིན་ཟླ་གཅིག་ལྷག་འདས་རྗེས་ཀྱི་ཕྱི་ཉིན། ཉི་མ་སྔར་བཞིན་ཤར་སོང་ལ། གཏམ་རྒྱུད་སྔར་བཞིན་བཤད་སོང་། འོན་ཏེ། གཏམ་རྒྱུད་ལ་ཉན་མཁན་མི་གཅིག་མ་གཏོགས་མེད། ཏག་ཏག་ལྷག་ཡོད་པ་ནི་མཆོད་སྟེགས་སུ་བཟའ་རྒྱུར་སྒུག་ཡོད་པའི་མི་དེ་རེད། སྐབས་འདིར་སླེབས་དུས། ཚོ་བ་འདིའི་ཁྲོད་ནས་གཏམ་རྒྱུད་འཆད་མཁན་གྱི་ཤེས་པ་དང་། གཏམ་རྒྱུད་ལ་ཉན་མཁན་ནམ་དེ་རིང་གི་བཟའ་བྱ་དེ་གཉིས་མ་གཏོགས་ལྷག་མེད་ལ། འཇིག་རྟེན་དུའང་མི་འདི་གཉིས་མ་གཏོགས་ལྷག་མེད། རྒྱུ་མཚན། འདི་ནི་འཇིག་རྟེན་གྱི་ཆེས་མཐའ་མའི་ཚོ་བ་དེ་ཡིན་པས་སོ།།
གང་ལྟར་གཏམ་རྒྱུད་ཆ་ཚང་བར་བཤད་སོང་། དྲི་བ་དྲིས་ལན་གྱི་གོ་རིམ་དེའང་ཆད་མེད། ད་དུང་མཇུག་མཐའི་རྡོག་བྲོ་དེའང་འོས་འཚམས་ཤིག་འཁྲབ་སོང་། དེའི་མུར། ཤེས་པ་གཅིག་པུས་ཚོ་མི་ཡོངས་ཀྱི་ཚབ་བྱས་ཏེ་མཆོད་སྟེགས་ཀྱི་མི་དེའི་སྟེང་ལ་མཆོད་སོང་། བཟའ་བྱའི་མི་དེར་ན་ཟུག་སྐྱེས་པ་གང་ཡིན་མི་ཤེས་མོད། མཚམས་མཚམས་ལ་ཐོལ་བྱུང་གི་ཨག་རྒྱངས་རེ་བྱེད་པ་ནི་ཉན་མཁན་གྱི་སྙིང་ལ་ཟུག་པར་བྱེད། དེ་བཞིན་ཤེས་པས་ཀྱང་སྒྲ་སྒྲོག་རེས། སོ་འདེབས་རེས་བྱས་ནས་མི་དེའི་མགོ་དང་རྐང་བ། བྲང་དང་ལག་པ་སོགས་རིམ་པར་ཟོས། རྔུལ་ཆུ་མོད་པོ་ཞིག་བཞུར་ཞིང་། དུས་ཚོད་མང་བོ་ཞིག་འགོར་སོང་།
མཐའ་མར། ཁོ་ཀེང་རུས་གཙང་མ་ཞིག་དང་མཉམ་དུ་འགྱེལ་སོང་།
ཕྱི་ཉིན་ཉི་མ་སྔར་བཞིན་ཤར་སོང་། གཏམ་རྒྱུད་ཀྱང་ག་ལེར་འཆད་བཞིན་ཡོད། ཡིན་ཡང་། གཏམ་རྒྱུད་འཆད་མཁན་དང་གཏམ་རྒྱུད་ལ་ཉན་མཁན། བཟའ་བྱའི་མི་དང་ཟ་མཁན་ཚང་མ་མི་གཅིག་མ་གཏོགས་མེད། དེ་ནི་འཇིག་རྟེན་འདིའི་ཆེས་མཐའ་མའི་མི་སྟེ། ཤེས་པ་དེ་རེད།
འོ། མ་རེད་མ་རེད། ཆེས་མ་མཐའ་ཡང་ཚོ་བ་འདིའི་མི་ཚང་མ་ཡོད་ངེས་ཏེ། ཚོ་མི་ཚང་མ་ཤེས་པ་འདིའི་ཁོག་ན་ཡོད་པས་སོ།།
ཁོ་རང་མཆོད་སྟེགས་སུ་འགྲེང་ཞིང་། གོ་རིམ་ལྡན་པའི་ངང་གཏམ་རྒྱུད་དེ་བསྐྱར་ཟློས་ཐེངས་ཤིག་བྱས། ཡུལ་མི་ཚོའི་ཚབ་བྱས་ཏེ་རང་ཉིད་ལ་དྲི་བ་རེའང་བཏོན། ཆེས་མཐའ་མར་བྲེད་ཤ་ཐོན་པའི་རྡོག་བྲོ་དེ་ཐེངས་ཤིག་འཁྲབ་རྗེས། ཁོ་རང་སྣུམ་གྱིས་ཟིན་པའི་མཆོད་སྟེགས་ཀྱི་ལྟེ་བར་བཙོག་བྱུང་།
“བརྩེ་བ་དངོས་མ་དེའི་ཆེད་དུ། ང་བཟའ་རོགས། ང་ཁྱོད་ཚོ་དང་གྱེས་མི་འདོད་པས་ང་བཟའ་རོགས། ཡུལ་མི་ཚོ། ”
ཁོས་ཅི་ཞིག་སྒུག་པའི་ཟོལ་གྱིས་ཁུ་སུམ་མེར་འདུག ཡིན་ཡང་མཐའ་འཁོར་གྱི་བྱ་དངོས་ཚང་མས་ཀྱང་ཁོར་ཅོ་འདྲི་བ་བཞིན་ལྷིང་འཇགས་སེ་འདུག་ཅི་ཐུབ་བྱེད། སྐབས་འདིར་འཇིག་རྟེན་ན་འགྲོས་མི་མཉམ་པའི་སྙིང་དམར་ཞིག་གི་འཕར་ལྡིང་ལས། ཡོད་ཚད་ཁ་རོག་གེར་སུ་ཞིག་ལ་ལྐོག་ཉན་བྱེད་པ་དང་ཨ་ན་མ་ན་རེད། དུས་འདིར་ཁོས་ཤ་རུས་པའི་ཟབ་ས་དང་གློ་རྒྱུ་མའི་གཏིང་ས་ཞིག་ནས་ཚོར་འདུ་དྲག་པོ་ཞིག་བྱུང་སོང་སྟེ། ཁེར་རྐྱང་།
“མིན་་་་་་་་མིན། ང་ཁེར་རྐྱང་ཡིན་མི་སྲིད། ཡུལ་མི་ཚོ་ང་དང་ཁ་འབྲལ་མི་སྲིད། ”
ཁོས་རང་ཉིད་ཀྱི་བྲང་ཤ་ལ་སེན་འབྲད་ཅིག་བྱས་ཏེ། དམར་ཤར་རེ་བཏང་འདུག
“བརྩེ་བ་དངོས་མ་དེའི་ཆེད་དུ། ང་བཟའ་རོགས། ང་ཁྱེད་ཚོ་དང་གྱེས་མི་འདོད་པས། ང་བཟའ་རོགས། ཡུལ་མི་ཚོ། ”
ཁོས་ཡང་བསྐྱར་སྐྱོ་འབོད་ཅིག་བྱས་སོང་། འོན་ཏེ། མཐའ་འཁོར་ན་སྔར་བཞིན་གྲགས་འགུལ་ཅི་ཡང་མི་འདུག ཁོས་དེ་མ་ཐག་ཁུ་ཚུར་དང་དཔྲལ་བས་ས་རུ་ན་ཟུག་གིས་རྡུང་བཞིན་དབེན་འཇགས་ཀྱི་མཁའ་དབུགས་འདི་བརྟོལ་རྩིས་བྱས་མོད། འོན་ཏེ། ཁོས་མ་ནུས། དེ་བས་ཁོ་རང་ཉེ་འཁོར་གྱི་ཀེང་རུས་ཁྲོད་བརྒྱུགས་ནས། རང་ཉིད་ཀྱི་དཔུང་ཤ་དེ་ཚོའི་འགྲམ་རུས་སུ་བཅུག་སྟེ་ཟ་བར་བསྐུལ་མོད། འོན་ཀྱང་དེ་ཚོར་ཉམས་སྣང་ཅི་ཡང་མི་འདུག ཏག་ཏག་ནག་དོང་ངེར་ལུས་པའི་མིག་ཀོང་དག་ཕྱོགས་ཕྱོགས་ནས་ཁོར་ཅེར་ནས་འདུག ད་དུང་རྣ་རྩའི་བར་གདངས་པའི་འགྲམ་རུས་དང་། ཅི་ཞིག་སློང་འདོད་པར་བསྲིངས་འདྲའི་ལག་རུས་སོགས། ཨ་ཁ་ཁ་་་་་་་་་་་་ཁོ་འདར་མ་འདུར་གྱིས་ཕྱིར་བཀྱེད་ཅིག་བྱས་པ་སྟབས་མ་ལེགས་པར་ཀེང་རུས་ཤིག་ལ་ཐོགས་ནས་ས་རུ་འགྱེལ།
ས་རུ་ཁྲག་གིས་བརྫུས་པའི་འདམ་ཉོག་ཡོད་ལ། འདམ་ཉོག་ན་རུལ་དྲི་འཐུལ་བའི་གློ་སྙིང་མཆིན་མཚེར། སྣུམ་གྱིས་ཟིན་པའི་མགོ་སྐོགས་དང་སྒལ་རུས་སོགས་ཡོད། གློ་བུར་གློ་བུར་དུ་ཁོའི་ཡིད་ལ་མང་བོ་མང་བོ་ཞིག་དྲན་བྱུང་ལ། མིག་གིས་ཀྱང་མང་བོ་མང་བོ་ཞིག་མཐོང་བྱུང་། ཡང་གློ་བུར་དུ། རང་ཉིད་ཀྱི་ཕྲག་མགོ་ནས་ཀེང་རུས་ཤིག་གི་མགོ་བོ་ཚུར་བསྲིངས་ཏེ་ལྷང་ལྷང་དུ་བགད་བྱུང་བས། ཁོས་དེར་གཞོལ་ཐབས་ཀྱིས་འདྲེ་ལོག་ཅིག་བརྒྱབ་པ་ན། ལུས་པོར་འཁེན་ས་བརྟེན་པོ་ཞིག་རྙེད་སོང་། མགོ་བོ་ཕྱིར་འཁོར་ནས་ཞིབ་ལྟ་ཞིག་བྱས་པ་ན། རང་ཉིད་ཀྱི་ཆུང་མ་ལོས་ཡིན་སྙམ་པའི་ཀེང་རུས་དེས་གཡོ་འཛུམ་ཞིག་དང་བཅས་རང་ཉིད་ཀྱི་གདོང་ལ་བྱིལ་བྱིལ་བྱེད་པར་རྩོམ། ཁོ་རང་སྐྲག་ཐག་ཆོད་ནས་ངུ་འབོད་དང་། གོག་ནུར། འགྲེ་ལོག་སོགས་གོ་རིམ་མང་བོ་ཞིག་བརྒྱུད་རྗེས་ད་གཟོད་ཡར་ལངས་ཐུབ་པ་བྱུང་། དེ་ནས་རྒྱང་འགྱེད་བཞིན་ཞིབ་ལྟ་ཞིག་བྱས་པ་ན། ཀེང་རུས་ཆེ་ཆུང་མང་བོས་ལག་པ་བསྲིངས། ཁ་གདངས། མིག་ཀོང་འཇུར། གོམ་པ་འཁྱར་འཁྱོར་དུ་སྤོ་བཞིན་ཁོའི་ཕྱོགས་སུ་སླེབས་བྱུང་།
“ངས་སུ་ཟོས། སུས་ང་ཟ། ”
ཀེང་རུས་རེ་རེས་ལྡབ་ལྡིབ་ཀྱིས་འདི་ལྟར་ཟློ་བཞིན་མུ་མཐུད་དུ་མདུན་ལ་འོང་།
“ཡུལ་མི་ཚོ། ཁྱོད་ཚོས་དངོས་གནས་ང་བཟའ་རྒྱུ་ཡིན་ནམ། འོ། མ་རེད། བཟའ་དགོས་པ་རེད། ཟོས་ན་འགྲིག་གི་རེད། བརྩེ་བ་དངོས་མ་དེའི་ཆེད་དུ། ཧི་ཧི་ཧི་་་་་་་་་་”
ཁོ་རང་ངུ་མ་དགོད་ཀྱིས་ཀེང་རུས་སྔུན་མ་དེའི་གམ་ལ་བཅར་ཞིང་། ཟོ་ཞེས་པའི་ཚུལ་གྱིས་རང་ཉིད་ཀྱི་དཔུང་ཤ་དེར་གཏད་པ་ན། ཅི་ཡིན་མ་ཤེས་པར་རང་ཉིད་ཀྱི་དཔུང་བ་ཚ་རེག་གེར་གྱུར་ལ། སྣུམ་ཞིང་ནུར་བའི་ཁྲག་ཐིགས་དམར་ཙ་རེར་གྱུར་སོང་།
ཚ་རེག་གི་ཚོར་བ་དེས་ཁོ་རང་ད་ཅིའི་འཕྲུལ་སྣང་གི་འཇིག་རྟེན་དེ་ལས་ཕྱིར་དྲངས་བྱུང་། མ་གཞི་རང་ཉིད་ཀྱི་དཔུང་ཤ་གཅོད་མཁན་ནི་རང་ཉིད་ཡིན་འདུག དེའི་མུར་ཁོས་རང་ཉིད་ཀྱི་ཁས་ཟིན་ནོ་ཅོག་ཅི་ཡང་མ་ལུས་པར་ཡུན་གྱིས་ཟོས་སོང་། ཁམ་གང་རེ་གང་རེ་བྱས་ཏེ་ཟོས་སོང་། ཁ་ཡ་སོ་མ་སོ་བྱས་ཏེ་བལྡད། དེ་ནས་ཁྲག་དྲོན་མོ་འཚག་བཞིན་ལྷོད་ཀྱིས་མིད།
ཁོས་འདི་ལྟར་རང་ཉིད་ཟ་བཞིན་འདུག
ད་དུང་མུ་མཐུད་དུ་ཟ་བཞིན་འདུག
མཚམས་ལ་རེར་རང་ཉིད་ཀྱི་ངར་སྐད་ཀྱང་སྒྲོག་བཞིན་ཡོད།
“ངས་སུ་ཟོས། སུས་ང་ཟ། ”
ཅུང་ཙམ་འགོར་རྗེས། ཉི་མ་ཁ་རོག་གེར་ནུབ་སོང་ལ། འཇིག་རྟེན་གྱི་ཆེས་མཐའ་མའི་མིག་ཟུང་དེའང་ཡུན་གྱིས་བཙུམས་སོང་། དེར་མཐུད་ནས། འཇིག
་རྟེན་གྱི་གྲུ་ག་ཆུང་ངུ་འདིར་ཡང་། ལུས་ཕྱེད་ཤ་དང་ལུས་ཕྱེད་རུས་པར་ལུས་པའི་མི་ཞིག་ལྗིད་ཏིག་གེར་ས་རུ་འགྱེལ་སོང་།
ཡར་ལངས་ནས་འགྲོ་མཁན་ཞིག་ལ་མཚོན་ན། རང་ཉིད་ཀྱིས་རང་ཉིད་བསྒྱེལ་བའི་ཉིན་མོ་ནས་རང་ཉིད་རྩ་བ་ནས་འགྱེལ་བ་ཡིན་གཤིས། ཕྱིར་འགྲེང་བའི་གོ་སྐབས་ནི་ཡོད་རེ་སྐན། གང་ལྟར་ཁོ་འདི་ལྟར་མུན་ཁྲོད་དུ་འགྱེལ་སོང་བ་རེད།
ཕྱི་ཉིན། འཇིག་རྟེན་ལ་ཉི་མ་ཤར་ཡོད་མེད་བཤད་དཀའ་ཡང་། འཇིག་རྟེན་གྱི་གྲུ་ག་རེ་ན་བྲག་ཅར་འཁོར་བའི་སེམས་སྒྲ་ཞིག་ཡུན་གྱིས་ལྷོད་སོང་ངེས།
“ངས་སུ་ཟོས། སུས་ང་ཟ། ”
“ངས་སུ་ཟོས། སུས་ང་ཟ། ”
“ ་་་་་་་་་་་་་་་་་་་་་་་་་་་་་་་ ”
“རེད་ཨ། ངས་སུ་ཟོས། སུས་ང་ཟ། ”
ཁོས་བརྩམས་སྒྲུང་འདི་བཀླགས་ཚར་རྗེས། ཐ་མག་ཅིག་མེ་རུ་སྦར་བྱུང་།
རྩོམ་ཁུངས། ངེད་དྲ་བ།