འཕྲིན་གསར།
དེ་རིང་ནི་སྤྱི་ལོ་2998ལོའི་ཟླ་7ཚེས25ཉིན་རེད།དེང་རབས་ཀྱི་སྤྱི་ཚོགས་དཔྱད་བརྗོད་པ་གྲགས་ཅན་སྐུ་ཞབས་གསེར་གཅོད་ལགས་ཀྱིས་འཕྲིན་གསར་དེ་དྲ་ངོས་སུ་སྤེལ་བའི་ཉིན་བདུན་པ་རེད།སྐུ་ཞབས་གསེར་གཅོད་ལགས་ཀྱིས་ནམ་རྒྱུན་ལྟར་རང་གི་གློག་ཀླད་མདུན་དུ་བླངས་ནས་ཁ་ཕྱེ་སྟེ་དྲ་ངོས་ཀྱི་འཕྲིན་གསར་དེའི་སྐོར་གྱི་གནས་ཚུལ་ལ་བལྟས། འཕྲིན་གསར་དེ་རང་གི་དྲ་ངོས་སུ་སྤེལ་བའི་ཉིན་འདི་དག་ལ་ཁོང་ལ་འཕྲིན་གསར་དེ་དང་འབྲེལ་ཡོད་ཀྱི་ཁ་པར་བགྲང་གིས་མི་ལང་བ་ཞིག་འབྱོར་བྱུང་བ་མ་ཟད།དྲ་ངོས་ལས་འཕྲིན་གསར་ཀློག་མཁན་དག་གི་དྲི་བ་མང་པོ་ཞིག་བསྐྱར་ཟློས་ཤ་སྟག་ཡིན་པས་དེ་དག་ལ་བསྐྱར་ཟློས་ཀྱི་ལན་ལྡོན་པ་ནི་དུས་ཚོད་ཆུད་ཟོས་འབའ་ཞིག་རེད།དེའི་ཕྱིར་མདང་ནུབ་ནས་བཟུང་སྟེ།ཁོས་ཁ་པར་གྱི་སྐུད་ལམ་ཡོངས་ སུ་བཅད་དེ།འཕྲིན་གསར་དེའི་སྐོར་གྱི་དྲི་བ་དང་སྐད་ཆ་ཐམས་ཅད་དྲ་ངོས་སུ་སྐད་དུ་འཇོག་དགོས་ཚུལ་རང་གི་དྲ་གནས་སུ་སྦྱར།
སྐུ་ཞབས་གསེར་གཅོད་ལགས་ཀྱིས་གློག་ཀླད་ལས་རང་གི་དྲ་གནས་ཕྱེས་པ་ན་དྲ་གྲོགས་དང་ཀློག་མཁན་མང་པོ་ཞིག་གིས་འཕྲིན་གསར་དེར་དོ་སྣང་བྱས་འདུག་སྟེ་ཀློག་གྲངས་ཆིག་ཁྲི་ལས་བརྒལ་འདུག་པ་དང་དཔྱད་བརྗོད་ཀྱང་གྲངས་ལས་འདས་པ་ཞིག་སྤེལ་འདུག དེར་མ་ཟད་ཁོའི་འཕྲིན་གསར་ནི་མིག་སྔར་དྲ་ངོས་དེའི་ཆེས་དོ་སྣང་བྱེད་པའི་སྦྱར་བྱང་དུ་བདམས་འདུག ཁོས་འཕྲིན་གསར་མཇུག་གི་དཔྱད་བརྗོད་དག་རེ་རེ་བཞིན་ཞིབ་ཀློག་ཐེངས་ཤིག་བྱས། ཀློག་མཁན་གྱི་དཔྱད་བརྗོད་ལས་ཀུན་གྱིས་དོན་དེར་མཚར་སྣང་འཛིན་གྱི་ཡོད་པ་ཤེས་ཐུབ་ལ་ལྷག་པར་དུ་འཕྲིན་གསར་ལས་གླེང་བའི་རྨི་ལམ་དེར་ཡིད་ཆེས་བྱེད་དཀའ་བའི་བསམ་བློའང་བསྟན་འདུག
སྐུ་ཞབས་གསེར་གཅོད་ལགས་ཀྱིས་དཔྱད་བརྗོད་དག་བཀླགས་ཟིན་ནའང་བློ་ཡིད་ཚིམ་པ་ཞིག་གཏན་ནས་བྱུང་མ་སོང༌། རྒྱུ་མཚན་ནི་ཁོས་རང་གི་དྲ་ངོས་སུ་འཕྲིན་གསར་སྤེལ་བ་ནི་གནའ་བོའི་ཡི་གེ་དེ་ཤེས་མཁན་ཡོད་མེད་འདྲི་བའི་ཆེད་དུ་ཡིན་ཡང་ཀློག་མཁན་རྣམས་ཀྱིས་འདྲ་པར་སྟེང་གི་གནའ་བོའི་ཡི་གེ་དེ་ནི་ད་ལྟའི་བོད་ཅེས་བྱ་བ་མི་རིགས་ཀྱི་མིང་ཙམ་མ་གཏོགས་རིག་གནས་དང་འཚོ་བའི་གོམས་གཤིས། འདུ་ཤེས་སོགས་ཐུན་མོང་མ་ཡིན་པ་ཅི་ཡང་ངོས་འཛིན་རྒྱུ་མེད་པའི་མི་རིགས་འདིའི་ཕ་མེས་ཡང་མེས་ཚོའི་ཡི་གེ་ཡིན་པ་འདྲ་ཟེར་བ་ལས་ངོས་འཛིན་ཐུབ་མཁན་གཅིག་ཀྱང་མི་འདུག་པ་དེ་རེད།
“ཐག ཐག ཐག ”གློ་བར་དུ་སྒོ་རྡུང་བའི་སྒྲ་དེས་སྐུ་ཞབས་གསེར་གཅོད་ལགས་བསམ་གཞིག་གི་རྒྱ་ལས་གྲོལ་བར་བྱས། སྒོ་ཕྱེ་མ་ཐག་གྲོང་ཁྱེར་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞིག་ནང་དུ་སླེབས་བྱུང༌།
“སྐུ་ཞབས་གསེར་གཅོད་ལགས་སྐུ་ཁམས་བདེ། ང་བརྙན་འཕྲིན་ཁང་གི་གསར་འགོད་པ་བདེ་གཡང་ཡིན། ཉེ་སྔོན་ཁྱེད་ཀྱིས་རང་གི་དྲ་ངོས་སུ་སྤེལ་བའི་འཕྲིན་གསར་དེར་གྲོང་ཁྱེར་གྱི་མི་མང་པོས་དོ་སྣང་ཆེན་པོ་བྱེད་བཞིན་འདུག དེ་བས་ངེད་བརྙན་འཕྲིན་ཁང་གིས་ཆེད་དུ་ཁྱེད་ལ་བཅར་འདྲི་བྱས་ཏེ་བརྙན་འཕྲིན་འཕྲིན་ལམ་བརྒྱུད་ནས་རྒྱ་ཆེའི་གཟིགས་མོ་བའི་ཡིད་ཀྱི་མཚར་སྣང་དང་དོགས་བློ་སེལ་བར་བྱེད་བསམ་པ་ཡིན། ཁྱེད་ཀྱིས་ང་ཚོའི་བྱ་བར་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་བྱེད་པའི་བཀའ་དྲིན་སྙིང་ནས་ཞུ”གསར་འགོད་པ་དེས་སྨྲ་ལྕེ་བདེ་མོ་ཆུ་བཞུར་བཞུར་བྱས་ཏེ་རང་གི་འོངས་དོན་སྐུ་ཞབས་གསེར་གཅོད་ལ་བཤད་པ་ན་ཁོང་གིས་ཀྱང་གསར་འགོད་པའི་རེ་བ་དང་ལེན་བྱས། དེར་གསར་འགོད་པས་ཁོང་འབོལ་ཁྲིའི་སྟེང་སྡོད་དུ་བཅུག་ནས་བརྙན་ལེན་འཕྲུལ་ཆས་སོགས་གྲ་སྒྲིག་བྱས་རྗེས་བཅར་འདྲིའི་མགོ་བརྩམས་སོང༌།
“སྐུ་ཞབས་གསེར་གཅོད་ལགས་སྐུ་ཁམས་བདེ། ང་བརྙན་འཕྲིན་ཁང་གི་གསར་འགོད་པ་བདེ་གཡང་ཡིན། ཉེ་སྔོན་ཁྱེད་ཀྱིས་རང་གི་དྲ་ངོས་སུ་སྤེལ་བའི་འཕྲིན་གསར་དེར་གྲོང་ཁྱེར་གྱི་མི་མང་པོས་དོ་སྣང་ཆེན་པོ་བྱེད་བཞིན་འདུག དེ་བས་ངེད་བརྙན་འཕྲིན་ཁང་གིས་ཆེད་དུ་ཁྱེད་ལ་བཅར་འདྲི་བྱས་ཏེ་བརྙན་འཕྲིན་འཕྲིན་ལམ་བརྒྱུད་ནས་རྒྱ་ཆེའི་གཟིགས་མོ་བའི་ཡིད་ཀྱི་མཚར་སྣང་དང་དོགས་བློ་སེལ་བར་བྱེད་བསམ་པ་ཡིན། ཁྱེད་ཀྱིས་ང་ཚོའི་བྱ་བར་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་བྱེད་པའི་བཀའ་དྲིན་སྙིང་ནས་ཞུ། ”
“ལགས་སོ། ཐུགས་རྗེ་ཆེ།”
“དེས་ན་གཤམ་ནས་ཁྱེད་ཀྱིས་རང་གི་དྲ་ངོས་སུ་སྤེལ་བའི་འཕྲིན་གསར་གྱི་ནང་དོན་དེ་ཡང་བསྐྱར་ངག་ཐོག་ནས་བརྙན་འཕྲིན་འཕྲིན་ལམ་གྱི་གཟིགས་མོ་བ་རྣམས་ལ་ངོ་སྤྲོད་མདོར་བསྡུས་ཤིག་གནངས་ན་ཅི་འདྲ་རེད”
“ལགས་སོ”སྐུ་ཞབས་གསེར་གཅོད་ཀྱིས་ཅོག་ཙེ་སྟེང་གི་ཚི་དྲེག་དང་ལོ་ཟླ་གྲངས་མེད་ཀྱི་ཞབས་རྗེས་གསལ་བོར་མངོན་པའི་གནའ་དཔེ་དེ་དག་དང་གསར་དུ་བསྐྱོན་པའི་འདྲ་པར་དག་ལག་ཏུ་བཟུང་སྟེ་ངོ་སྤྲོད་དང་བཅས་འདི་སྐད་བཤད།
“དེ་ནི་ཟླ་བ་འགའི་སྔོན་གྱི་མཚན་མོ་ཞིག་རེད་ངས་རང་གི་གོམ་ལོབས་ལྟར་ཐོག་ཁང་གི་ཁྱམས་རར་བསྡད་ནས་གྲོང་ཁྱེར་གྱི་མཚན་ལྗོངས་ལ་རྒྱང་ལྟ་བྱེད་བཞིན་བསམ་གཞིག་གི་ཀློང་དུ་འཁྱམས་སོང༌། ”སྐུ་ཞབས་གསེར་གཅོད་ཀྱི་མིག་ལས་ཧ་ཅང་གཟབ་ནན་གྱི་མདངས་ཤིག་བྱུང་སྟེ་གདོང་གི་མིག་ཤེལ་དེ་ཡར་འདེད་ཙམ་བྱས་ནས་མུ་མཐུད་དུ།
“རང་ཉིད་སྤྱི་ཚོགས་དཔྱད་བརྗོད་པ་ཞིག་ཡིན་པའི་ཆ་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་འདི་ལྟར་མགྱོགས་ཤིང་ཚན་རྩལ་དར་རྒྱས་ཀྱིས་གནམ་སའི་བླ་འོག་བརྗེ་བཞིན་འདུག་ནའང་ད་དུང་ནད་ཡམས་སྣ་ཚོགས་དང་ཆགས་འཇིག་སྣ་ཚོགས། རང་བྱུང་གི་གནོད་འཚེ། དམག་འཁྲུག་གི་སྡུག་བསྔལ། དེ་བཞིན་དུ་བརྐུ་དང་འཕྲོག་བཅོམ་བཅས་ཀྱིས་དུས་དང་རྣམ་པ་ཀུན་དུ་མི་རྣམས་ཀྱི་བདེ་སྐྱིད་རྩ་བ་ནས་འཕྲོག་པར་བྱས་ན་འང་མིའི་རིགས་ལ་འདིའི་ཐད་ལ་བྱ་ཐབས་ཅི་ཡང་མེད་པར་ཆགས་འཇིག་འདི་དག་གི་མདུན་དུ་མགོ་བོ་མི་སྒུར་ཐབས་མེད་བྱུང་འདུག་པའི་རྒྱུ་མཚན་དང་དེའི་བྱུང་རྐྱེན་སོགས་ལ་བསམ་གཞིགས་དང་གདུང་སེམས་ཀྱིས་རབ་དུ་མནར་བའི་སྐབས་སུ་གློ་བར་དུ་ངའི་གམ་དུ་ལོ་ན་ཤིན་ཏུ་བགྲེས་པའི་རྒན་པོ་ཞིག་སླེབས་བྱུང༌། ཁོས་ངའི་བསམ་ཚུལ་ཡོངས་སུ་མཁྱེན་སོང་ལྟར། གཞོན་ནུ་ཁྱོད་ཀྱི་སེམས་ངལ་ངས་རྟོགས་སོང༌། འཇིག་རྟེན་གྱི་གསང་བ་འདིའི་མཐིལ་བརྟོལ་འདོད་ན་ངའི་རྗེས་སུ་ཤོག་ཟེར། ང་ཚམ་ཚོམ་ཅི་ཡང་མེད་པར་ཁོའི་རྗེས་སྙེག གྲོང་ཁྱེར་གྱི་བས་མཐའི་ལེ་བར་ཆིག་བརྒྱ་ལྷག་གི་ས་ནས་རྒན་པོས་ང་ལ་གཡང་གཟར་མཐོན་པོ་ཞིག་གི་ངོས་སུ་བྲག་ཕུག་ནག་ཧོང་ངེར་ཡོད་པ་ཞིག་བསྟན་ཏེ། གཞོན་ནུ་རང་གི་སེམས་ངལ་དང་གསང་བ་མཐའ་དག་ཤེས་འདོད་ན་བྲག་ཕུག་ནང་གི་དངོས་པོ་དེ་ཐབས་བརྒྱ་ཇུས་སྟོང་གིས་ལེན་པར་འཚལ། གལ་སྲིད་དངོས་པོ་དེ་ལག་ཏུ་སོན་པ་ཡིན་ན་ཁྱོད་གཙོ་བྱས་པའི་སྤྱི་ཚོགས་ཧྲིལ་བོར་ཕན་པ་རྒྱ་ཆེར་ཡོད་ཟེར་ནས་སྐད་ཅིག་ཉིད་དུ་ནམ་མཁའི་གློག་ཞག་ལྟར་མི་སྣང་བར་གྱུར་སོང༌། མ་གཞིར་འདི་ནི་རྨི་ལམ་ཞིག་ཡིན། རྗེས་སུ་ངས་རྨི་ལམ་འདིར་ཉལ་འདང་ལངས་འདང་མང་པོ་བརྒྱབ་རྗེས། བློ་ཐག་རྦད་ཆོད་ཀྱིས་རྨི་ལམ་ནང་གི་རྒན་པོའི་མངག་བཅོལ་ལྟར་ལག་རོགས་མི་འགའ་བཀོད་སྒྲིག་བྱས་ཏེ་རྨི་ལམ་ནང་ནི་གཡང་གཟར་དང་བྲག་ཕུག་འཚོལ་དུ་སོང༌། བློ་ཡིད་ལས་འདས་པ་ཞིག་ལ། གྲོང་ཁྱེར་གྱི་བས་མཐའི་ལེ་བར་ཆིག་བརྒྱ་ལྷག་གི་གནས་ག་ལ་བ་དེར་རྒན་པོས་བཤད་པ་ལྟ་བུའི་གཡང་གཟར་མཐོན་པོ་ཞིག་གི་ངོས་སུ་བྲག་ཕུག་ནག་ཧོང་ངེར་ཡོད་པ་ཞིག་རྙེད་བྱུང་བ་མ་ཟད༌། བྲག་ཕུག་ནས་བྲིས་མ་དང་དཔར་མའི་དཔེ་རྙིང་མང་པོ་ཞིག་ཀྱང་རྙེད་བྱུང༌།” སྐུ་ཞབས་གསེར་གཅོད་ལགས་ཀྱིས་ཚི་དྲེག་དང་སྣུམ་གྱིས་ཟིན་པའི་འབྲི་དེབ་ཁ་ཟད་སྣ་རལ་དུ་གྱུར་འདུག་པ་དེ་བསྟན་ནས།
“འདིའི་སྟེང་དུ་ལག་བྲིས་ཡི་གེ་མང་པོ་འདུག་ནའང་ད་ལྟ་ང་ཚོས་ཡི་གེ་འདི་ཤེས་ཐབས་མི་འདུག འོན་ཀྱང་ཡི་གེའི་གཤམ་དུ་སྤྱི་ལུགས་ཀྱི་ཨང་ཀིས་2009/6/10ཞེས་ལོ་ཟླ་ཚེས་གྲངས་ཤིག་བཀོད་འདུག འདི་ལས་ང་ཚོས་ཡི་གེ་འདི་སྤྱི་ལོ་2009ལོའི་ཟླ6ཚེས10ཉིན་བྲིས་པ་ཤེས་ཐུབ་ལ། ལོ་ངོ་ཆིག་སྟོང་ལ་ཉེ་བའི་སྔོན་གྱི་གནས་ཚུལ་གཏེར་དུ་སྦས་པ་ཞིག་ཡིན་པ་འདྲ”
སྐུ་ཞབས་གསེར་གཅོད་ལགས་ཀྱིས་མུ་མཐུད་དུ་བཤད་རྒྱུར།
“རྨི་ལམ་ནང་གི་རྒན་པོས་བཤད་པ་ལྟར་ན། བྲག་ཕུག་ནང་གི་དངོས་པོ་ལག་སོན་བྱུང་ན་སྤྱི་ཚོགས་ཡོངས་ལ་ཕན་བདེ་རྒྱ་ཆེར་ཡོད་ཟེར། དེ་བས་བདག་གི་བསམ་པར་ད་ལྟའི་སྤྱི་ཚོགས་སུ་གནས་བོའི་ཡི་གེ་འདི་དག་ཤེས་མཁན་ཨེ་ཡོད་གྲང་སྙམ་པ་དང་རྨི་ལམ་ལས་དངོས་དོན་ལུང་དུ་བསྟན་པའི་ཁྱད་མཚར་ཅན་གྱི་བྱ་བ་ཀུན་ལ་ཤེས་སུ་འཇུག་ཆེད་དཔེ་རྙིང་དང་ཡིག་རྙིང་དག་པར་དུ་བསྐྱོན་ནས་གནས་ཚུལ་ངོ་སྤྲོད་དང་བཅས་རང་གི་དྲ་ངོས་སུ་སྤེལ་བ་ཡིན།”
སྐུ་ཞབས་གསེར་གཅོད་ལགས་ཀྱི་ངོ་སྤྲོད་ཡོངས་སུ་མཇུག་རྫོགས་པ་ན་གསར་འགོད་པ་བདེ་གཡང་གི་གདོང་ལ་སྔར་ལས་ལྷག་པའི་མཚར་ཉམས་ཤིག་ཤར་ནས།
“སྐུ་ཞབས་གསེར་གཅོད་ལགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ། གོང་དུ་གསུང་པ་མཐའ་དག་ནི་ལྷ་སྒྲུང་བཞིན་ངོ་མཚར་ཞིང་སྤྲོ་བ་འདྲེན་པ་ཞིག་རེད། འདིར་ཕྲན་ལ་ད་དུང་འདྲི་རྒྱུ་ཞིག་ལ། ཁྱེད་ཀྱིས་དོན་འདིར་ལྟ་ཚུལ་ཇི་ལྟ་བུ་ཞིག་བཅངས་ཡོད།”ཅེསས་དྲིས།
“བདག་གི་བསམ་ཚུལ་ལ་འཇིག་རྟེན་ནི་ཁྱད་མཚར་བའི་ཕུང་བོ་ཞིག་རེད། ཁྱད་མཚར་བའི་འཇིག་རྟེན་ནས་ཁྱད་མཚར་བའི་དོན་དག་ཅི་ཡང་མི་འབྱུང་བའི་ངེས་པ་ཡོད་པ་མ་རེད། ཐེངས་འདིའི་གནས་ཚུལ་ཀྱང་དེ་ལས་མ་འདས། དེ་བས་བདག་གིས་བསམ་ན་དཔེ་རྙིང་འདི་དག་ལས་བསྟན་པ་ནི་སྤྱི་ཚོགས་ཕན་བདེ་ཡི་ནང་དོན་ཅན་ཡིན་སྲིད་པས་དེ་དོན་གྱི་སྙིང་བོ་ལོན་པར་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་འདུག”
“རེད་ཡ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆེས་མཐོ་རླབས་སུ་སོན་པའི་དེང་གི་སྐབས་འདིར་མི་རྣམས་ཀྱི་སེམས་ཀྱི་རེ་འབོད་ནི་སྤྱི་ཚོགས་སྔར་ལས་ལྷག་པའི་འཕེལ་རྒྱས་སུ་འགྲོ་རྒྱུ་དེ་མ་ཡིན་པར༌། སྤྱི་ཚོགས་བདེ་འཇགས་དང་འཛམ་གླིང་ཞི་བདེ། མི་རིགས་མཐུན་སྒྲིལ་གྱིས་བདེ་སྐྱིད་རྫོགས་ལྡན་གྱི་འཚོ་བ་ལོངས་སུ་སྤྱོད་རྒྱུ་དེ་རེད་སྙམ། མཇུག་མཐར་ངས་གཟིགས་མོ་བ་ཡོངས་ཀྱི་ཚབ་བྱས་ཏེ་ཁྱེད་ཀྱིས་དཔེ་རྙིང་འདི་དག་ལས་བསྟན་པའི་གསང་བ་མྱུར་དུ་བརྟོལ་ནས་སྤྱི་ཚོགས་དཔྱད་བརྗོད་ཀྱི་བྱ་གཞག་རླབས་ཆེ་བ་དེ་སྔར་ལས་ལྷག་པའི་ཐོལ་བརྒལ་འབྱུང་བར་སྨོན་ལམ་སྙིང་ནས་འདེབས།”
“ཐུགས་རྗེ་ཆེ། ཁྱེད་ཀྱི་བྱ་བ་ལམ་འགྲོ་ཡོང་བར་ཤོག”
འཕྲིན་གསར་གྱི་ནང་དོན་དེ་བཅར་འདྲི་བྱས་ཚར་བར་མ་ཟད་བརྙན་འཕྲིན་འཕྲིན་ལམ་བརྒྱུད་ནས་ཐེངས་དུ་མར་བསྐྱར་གཏོང་ཡང་བྱས་སོང༌། གྲོང་ཁྱེར་གྱི་མི་རྣམས་ཀྱི་ཁ་ན་རླུང་ལྟར་གྲགས་པ་ནི། “སྐུ་ཞབས་གསེར་གཅོད་ལགས་ཀྱིས་རྙེད་པའི་དཔེ་རྙིང་དག་ནི་བོད་མི་རིགས་མེས་པོ་ཚོས་བསྐྱུར་བའི་དཔེ་རྙིང་རེད་”ཟེར་བ་ཙམ་ལས་ནང་དོན་ཤེས་མཁན་དང་ཡིག་ངོ་ཆོད་མཁན་གཅིག་ཀྱང་མ་བྱུང༌།
“ཐག ཐག ཐག ”
གློ་བར་དུ་སྒོ་རྡུང་བའི་སྒྲ་དེས་སྐུ་ཞབས་གསེར་གཅོད་ལགས་ལ་ཉིན་འགའི་སྔོན་གྱི་གསར་འགོད་པ་དེ་དྲན་པར་བྱས། སྒོ་ཕྱེས་པ་ན་སྐུ་གཟུགས་ཕྲ་ཞིང་རིང་བའི་ཕྱི་གླིང་བ་ཞིག་སྒོ་འགྲམ་དུ་ལངས་འདུག ཁོས་སྐུ་ཞབས་གསེར་གཅོད་ལགས་མཐོང་མ་ཐག་གུས་ཞབས་ལྡན་པའི་སྒོ་ནས།
“སྐུ་ཞབས་གསེར་གཅོད་ཞུ་བ་དེ་ཁྱེད་ཨེ་ཡིན”ཞེས་སྤྱི་སྐད་(རྒྱལ་སྤྱིའི་སྟེང་གཅིག་གྱུར་དང་སྤྱི་ཁྱབ་ཏུ་བཀོལ་བའི་སྐད་ཆ་ལ་སྤྱི་སྐད་ཟེར་ལ་ལོ་རྒྱུས་སུ་དབྱིན་ཇིའི་སྐད་ཅེས་ཟེར)ཀྱིསདྲིས་བྱུང༌།
“ཡིན། ང་ཡིན། ”སྐུ་ཞབས་གསེར་གཅོད་ལགས་ཀྱིས་ཀྱང་སྤྱི་སྐད་ལབ།
“དེ་འདྲ་ཡིན་ན་ཤིན་ཏུ་བཟང༌། ངས་བརྙན་འཕྲིན་ལས་ཁྱོད་ཀྱི་གནས་ཚུལ་གོ་ཐོས་བྱུང་ཡོད། ང་ནང་དུ་ཡོང་ནས་ཁ་བརྡ་བྱས་ན་ཨེ་ཆོག”ཟེར།
“ལོས་ཆོག ནང་དུ་ཕེབས་་་་་་་་་་་ ”
ཉིན་དེར་སྐུ་ཞབས་གསེར་གཅོད་དང་ཕྱི་གླིང་བ་དེ་གཉིས་གླེང་མོལ་མང་དུ་བྱས།
ཕྱི་གླིང་པས་བྲག་ཁུང་ལས་རྙེད་པའི་དཔེ་རྙིང་དག་བལྟས་རྗེས་དེ་ནི་བོད་ཡིག་ཡིན་ཚུལ་དང་ཡིག་ངོ་ཆོད་ཚུལ། ནང་དོན་གོ་ཚུལ་སོགས་མང་དུ་བཤད་པ་མ་ཟད། དེང་གི་བོད་མི་རིགས་ནི་མི་རིགས་ནི་ལོ་རྒྱུས་སྟེང་ཤེས་རིག་ཆེས་ཆེར་དར་མྱོང་བའི་མི་རིགས་ཤིག་ཡིན་ཚུལ་སོགས་ཞིབ་ཏུ་བསྙད་པ་དེས་སྐུ་ཞབས་གསེར་གཅོད་ཀྱི་བློ་སྒོ་ཧར་གྱིས་ཕྱེས་ཤིང༌། རང་གི་མེ་ཚེ་ཕྱེད་ཀའི་རིང་ལ་མི་དང་སྤྱི་ཚོགས་ཀྱི་གནས་བབ་ལ་ཞིབ་འཇུག་བྱེད་ཁུལ་བྱས་ན་འང་རང་ཉིད་བོད་ཡིན་བཞིན་དུ་རང་གི་རིག་གནས་ལོ་རྒྱུས་ཀྱི་ཕྱོགས་ལ་བསམ་གཞིག་ཡེ་ནས་བཏང་མ་མྱོང་བ་དང་དངོས་མང་བཤམས་སྟོན་ཁང་དུ་བོད་ཀྱི་དཔེ་རྙིང་མང་པོ་མཐོང་མྱོང་ནའང་དེར་དོ་སྣང་ཅི་ཡང་བྱས་མ་མྱོང་བ་དེར་བློ་འགྱོད་ཆེན་པོ་སྐྱེས།
ཕྱི་གླིང་བ་དེས་རང་གི་སྔུན་ནས་རང་གི་ལོ་རྒྱུས་བཤད་པ་ལ་ངོ་མཚར་དང་ངོ་ཚ་མཉམ་དུ་སྐྱེས།
ཕྱི་གླིང་བ་དེས་མཇུག་ཏུ་བཤད་རྒྱུར་“དེང་སྐབས་ང་ཚོའི་ཕ་ཡུལ་མ་གཏོགས་ཡུལ་གྲུ་གཞན་དུ་སྔ་མོ་ནས་ཉམས་ཚར་བ་རེད། ཡི་གེ་འདིས་མཚོན་པའི་རིག་གནས་ནི་ཞི་བདེ་ཡི་རིག་གནས་ཤིག་རེད། དེ་བས་ང་ཚོའི་རྒྱལ་ཁབ་ཀྱིས་ཡིག་རིགས་འདི་ནང་འདྲེན་བྱས་ནས་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་རེད། ད་ནི་རིག་གནས་འདི་ང་ཚོའི་རིག་གནས་ཤིག་ཏུ་གྱུར་ཚར་ཡོད། ”ཟེར།
སྐུ་ཞབས་གསེར་གཅོད་ལགས་ཀྱི་སེམས་སུ་ཕྱི་གླིང་བ་དེས་བཤད་པ་དེ་འདྲ་ཞིག་ཡིན་ན་རང་སྐད་(རང་སྐད་ནི་རང་གི་རྒྱལ་ཁབ་ནང་ཁུལ་དུ་བཀོལ་བའི་སྐད་དང་ཡི་གེ་ལ་ཟེར)དུ་འདིའི་སྐོར་གྱི་ལོ་རྒྱུས་ཡིག་ཆ་ཙམ་ཡང་མཐོང་རྒྱུ་མེད་པ་ཅི་ཡིན་ནམ་སྙམ་པའི་དོགས་བློ་མང་དུ་སྐྱེས།
མཇུག་མཐར་སྐུ་ཞབས་གསེར་གཅོད་ཀྱི་འདོད་བློ་ལྟར་ཁོང་གཉིས་ཀྱིས་གྲོགས་སྒྲིག་སྟེ་དཔེ་རྙིང་དེ་རང་སྐད་དུ་བསྒྱུར་བའི་མགོ་བརྩམས།
སྐུ་ཞབས་གསེར་གཅོད་ལགས་ཀྱིས་ཡང་བསྐྱར་རང་གི་དྲ་ངོས་སུ་གསར་དུ་འཕྲིན་གསར་ཞིག་བྲིས་ཤིང་མཚན་མོའི་རྨི་ལམ་དུ་བརྙན་འཕྲིན་ཁང་གི་གསར་འགོད་པ་དང་དྲ་ངོས་ཀྱི་ཀློག་མཁན་མང་པོ་ཞིག་ཀྱང་རྨིས་བྱུང༌།
ཟུར་བཤད།
རྩོམ་མཁན་ཞིག་ཡིན་ཕྱིན་མིའི་རིགས་ཀྱི་སྤྱི་ཚོགས་ལ་སེམས་འཁུར་ནི་མ་སྐུལ་དང་ལེན་དུ་ཡོད་ལ་དེ་ནི་རྩོམ་མཁན་གྱི་རླབས་ཆེན་རང་བཞིན་ཡང་ཡིན། དེང་གི་སྤྱི་ཚོགས་སུ་མི་རྣམས་ཀྱིས་རྩོམ་པ་པོར་གདེང་འཇོག་བྱེད་སྐབས“དེ་ནི་རྩོམ་མཁན་ཞིག་རེད་”ཅེས་པ་ཙམ་གྱིས་འཐུས་བར་བྱེད་པ་འདིས་རྩོམ་མཁན་དག་གི་རྣམ་དཔྱོད་དང་ལྷག་བསམ། སྒྱུ་རྩལ་གྱི་བློ་སྤོབས། རྟོགས་འཇུག་གི་ཟབ་ཚད་སོགས་དུས་རབས་ཀྱི་ཅོང་བརྡ་རུ་གྱུར་བའི་མཛད་སྤྱོད་དག་མ་ཤེས་པའི་ངང་ནས་རྡོག་རྫིས་བཏང་སྟེ་ཚིག་གི་ཕྲེང་བ་ཙམ་སྤེལ་བའི་རྩོམ་མཁན་དུ་ངེས་འཛིན་བྱས་ཏེ་སྤྱི་ཚོགས་གོ་གནས་དམན་པའི་ཞབས་སུ་གཡུགས་པ་རེད། དེ་བས་སྒྲུང་གཏམ་འདིས་དེང་གི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་མི་རྣམས་ཀྱི་དུས་རབས་འཕེལ་རྒྱས་ཀྱི་ལྟ་བའམ་རེ་སྙེག་དངོས་དེར་གཞི་བཅོལ་ནས། ཚིག་གི་ཕྲེང་བ་སྤེལ་བའི་སྦྱོར་བ་ཕལ་བ་དང་རྩོམ་མཁན་གྱི་སྤྱི་ཚོགས་འགན་འཁྲིའི་རང་བཞིན་དང་རྩོམ་ཡིག་གི་སྒྱུ་རྩལ་གྱི་རང་བཞིན། དུས་རབས་དང་འབྲེལ་བའི་བླང་དོར་གྱི་གནས་ལུགས་ཐབས་ཀྱིས་སྟོན་པ་གཙོ་བོར་བྱས་ཏེ། མི་རིགས་ཀྱི་ཆ། དུས་རབས་ཀྱི་ཆ། འཕེལ་རྒྱས་ཀྱི་ཆ་བཅས་ཟུར་ངོས་གསུམ་བསྣོལ་མར་སྦྲེལ་ནས་བསམ་གཞིག་བཏང་བའི་འབྲས་རྟགས་ཡིན་ལ་རྩོམ་མཁན་གྱི་འགན་འཁྲིའི་འདུ་ཤེས་ཀྱང་ངང་གིས་བསྟན་པ་ཡིན།
རྩོམ་ཁུངས། ངེད་དྲ་བ།