ཚུལ་ཁྲིམས་རྒྱ་མཚོ།༣
གཅིག
ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོས་བཤད་རྒྱུར—
ང་རང་ཆུང་ངུའི་དུས་ཀྱི་གནས་ཚུལ་དང༌། ཡབ་ཡུམ་གཉིས་ཀྱི་ལོ་རྒྱུས། ལྷ་སར་སོང་བ་དང་བཙོན་ཁང་དུ་བཅུག་པ་སོགས་ནི་ཁྱོད་ཀྱིས་བྲིས་པའི་གཏམ་རྒྱུད་ནང་བཤད་ཟིན་པས། ངས་བསྐྱར་བཟློས་མི་བྱེད། ཡིན་ན་ཡང༌། དྲང་མོར་བཤད་ན། ང་རང་ནི་ཁྱོད་ཀྱིས་གཏམ་རྒྱུད་ནང་དུ་བྲིས་པའི་མི་དེ་ལྟ་བུ་ཞིག་མིན། ལས་རྒྱུ་འབྲས་ལ་དེ་དུས་ནས་བཟུང་ཡིད་ཆེས་པ་དང༌། རང་གི་བྱ་བ་དང་སྤྱོད་པ་རྣམས་ཀྱང་ལས་རྒྱུ་འབྲས་ལ་སྒོ་བསྟུན་ཅི་ཐུབ་བྱས་པ་ཡིན་མོད། འོན་ཀྱང་དོན་དག་ཅིག་གི་ཐད་ ནས……ཧ་ཧ། གསེར་ཡིན་ན་ལྷད་མ་འདྲེས་པ་དང༌། མི་ཡིན་ན་སྐྱོན་མ་གོས་པ་ཞིག་གང་ན་ཡོད། ངས་རང་གི་གནོང་འགེབས་བསམ་པ་ནི་མིན། རང་རེའི་བླ་ཆེན་མི་ཆེན་ཚོ་ལའང་གཞན་ལ་གསང་དགོས་པ་དང་རང་ཉིད་ངོ་གནོང་དགོས་པའི་ཆ་ཡོད་ན། ང་ལྟ་བུ་ནི་ཨ་ཅང་ཅང་རེད། ཁྱོད་ཀྱིས་ངའི་ཨ་མ་གྲོངས་པ་དང༌། ཨ་ཕ་གར་སོང་མི་ཤེས་ཤིང༌། ཨ་ཁུ་ཡང་བཙོན་ཁང་དུ་ཤི་སོང་བས། ང་ལ་འགྲོ་སའི་ཡུལ་དང་འཛུལ་སའི་ཁུང་མེད་པ་ལྟ་བུ་ཞིག་བྲིས་འདུག་པ་དེ་ནོར་འདུག ང་ལ་སྤུན་ལས་ལྷག་པའི་གྲོགས་པོ་འགའ་ཞིག་ཡོད་པར་མ་ཟད། རང་གིས་གསོ་སྐྱོང་བྱས་པའི་སློབ་མ་ཡང་མང་བོ་ཡོད། ནང་སྒོས་སུ……འེ……ཁྱོད་ཀྱིས་བྲིས་པའི་ཇོ་མོ་མར་ལོག་བྱས་པའི་སྦྱིན་བདག་དེ་ཁྱོད་ཀྱིས་ད་དུང་བརྗེད་ཡོད་རྒྱུ་མ་རེད། ཁོ་མོའི་མིང་ལ་ལྷ་མོ་སྒྲོལ་མ་ཟེར། ཕལ་ཆེར་ཁྱོད་ཀྱིས་ངའི་སྙན་གྲགས་ལ་གནོད་རྒྱུ་རེད་བསམས་ནས་གསང་བ་དེ་ཚོ་མ་བྲིས་པ་འདྲ། ཐ་ན“ཁོ་མོ”ཞེས་མོ་རྟགས་ཙམ་བྱིན་པ་ལས་མིང་ཡང་བཤད་མ་ ཕོད་པར་འདུག མི་ཞིག་ཡིན་ན་གསང་བ་མེད་པ་ཞིག་ག་ལ་ཡོད། ཁྱད་པར་ནི་ལ་ལས་གསང་ཤེས་པ་དང་ལ་ལས་གསང་མི་ཤེས་པ་དེ་རེད། ཡིན་ན་ཡང༌། ཁྱོད་ཀྱིས་ཇི་ལྟར་གསང་བ་བྱས་ན་གཞན་གྱིས་དེ་ལྟར་ཤེས་འགྲོ་བར་མ་ཟད། ཕྱི་སྡེ་བའི་ནང་ན་འུ་རུ་རུ་འགྲོ་དུས་རང་གིས་ད་དུང་གསང་བ་ཞིག་ཡིན་འདོད་ནས་བསྡད་ཡོད་པས་མཐར་གཏུགས་ན་གཞན་གྱིས་ཁྱོད་ལ་གསང་བ་བྱས་པ་ཞིག་རེད། སྐྱོན་ཅན་རྒྱལ་པོས་མི་ཁེབས། སྡིག་ཅན་བླ་མས་མི་འདྲོང་ཟེར་བ་ཡང་རྒྱུ་ མཚན་མེད་པ་ཞིག་ག་ལ་ཡིན། རླུང་ཚོགས་
པའི་གྱང་མེད་ལ་གསང་ཚུགས་པའི་སྣོད་དཀའ་བས། ངས་རང་གི་གནས་ཚུལ་བཤད་པའི་སྐབས་སུ་ཁྱོད་ལ་གསང་རྒྱུ་དང་སྦ་རྒྱུ་མེད་ལ། ཁྱོད་ཀྱིས་ངའི་གཏམ་རྒྱུད་འབྲི་བའི་སྐབས་སུའང་རུམ་ལ་བསྡུ་རྒྱུ་དང་ས་ནས་འཇོག་རྒྱུ་མེད། ཡིན་ན་ཡང༌། འབྲི་དགོས་པ་འདུག་བསམ་པ་དེ་ཚོ་བྲིས། དགོས་པ་མི་འདུག་བསམ་པ་དེ་ཚོ་གཡུག་ཞོག དེ་ནི་ཁྱོད་ཀྱི་རང་དབང་རེད། ཡ་ད་ངས་ཁྱོད་ལ་ངའི་གསང་བ་དེ་བཤད་ཡ།
དེ་ནི་ང་རང་ལོ་ན་གཞོན་པའི་དུས་རེད། དེ་དུས་ཨ་ཁུ་ལ་སྦྱིན་བདག་མང་བོ་ཡོད་ཀྱང༌། ངའི་སེམས་ལ་སྣང་བ་ཟབ་མོ་བཞག་པ་ནི་ལྷ་མོ་སྒྲོལ་མ་རེད། ཁོ་མོ་ངའི་ཨ་ཁུ་ལ་དད་པ་ཡོད་པར་མ་ ཟད། ཇ་ཁོག་མ་གང་དང་རྩམ་པ་ཁྱོར་བ་གང་ཡོད་ན་ཡང་ཨ་ཁུ་དང་ངེད་གཉིས་ལ་ཕྱེད་བགོ་བྱེད་པའི་སྦྱིན་བདག་གཏོང་ཕོད་ཅན་ཞིག་ཀྱང་རེད། ཁོ་མོ་ང་ལས་ལོ་བཅུས་ཆུང་ཟེར་བ་དེ་ཁྱོད་ནོར་འདུག དེ་ནི་མི་གཞན་པ་ཞིག་ཡིན་པས་དེའི་རྒྱུ་མཚན་རྣམས་གཞུག་ནས་བཤད་ཆོག སྔོན་ཆད་ཇོ་མོ་བྱས་སྟབས་སྐྲ་རིང་རྒྱུ་མེད་ན་ཡང༌། ཡོད་པ་རྣམས་གནག་ཅིང་སྣུམ་ལ་ཉག་མའང་སྦོམ་ཞིང་རགས། ཉིན་ཞིག་ང་རང་བཤད་སྒྲུབ་ཆུ་ཁར་ལེན་དུ་སོང་བ་ཡིན། སྐབས་དེར་ང་རབ་ཏུ་བྱུང་ཡོད་ན་ཡང༌། ཆུ་ལེན་རྒྱུ་དང་བཟང་བཏུང་གི་གཡོ་སྦྱོར་བྱ་རྒྱུ་རྣམས་ནི་ངའི་ལས་འགན་གཙོ་བོ་ ཡིན། ཉིན་དེར་ལྷ་མོ་སྒྲོལ་མས་ཀྱང་ཆུ་ཟོ་ཞིག་ཁུར་ནས་ཆུ་ཁར་ཡོང༌། ནམ་རྒྱུན་དུ་ཁོ་མོ་ནི་བུ་མོ་རྩེ་དགའ་ཅན་ཞིག་ཡིན་ཚོད་འདུག་ཀྱང་༌། རབ་བྱུང་གི་རྟགས་འཛིན་པའི་དགེ་སློང་གཞོན་ནུ་ཚོ་ལ་འཛུམ་ཞིག་ཀྱང་མི་སྟོན། ཡིན་ན་ཡང༌། ང་ལ་དམིགས་བསལ་ཡོད་པས། ངས་ཁོ་མོའི་གདོང་གི་འཛུམ་མཐོང་ཐུབ་པར་མ་ཟད། ད་དུང་དགེ་སློང་གཞོན་ནུ་ཚོས་མཐོང་མི་ཐུབ་པའི་ཉམས་ཀྱང་མཐོང་ཐུབ། དེ་དུས་ང་རང་ནི་དགེ་སློང་གི་སྡོམ་པ་ཡོད་པའི་གྲྭ་པ་ཞིག་ཡིན་སྟབས། རྒྱུད་ལ་ཉོན་མོངས་འདྲ་མ་སྐྱེས་ཀྱང༌། འདོད་ཆགས་ཀྱི་རྩ་བ་གཅད་རྒྱུ་ནི་ལས་སླ་མོ་ཞིག་མིན་པས། ཁོ་མོའི་
གདོང་གི་འཛུམ་དང་ལུས་ཀྱི་ཉམས་དེ་དག་མཐོང་སྐབས། བུ་མོ་མཛེས་མ་ཡིད་དུ་འོང་བ་ཞིག་རེད་ཨང་སྙམ་པའི་བསམ་པ་འགོག་མེད་དུ་འཤར་བྱུང༌། གལ་སྲིད་ང་ལ་སྡོམ་པ་མེད་པ་དང༌། ཨ་ཁུ་ལ་སྐྲག་མི་དགོས་པ་ཞིག་ཡིན་རྒྱུ་ན། ངའི་ཚེ་གཅིག་གི་གཏན་གྲོགས་སུ་མི་ལོན་རུང་ཞག་གཅིག་གི་རྩེ་ཡ་དགོད་གྲོགས་ཤིག་བྱ་ཐུབ་ངེས་རེད།
“ཆུ་ལེན་དུ་ཡོང་བ་ཡིན་ནམ།”ནམ་རྒྱུན་དུའང་ངེད་གཉིས་འཕྲད་པའི་སྐབས་སུ་ཁྱོད་བདེ་ང་སྐྱིད་ཀྱི་གཏམ་ཐུང་ངུ་ལས་ཤོད་རྒྱུ་མེད་པས། ཁོ་མོས་དེ་རིང་ང་ལ་དྲི་བ་དེ་ལྟ་བུ་ཞིག་ འདོན་པའི་སྐབས་སུའང“ཨོ་ལེ”ཞེས་ཡིག་འབྲུ་གཉིས་ཀྱིས་ལན་འཐུས་པ་བྱེད་པ་ལས་ཐབས་ཅི་ཡོད། སྐབས་དེར་ངའི་སེམས་ལ་འཆར་སྣང་སྣ་ཚོགས་སྐྱེས་པ་དང༌། ཡིད་ཀྱི་འགྱུར་བ་ ནི་རྒྱ་མཚོའི་རྦ་རླབས་དང་མཚུངས། སྡོམ་པ་ཟེར་བ་དེ་ནི་འཚོ་བའི་བདེ་སྐྱིད་སྡོམ་བྱེད་ཀྱི་ལྕགས་ཐག་ཅིག་ཡིན་ལ། ལང་ཚོའི་འདུན་མ་འགོག་བྱེད་ཀྱི་བཙོན་ར་ཞིག་ཀྱང་རེད། ངས་ལྕགས་ཐག་གི་ཨ་ལོང་དེ་ལྟ་བུ་ཞིག་
རང་གི་སྐེ་ལ་གོན་ནས་བཙོན་ར་འདི་ལྟ་བུ་ཞིག་གི་ནང་དུ་འཛུལ་དོན་ཅི་ ཡིན། སྟོན་པ་ཡ་སངས་རྒྱས། ཁྱེད་ཀྱིས་དྲི་མ་མེད་པའི་གསུང་ཚིག་མང་བོ་ཞིག་གསུངས་ཡོད་ན་ཡང༌། “དམ་བཅའ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ཡིན”ཞེས་པ་དེ་ལས་ཡང་དག་པ་ཞིག་མི་འདུག ངས་ཁྱེད་ཀྱི་རྗེས་འབྲངས་ཏེ་སྡོམ་ཁྲིམས་སྲོག་དང་མིག་འབྲས་ལྟར་སྲུང་ཐུབ་པའི་དམ་བཅའ་པ་ཡིན་མོད། འོན་ཀྱང་ད་ལྟ་ཁོ་མོའི་གདོང་གི་འཛུམ་དང་ལུས་ཀྱི་ཉམས་མཐོང་སྐབས། ད་གཟོད་རང་གི་དམ་བཅའ་དེ་ཡང་སྡུག་བསྔལ་གྱི་རྒྱུ་ཞིག་ཡིན་པ་ཧ་གོ་བ་དང༌། ཁྱེད་ཀྱི་གསུང་ ཚིག་དང་འགལ་བ་ཡིན་པ་གཞི་ནས་ཤེས་སོང༌། ཡིན་ན་ཡང༌། ཁྱེད་ཀྱིས་ཕྱོགས་གཅིག་ནས་ང་ཚོ་ལ་སྡོམ་པ་སྲུང་བའི་དམ་བཅའ་འཇོག་ཏུ་བཅུག་པ་དང༌། ཕྱོགས་གཅིག་ནས་དམ་བཅའ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ཡིན་ཞེས་གསུང་དོན་ཅི་ཡིན་ནམ། ངས་ད་ལྟ་དབུ་མ་སྦྱོང་བའི་དབུ་ བཙུགས་པ་ཙམ་ལས། ཕར་ཕྱིན་སྦྱངས་ནས་ཕ་རོལ་ཏུ་ཕྱིན་མེད་པས། ཁྱེད་ཀྱི་གསང་ཟབ་རྒྱ་ཆེའི་གསུང་རབ་མཐའ་དག་གི་དོན་ག་ལ་ཤེས་ཐུབ། ཁོ་མོ་སྟེ—དྭངས་ཤིང་གསལ་བའི་གདངས། ཕྲ་ཞིང་ལྡེམ་པའི་ལུས། ཟླུམ་ཞིང་སྒོར་བའི་གདོང༌། ནག་ཅིང་གྲུང་བའི་མིག འཛུམ་ཞིང་དགོད་པའི་ཚེམས……ཨ་ཙི། དེ་དང་དེ་ལྟ་བུའི“ཁོ་མོ”ཞིག་ངའི་སྙིང་གི་སྒོ་སྲུབ་ཏུ་འཛུལ་སོང༌།
དེའི་རྗེས་སུའང་ངེད་གཉིས་ཐེངས་ཁ་ཤས་ལ་འཕྲད་མྱོང༌། ཁོ་མོའི་མིག་གི་མདངས་ནི་ཐེངས་རེ་ལས་ཐེངས་རེར་རྒྱུན་ལྡན་མིན་པ་དང༌། ངའི་ཁོག་གི་སྙིང་ཡང་ཐེངས་རེ་ལས་ཐེངས་རེར་ལྡིང་ཚད་ཇེ་མགྱོགས་སུ་བུད་སོང༌། ཁོ་མོ་ལ་དེ་ལྟ་བུའི་སྟོབས་ཤུགས་དང་ཡིད་འགུགས་པའི་ནུས་པ་ཞིག་གང་ནས་བྱུང་བ་ཡིན་ནམ། གལ་སྲིད་དེ་དུས་ངས་སྡོམ་ཁྲིམས་ཀྱི་ཐག་པས་རང་གི་སེམས་གླང་ཆེན་སྨྱོན་པ་ལྟ་བུ་དེ་མ་བཏགས་པ་ཡིན་ན། ངའི་འཚོ་བ་ཡང་འདི་ལྟ་བུ་ཞིག་ག་ལ་ ཡིན།
“ཨ་ཁུ་བཞུགས་ཨེ་འདུག”
ཉིན་ཞིག་གི་སྔ་དྲོར། ངས་སློབ་སྦྱོངབྱེད་པའི་སྐབས་སུ་ཡང་ཁོ་མོ་བསླེབས་བྱུང༌། ཨ་ཁུ་ནི་རབ་ཏུ་བྱུང་བའི་གྲྭ་པ་ཁག་ཅིག་ལ་དགེ་སློང་གི་སྡོམ་པ་གནང་བའི་མཁན་པོར་ཕེབས་སོང་བས་གྲྭ་ཤག་ན་ང་གཅིག་པུ་ལས་མེད། ཁོ་མོའི་ལག་ཏུ་རས་ཐུམ་ཞིག་བཟུང་འདུག
“འོ། འདི་ན་མར་ཅུང་ཙམ་ཡོད། ཨ་ཁུ་དང་ཁྱོད་གཉིས་ཀྱིས… …”
“མིན། ཁྱོད་ཀྱིས་ནམ་ཡིན་ན་ཡང་རང་གིས་ཟ་མ་ཕོད་པར་ངེད་གཉིས་ལ་ཁྱེར་འོང་གིན་ཡོད་པས། མར་མི་དགོས། ཕྱིར་ཁྱེར་ལ་རང་གིས་ཟོ”ངས་ཁ་འཕྲོགས་ནས་བཤད་པ་ཡིན།
ཁོ་མོས་ང་ལ་མིག་བརྡ་ཡ་མཚན་ཞིག་བྱིན་པ་དང༌། ཉམས་འགྱུར་ཁྱད་མཚར་ཞིག་བསྟན་ ཅིང༌། དེ་ནི་གཅེས་ལང་དུ་བཏང་བའི་བུ་མོ་ཞིག་གིས་ཨ་མ་ལ་གཅེས་སློང་བ་དང་ཨ་ན་མ་ན་རེད། ཅི་འདྲའི་བུ་མོ་སེམས་བཟང་ཞིག་རེད་ཨང་༌། དབུགས་ཀྱི་རྒྱུ་བ་དང་བསྟུན་ནས་སྐབས་རེར་མཐོ་དྲག་གེར། སྐབས་རེར་དམའ་ཤོང་ངེར་འགྲོ་བཞིན་པའི་བྲང་གི་ནུ་མའི་འོག་ཏུ། འོ་མ་ལས་དཀར་ཞིང་སྦྲང་རྩི་ལས་ཞིམ་པའི་སེམས་གསོན་པོ་ཞིག་སྦས་ཡོད་པ་ང་མ་གཏོགས་སུ་ཞིག་གིས་ཤེས་ ཐུབ། ངའི་སྙིང་ནི་མཆོང་ལྡིང་བྱེད་བཞིན་པ་དང༌། གློ་བ་འཕར་རྒྱག་བྱས་བྱུང་ལ། མཆིན་པའང་རྟིང་འོག་བརྗེས་སོང་སྙམ་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་བྱུང༌། ཨ་ཁུ་དང་སྡོམ་ཁྲིམས་ རྣམས་ནི་གར་སོང་ཆ་མེད་དུ་གྱུར་ཏེ……
ཨ་ཙི། མར་གཅུད་སྤྱད་ཀྱི་རས་ཐུམ་དེ་ས་ལ་ལྷུང་འདུག ངའི་ལག་པའི་ནང་རྩུབ་ཅིང་འཇམ་ལ་དྲོ་ཞིང་འཁྱག་པའི་ལག་པ་ཞིག་ཡོད་པ་འདི་སུའི་ཡིན་ནམ། ལྷ་མོ་སྒྲོལ་མའི་མགོ་བོ་ནང་དུ་ལྷུང་བ་དང༌། མཁུར་ཚོས་གཡོན་མ་དམར་པོར་འགྱུར་དོན་ཅི་ཞིག་ཡིན་ཨ་ཁ། ངའི་ཉེས་ཅན་གྱི་ལག་པ་འདིས་དགེ་བའི་ཡན་ལག་ཅིག་རེག་པ་མ་ཡིན་ནམ། གློ་བུར་དུ་ངའི་སེམས་ལ་ལས་རྒྱུ་འབྲས་དྲན་པ་དང༌། ཨ་ཁུ་དང་སྡོམ་ཁྲིམས་རྣམས་ཀྱང་ཡིད་ལ་འཁོར་བྱུང་༌།
དེའི་རྗེས་སུ། ངས་ལམ་གྱི་འགྲམ་དང༌། དགོནཔའི་ནང་༌། མི་ཚོགས་དཀྱིལ་བཅས་ནས་ཁོ་མོ་ཐེངས་ཁ་ཤས་ལ་མཐོང་མྱོང་ཡང་༌། རང་གི་སེམས་ན་གནོང་དེ་འདྲ་ཞིག་ཡོད་པས་ཁ་ནི་གྲགས་མ་ཕོད། ཡུན་རིང་མ་འགོར་བར་ང་རང་ལྷ་ས་ལ་སོང་བ་ཡིན། ལྷ་ས་ནས་ཕྱིར་ལོག་པའི་སྐབས་དེར་ཕ་ཡུལ་བཅིངས་འགྲོལ་བཏང་ཟིན་པ་དང༌། གནམ་ས་གསར་དུ་བརྗེས་འདུག་པས། ང་རང་མར་ལོག་བྱས་ཏེ་དགེ་རྒན་བྱས་པ་ཡིན། སྐབས་དེར། ང་ལ་ལྷ་རམས་དགེ་བཤེས་ཀྱི་ཐོབ་ཐང་ཡོད་པ་དང༌། ཀླད་པའི་ནང་དུའང་གླེགས་བམ་འགའ་རེ་ཡོད་མོད། འོན་ཀྱང་སྤྱི་ཚོགས་གསར་བའི་སློབ་གྲྭ་ ཞིག་གི་དགེ་རྒན་བྱ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། དེ་དུས་ང་ཚོའི་སློབ་གྲྭའི་ནང་དགེ་རྒན་བདུན་དང་སློབ་མ་ལྔ་བཅུ་ཙམ་ལས་མེད། དགེ་རྒན་མང་ཆེ་ཤོས་ལ་སློབ་ཁྲིད་ཀྱི་ཉམས་མྱོང་ཅུང་ཟད་ཀྱང་མེད་པར་མ་ཟད། སློབ་དེབ་ཀྱང་རང་གིས་བསྒྲིག་དགོས། དགེ་རྒན་བདུན་པོའི་ནང་དུ་རྒྱ་རིགས་བློ་མཐུན་གཉིས་ཡོད་པ་དང་༌། གཅིག་ནི་ང་ཚོའི་ཞའོ་ཀྲང་ཡིན། ཅིག་ཤོས་དེ་རྩིས་རིག་ཁྲིད་མཁན་རེད། ལིས་ཞའོ་ཀྲང་དང་ཁྲིན་དགེ་རྒན་གཉིས་ཀས་བོད་སྐད་དེ་འདྲ་མི་ཤེས་ལ། བྱ་ བཟང་དང་༌། བསྟན་རྒྱམ། དབང་ལྡན། ངེད་བཞི་པོས་རྒྱ་སྐད་དེ་འདྲ་མི་ཤེས། ཐུབ་བསྟན་ནི་རྒྱ་སྐད་བོད་སྐད་གཉིས་ལ་ཐོགས་འདུག་མེད་པས་ཁོ་ང་ཚོའི་དགེ་རྒན་བར་གྱི་ལོ་ཙཱ་བ་རེད། ལིས་ཞའོ་ཀྲང་ནི་མི་འཇོན་ཐང་ཅན་ཞིག་ཡིན། སྐབས་དེར་ང་ཡང་ཞའོ་ཀྲང་གཞོན་པ་ཞིག་གི་མིང་ཙམ་ཡོད་ཀྱང་༌། བྱ་བའི་ཐད་ནས་ངས་ཁོ་ལ་རོགས་རམ་ཆེན་པོ་ནི་བྱ་མ་ཐུབ། ངའི་ལས་འགན་ནི་འཛིན་གྲྭ་བཞི་ལ་སློབ་དེབ་འབྲི་དགོས་པར་མ་ཟད་ད་དུང་འཛིན་གྲྭ་གཉིས་ལ་སློབ་ཁྲིད་ཀྱང་བྱ་དགོས། དེ་དུས་ཀྱི་བྱ་བ་ནི་ངོ་མ་བྲེལ་བ་ཆེན་པོ་འདུག་ཀྱང་༌། ངའི་སེམས་ནི་སྐབས་དེ་ལས་སྐྱིད་པ་ཞིག་བྱུང་མ་མྱོང་། དགོད་བྲོ་བའི་ཏང་ལ་ཞུགས་པའི་འདོད་ཡིག་དེ་ནི་ལིས་ཞའོ་ཀྲང་གི་སྐུལ་མའི་ འོག་ཏུ་བྲིས་པ་ཡིན། དེ་དུས་ཀྱང་ངས་རང་གི་ཚེ་ལས་འདས་པའི་ཨ་མ་བརྗེད་མ་མྱོང་ལ། སྙིང་ ནས་དྲན་པའི“ཁོ་མོ”ཡང་བརྗེད་མ་མྱོང༌། སྐབས་དེ་དུས་ང་རང་ཕོ་ལོ་སུམ་ཅུའི་ནང་གི་གསར་རྒོད་ཅིག་ཡིན་པར་མ་ཟད། ཨ་ཁུ་ལ་སྐྲག་མི་དགོས་པ་དང༌། སྡོམ་པའང་མེད་པས་ཁོ་མོ་མི་དྲན་པ་ག་ལ་སྲིད། ཞོགས་པའི་ཉི་འོད་ཀྱི་འོག་ཏུ། ང་རང་གཅིག་པུ་བཤད་སྒྲུབ་ཆུ་ཁར་སོང་སྟེ། ཆུ་ལེན་མའི་གྲས་ནས་ཁོ་མོའི་གཟུགས་བརྙན་བཙལ་བ་དང་༌། དགོང་རྒས་ལྷག་ཟེར་གྱི་འོག་ཏུ། བཤད་སྒྲུབ་ཁྲོམ་ལ་སོང་སྟེ་མི་ཚོགས་ཀྱི་ཁྲོད་ནས་ཁོ་མོའི་འཛུམ་མདངས་ཨེ་མཐོང་བལྟས་པ་ཡིན། ཁོ་མོ་གནམ་ལ་འཕུར་བ་ཡིན་ནམ་ས་ལ་འཛུལ་བ་ཡིན། གནམ་ལ་འཕུར་ན་ཡང་འབབ་སའི་ བྲག་ཅིག་དང༌། ས་ལ་འཛུལ་ན་ཡང་འཛུལ་སའི་ཁུང་ཞིག་ལོས་ཡོད། ཡིན་ན་ཡང༌། དེ་ནི་ངའི་ སེམས་ཀྱི་གསང་བ་ཞིག་ཡིན་པས་ཨ་ཁུ་ལ་འདྲི་མི་ཕོད་པ་དང་། གཞན་ལའང་རྩད་གཅོད་མི་བདེ། དེ་དུས་ངའི་སེམས་ཀྱི་སྡུག་བསྔལ་དེ་ང་རང་ཉིད་མ་གཏོགས་སུ་ཞིག་གིས་ཤེས་ཐུབ།
“ཁྱོད་ཀྱི་གསང་བ་དེ་ངས་མི་ཤེས་འདོད་ཡོད་དམ། ད་སྡུག་བསྔལ་མ་བྱེད། བུ་སྐྱེས་ཀྱི་ཨ་མ་བྱས་ཚར་བས་སེམས་ཕམ་ནས་ཅི་བྱེད། བཀོད་པ་གཞན་ཞིག་འཐེན་ན་དགའ།”ཨ་ཁུའི་ཚིག་དེ་ནི་ཅི་འདྲའི་གནག་པ་ལ་ཨང༌། ད་ནི་ཁོ་མོ་དང་ལྷན་དུ་འགྲོགས་པའི་རེ་བ་ནི་རི་བོང་གི་རྭ། རུས་སྦལ་གྱི་སྤུ། མོ་གཤམ་གྱི་བུ་ལྟར་གྱུར་སོང༌། ཨ་ཙི། མི་རྟག་པའི་འཇིག་རྟེན་འདི་མི་རྟག་པ་ཡིན་པ་ཤེས་བཞིན་དུ་ད་དུང་རྟག་པའི་འདུ་ཤེས་འཛིན་པ་ང་ལས་གླེན་པ་ཞིག་གང་ན་ཡོད། “ལྷ་མོ་སྒྲོལ་མ་ལགས། ཁྱིམ་བཟང་ཚང་སྐྱིད་པའི་སྨོན་ལམ་འདེབས་པ་ལས་ང་ལ་ཐབས་ཅི་ཡང་མི་འདུག དཀོན་མཆོག་མཁྱེན། ཁོ་མོར་ཐུགས་རྗེའི་སྤྱན་གྱིས་གཟིགས་པར་མཛོད།”
ཨ་ཁུའི་ངག་ལས་ངས་ཁོ་མོའི་གནས་ཚུལ་མང་བོ་ཤེས་བྱུང༌། ཁོ་མོ་ནི་ལོ་གསུམ་གྱི་སྔོན་ལ་ཀླུ་ཕྱུག་དང་གཉེན་བསྒྲིགས་པ་དང༌། ཕྱི་ལོར་བུ་ཞིག་སྐྱེས་པ་ཡིན་འདུག ཀླུ་ཕྱུག་ཡང་མི་ངན་པ་ ཞིག་མིན་ན་ཡང་༌། ཁྱིམ་ཚང་སྐྱོང་མི་ཤེས་ལ་སྐྱོང་འདོད་ཀྱང་མེད་པའི་མི་ཞིག་ཡིན་པར་མ་ཟད། ན་ནིང་ནས་བཟུང་བུ་མོ་ཁ་མཁས་ཤིག་དང་ཁ་འཕྲད་པས་ཁྱོ་ཤུག་གཉིས་ཀྱི་བར་ལ་བཟའ་ འཁོན་རྒྱུན་དུ་འབྱུང་བ་དང༌་། ཁོ་མོའི་ཨ་ནེ་ནི་མནའ་མ་ལ་ངན་ཁག་འགེལ་ཅི་ཐུབ་བྱེད་པའི་ རྒན་མོ་བཙན་པོ་ཞིག་ཡིན་སྟབས། ཁོ་མོས་ནངས་དགོང་མེད་པར་ཨ་ནེའི་སྡང་སྡིག་འཁུར་དགོས། ངས་གནས་ཚུལ་དེ་དག་ཤེས་རྗེས། ཁོ་མོ་ལ་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་པ་དང་༌། གདུང་སེམས་ཧ་ཅང་ཆེན་པོ་བཅངས་པ་ཡིན། ངས་ཁོ་མོ་དྲན་ཐེངས་རེར། ངའི་མིག་ལམ་དུ་ཁོ་མོའི་བཞིན་རས་གསལ་གྱི་ལེར་ཤར་བ་དང་༌། ངའི་རྣ་ལམ་དུ་ཁོ་མོའི་སྐད་གདངས་སྟོངས་ལྷང་ངེར་འཁོར་འོང་གིན་འདུག ཡིན་ན་ཡང་༌། ད་ལྟ་ཁོ་མོ་ནི་བུ་སྐྱེས་ཀྱི་ཨ་མ་དང་རྒྱུ་བྱིན་གྱི་ཆུང་མ་ཡིན་པས། ངས་རང་གི་སེམས་ལ་འོ་བརྒྱལ་དང་མནར་གཅོད་བཏང་ནས་ཡོང་རྒྱུ་མེད། དེ་ལས་རང་གི་བྱ་བ་ལ་ཧུར་བརྩོན་བྱས་ཏེ་སེམས་ཤུགས་ཡོད་ཚད་ཏང་གི་མི་རིགས་སློབ་གསོའི་ལས་དོན་སྟེང་བཀོལ་ཏེ། རང་རེའི་མི་རིགས་ལ་ཤེས་ཡོན་ལྡན་པའི་མི་རབས་གསར་བ་སྐོར་ཞིག་གསོ་སྐྱོང་བྱ་དགོས་ཞེས་དམ་བཅའ་པ་ཡིན།
ཉིན་ཞིག་ལ། ངས་གློ་བུར་དུ་ཁོ་མོ་མཐོང་བྱུང༌། ཉིན་དེ་ནི་ངས་ཚེ་གང་བོར་བརྗེད་སྲིད་ཀྱི་མ་རེད། ཁོ་མོའི་ལུས་ལ་ར་སླག་ཁ་མཐིལ་ཅན་ཐག་ཐག་ཅིག་གྱོན་ཡོད་པ་དང༌། སྔོན་ཆད་ཀྱི་ཕྲ་ཞིང་ལྡེམ་པའི་ལུས་པོ་དེ་སྡོང་བོ་གཅུས་ཏོ་ཞིག་དང་འདྲ་ཞིང་༌། གྲུང་བའི་མིག་དང་འཛུམ་པའི་ཚེམས་ཀྱང་མཐོང་མི་ཐུབ་ལ། གདོང་ལ་སྐྱོ་བའི་ཉམས་ཀྱིས་ཁེངས་པ་ལས་ཁོ་མོའི་སེམས་ཀྱི་སྡུག་བསྔལ་མཚོན་ཡོད་པ་ཤེས་ཐུབ། ཁོ་མོས་ང་མ་མཐོང་བ་ཡིན་ནམ། ཡང་ན་མཐོང་ཡང་མ་མཐོང་ཁུལ་ བྱས་པ་ཡིན། དེ་རྣམས་ནི་ངས་ཁ་ཚོན་གཅོད་མི་ཐུབ་ཀྱང༌་། ངས་སྙིང་ན་ཡོད་པའི“ཁོ་མོ” དང་ད་ལྟ་མཐོང་བའི་ཁོ་མོ་གཉིས་ནི་མི་གཅིག་མ་རེད་ཅེས་བཤད་པར་ཕོད། ཡིན་ན་ཡང༌། ཁོ་མོའི་གདོང་གི་དབྱིབས་གཟུགས་ལས་ཁོ་མོ་ནི་ལྷ་མོ་སྒྲོལ་མ་ཡིན་པ་བདེན་དཔང་བྱས་པ་མ་ཡིན་ནམ། འདས་པའི་བྱ་བ་ཐམས་ཅད་ནི་ལོ་རྒྱུས་ཀྱི་སྒམ་ཆུང་ནང་ལ་བཅུག་སྟེ་བརྗེད་ངེས་ཀྱི་ལྕགས་ཟྭ་བརྒྱབ་པས་དགའ། ཁོ་མོ་སྔོན་ཆད་ངའི་སྙིང་གི་གོས་ཆེན་ཞིག་ཡིན་ན་ཡང་ད་ལྟ་རི་མོ་ཉམས་ སོང་བ་དང༌། གྲ་ཁ་ཉམས་པའི་ཝ་མོ་དང་ཐིག་ལེ་ཡལ་བའི་གཟིག་པགས་ལ་རིན་ཐང་ཅི་ཞིག་ ཡོད། དེ་ནས་བཟུང༌། ངས་ཨུ་ཚུགས་ཀྱི་སྒོ་ནས་ཁོ་མོ་ངའི་སྙིང་གི་ཁང་བཟང་ལས་ཕྱིར་ཕུད་པ་ ཡིན།
ང་ཚོའི་བྱ་བ་ལ་དཀའ་ངལ་མང་བོ་ཡོད་ན་ཡང༌། ང་ཚོས་དཀའ་ལས་མྱངས་པའི་ངལ་རྩོལ་ལ་འབྲས་བུ་ཆེན་པོ་ཐོབ་སོང༌། བློ་རིག་གསལ་ཞིང་བརྩོན་པ་ཆེ་བའི་སློབ་ཕྲུག་འདི་དག་ཉིན་རེ་བཞིན་འཚར་ལོངས་བྱུང་བ་དང༌། རང་རང་གི་ལ་རྒྱ་འཛིན་པའི་ཆེད་དུ་སློབ་སྦྱོང་ལ་འགྲན་ བསྡུར་བྱས་ཏེ་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་པས། ང་ཚོ་དགེ་རྒན་རྣམས་དགའ་སྤྲོ་མི་སྐྱེས་ཅི་ལ་སྲིད། ལྷག་པར་དུ་ཉམས་དགའ་བ་ནི་ཞིང་ཆེན་རིག་གནས་སློབ་གསོ་ཐིང་གིས་ང་ཚོའི་སློབ་གྲྭ་ལ་གཟེངས་བསྟོད་བྱས་པར་མ་ཟད། ཞིང་ཆེན་མི་རིགས་སློབ་གསོའི་ཕྱོགས་ཁག་གི་སྔོན་ཐོན་སྡེ་ཁག་ཏུ་བདམས་པ་དེ་རེད། ལོ་དེར་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐབས་གཉིས་པ་འཚོགས་པ་དང༌། ང་རང་ཡང་སྲིད་གྲོས་ཨུ་ཡོན་དུ་བདམས་ནས་ཚོགས་འདུར་ཞུགས་པ་ཡིན། ཚོགས་ཐོག་ཏུ་ངས་སྔོན་ཆད་མཐོང་མ་མྱོང་བའི་ལྟད་མོ་མང་བོ་མཐོང་བ་དང༌། ཐོས་མ་མྱོང་བའི་གཏམ་གསར་བ་མང་བོ་ཐོས་སྟབས་ངོ་མ་མིག་རྒྱ་དང་བློ་རྒྱ་གཉིས་ཀ་ཆེ་རུ་བསྐྱེད་ཐུབ་སོང༌། ཕྱིར་ལོག་རྗེས་ངའི་ངར་ཤུགས་སྔར་ལས་ཆེ་བ་དང་ཡིད་ཆེས་ཀྱང་སྔར་ལས་ཇེ་ཆེར་གྱུར་པར་མ་ཟད། རང་གི་སྟོབས་ཤུགས་དང་ནུས་པ་ཡོད་ཚད་ཏང་གི་མི་རིགས་སློབ་ གསོའི་ལས་དོན་ལ་འབུལ་རྒྱུ་ཁོ་ན་ལས་གནད་དོན་གཞན་དག་ལ་བསམ་བློ་བཏང་ཡང་མ་བཏང་ལ། གཏོང་ཁོམ་ཡང་མི་འདུག
སྐབས་དེར། བློ་ཡུལ་ལས་འདས་པའི་བྱ་བ་དགོད་བྲོ་བ་ཞིག་བྱུང་སོང༌། ཡ་ཕོ་གསར། ཆུ་ཁོལ་གང་མི་ལྡུད་ལ……
གཉིས།
ངས་རྣམ་ཤེས་བསྒྲིམས་ནས་ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོའི་གསུང་ལ་ཉན་ཏེ་ཆུ་ལྡུད་རྒྱུའང་བརྗེད་སོང༌། ངོ་མ་ཁོང་གིས་གསུངས་པའི་གཏམ་རྒྱུད་དེ་ནི་ཅི་འདྲའི་སྙན་ཞིང་འཇེབས་པ་ཞིག་རེད་ཨང༌། ཁོང་གི་འཚོ་བའི་ནང་དུ་སྡུག་བསྔལ་གྱི་ཆུ་ཕྲན་ཡོད་ལ། བདེ་སྐྱིད་ཀྱི་རྒྱ་མཚོ་ཡང་ཡོད་པས། ཁོང་གིས་ལྷ་མོ་སྒྲོལ་མའི་སྐོར་གླེང་སྐབས་སྐྱོ་སྣང་ཞིག་སྐྱེས་འདུག་ལ། བྱ་བའི་སྐོར་གླེང་སྐབས་དགའ་འཛུམ་ཞིག་ཤར་འདུག ངས་ཁོང་གི་ཚིག་མཚམས་གཅོད་མི་འདོད་པས། མྱུར་མོར་ཡར་ལངས་ཏེ་ཁོང་ལ་ཆུ་ཁོལ་བླུགས་པ་ཡིན།
ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོས་མུ་མཐུད་ནས་བཤད་རྒྱུར།
སྐབས་དེར། ངས་སློབ་འབྲིང་གི་སློབ་མ་རྣམས་ལ་སུམ་རྟགས་དང་སྙན་ངག་གཉིས་ཀ་ཁྲིད་དགོས་པར་མ་ཟད། ད་དུང་སྲིད་འཛིན་གྱི་བྱ་བའང་མང་བས། ཁོ་མོའི་ཕྱོགས་ལ་བསམ་བློ་དེ་ འདྲ་མ་བཏང་ལ། དྲང་མོར་བཤད་ན་བསམ་བློ་གཏོང་ཁོམ་ཡང་མི་འདུག དེར་མ་ཟད། ཁོ་མོ་ནི་བུ་སྐྱེས་ཀྱི་ཨ་མ། རྒྱུ་བྱིན་གྱི་ཆུང་མ། ཁྱིམ་ཚང་གི་བདག་མོ་ཡང་ཡིན་པས། ངས་སེམས་ཚེགས་བྱས་པ་རྣམས་ནི་རང་སེམས་ཀྱི་གྱོང་ཞིག་ཡིན་པ་མ་གཏོགས་ཁེ་བཟང་ཅུང་ཟད་ཙམ་ཡང་ལེན་རྒྱུ་མི་འདུག དེར་བརྟེན། ངས་རང་གི་སེམས་ཤུགས་ཡོད་ཚད་ཏང་གི་མི་རིགས་སློབ་གསོའི་ལས་དོན་གྱི་སྟེང་དུ་བཀོལ་བ་ཡིན། ཡིན་ན་ཡང༌། སྐབས་དེར་ངའི་བློ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་སོང༌། སྟོན་ཀའི་ཞོགས་པ་ཞིག་ལ། ང་རང་ཡང་ནམ་རྒྱུན་དང་འདྲ་བར་བཤད་སྒྲུབ་ཆུ་ཁར་སོང་བ་ཡིན། ང་རང་ལྷ་ས་ནས་ཕྱིར་ལོག་སྟེ་བཤད་སྒྲུབ་ལ་བསླེབས་པའི་ཉིན་མོ་དེ་ནས་བཟུང་༌། དབྱར་དགུན་སྟོན་དཔྱིད་གང་ཡིན་ན་ཡང་། ཉིན་རེའི་ཞོགས་པར་བཤད་སྒྲུབ་ཆུ་ཁ་ལ་སོང་སྟེ་སྔོན་ཆད་བློ་ལ་བཟུང་ཡོད་པའི་འདོན་པ་གལ་ཆེའི་རིགས་བརྗེད་ངེས་རྐུན་པོས་མི་འཇོམས་པར་བྱ་ཆེད་ངག་ལ་སྐྱོར་བ་དང༌། སྔོན་ཆད་མ་ཤེས་པའི་ཚན་རིག་རིག་གནས་ཀྱི་ཤེས་བྱ་རྣམས་བློ་ལ་འཛིན་ཅི་ཐུབ་བྱས་པ་ཡིན། ཉིན་དེར། ངས་ཞོགས་སྦྱོང་བྱས་ཚར་ནས་ཁྱིམ་དུ་ལོག་སྐབས། ངའི་མལ་ཁང་གི་སྒེའུ་ཁུང་ཁར་འོ་མ་ཤེལ་དམ་གང་བཞག་འདུག་པ་མཐོང༌། ངའི་སེམས་ལ་ཕལ་ཆེར་ངའི་གཡས་
གཡོན་གྱི་ཁྱིམ་མཚེས་གང་རུང་ཞིག་གི་ཡིན་རྒྱུ་རེད་བསམས་བྱུང༌། ཉིན་གུང་སློབ་ཁྲིད་ཚར་ནས་ཕྱིར་ལོག་སྐབས། འོ་མའི་ཤེལ་དམ་དེ་ད་དུང་སྔར་གྱི་ཁ་མལ་ན་འདུག ངས་ཁྱིམ་མཚེས་རྣམས་ལ་རྩད་བཅད་ཀྱང་བདག་པོ་ནི་མ་བྱུང་༌།
ཕྱི་ཉིན་ཡང་འོ་མ་ཤེལ་དམ་གང་བཞག་ཡོད་པ་དང༌། བསྟུད་མར་ཉིན་འགའ་འགོར་རྗེས་ངའི་སྒེའུ་ཁུང་ཁར་འོ་མའི་ཤེལ་དམ་ཇེ་མང་ཇེ་མང་དུ་གྱུར་སོང་༌། ཨ་ཡ་མཚན། འོ་མ་འདི་སྐྱེལ་མཁན་སུ་ཡིན་ནམ། ང་ལ་བརྡ་ཙམ་ཡང་མི་སྟེར་བར་ངའི་སྒེའུ་ཁུང་ཁར་འོ་མའི་ཤེལ་དམ་འདི་ལྟ་བུ་ཞིག་འཇོག་དོན་ཅི་ཡིན། ཉིན་གཅིག་གཉིས་ཙམ་མིན་པར་བསྟུད་མར་ཉིན་འགའ་ལ་གནས་ཚུལ་ཡ་མཚན་ཅན་དེ་འདྲ་ཞིག་བྱུང་བས་ང་རང་བློ་མི་བདེ་བར་གྱུར། གཅིག་བྱས་ན་བློ་བཟང་ནི་མི་རྩེ་དགའ་ཅན་ཞིག་ཡིན་པས་ང་ལ་ཀུ་རེས་བརྩེས་པ་ཡིན་ཡང་སྲིད་ལ། དེ་མིན་ན་སློབ་མ་སེམས་བཟང་ཞིག་གིས་ང་ལ་ཁ་རོག་གེར་བསྐྱལ་བ་འདྲ། གང་ལྟར་ཀྱང༌། འོ་མ་ཤེལ་དམ་འགའ་ལ་རིན་ཐང་ཡང་དེ་འདྲ་མེད་པས། བློ་བཟང་གིས་ཀུ་རེས་བརྩེས་པ་ཡིན་ན་ནི་ངའི་ཁེ་བཟང་རེད། སློབ་མ་ཞིག་གིས་བསྐྱལ་བ་ཡིན་ན་ནི་རིན་པ་སྤྲད་ཆོག་སྙམ་ནས་འོ་མ་བསྐོལ་ཏེ་བཏུང་བ་དང༌། བཏུང་རོགས་སུ་ངས་ཆེད་དམིགས་ཀྱིས་བློ་བཟང་གདན་དྲངས་པ་ཡིན། ཡིན་ན་ཡང་ཁོས་རྩེ་ལོབས་སུ་སོང་བའི་ཀུ་རེའི་ཚིག་འགའ་བསྐྱར་བཟློས་བྱས་པ་ལས། རྒྱུན་ལྡན་དང་མི་མཚུངས་ པའི་རྣམ་འགྱུར་འདྲ་མ་བསྟན་པས། ཕྱི་ཉིན་གསང་བ་དེའི་མཐིལ་བརྟོལ་དགོས་སྙམ་བྱུང་༌།
ཕྱི་ཉིན། འོ། ཉི་མ་དེ་ནི་ངས་ཚེ་གང་བོར་བརྗེད་མི་སྲིད། དེ་ནི་1958ལོའི་སྟོན་ཟླ་དགུ་པའི་ ཚེས་བཅོ་ལྔའི་ཞོགས་པ་རེད། ང་ཞོགས་སྔ་མོ་ནས་མལ་ལས་ལངས་ཏེ་ངའི་སྒེའུ་ཁུང་གི་ཁ་སྤྲོད་དུ་ཡོད་པའི་མ་གལ་གྱི་ལྗོན་ཤིང་ཆེན་པོ་དེའི་རྩར་སོང་ནས་ཡིབ་བསྡད་པ་ཡིན། དཀར་གསལ་གྱི་ཉ་ཟླས་ངའི་གཟུགས་པོ་སྒྲིབ་པའི་གྲོགས་དན་བྱ་ཆེད། སྔ་མོ་ནས་རང་གི་འོད་སྣང་བསྡུས་ཏེ་ནུབ་ ཕྱོགས་གྱི་རི་བོའི་ཕག་ཏུ་མནལ་དུ་གཟིམ་པར་ཕེབས་ཟིན་པ་དང་༌། སྔོ་ཞིང་སངས་པའི་མཁའ་ དབྱིངས་སུ། རྒྱུ་སྐར་དང་བརྟན་སྐར་རྣམས་ཀྱིས་ངའི་བྱ་སྤྱོད་དེ་གླེན་རྟགས་ཤིག་རེད་སྙམ་ནས་འཛུམ་པའི་ཚེམས་ཕྲེང་ངོམ་སྟེ་ང་ལ་ཁྲེལ་དགོད་བྱེད་ཀྱིན་འདུག ཁོ་ར་ཁོར་ཡུག་ཐམས་ཅད་མུན་པའི་ཡོལ་བས་བསྒྲིབས་པ་དང༌། བཤད་སྒྲུབ་དར་རྒྱས་གླིང་གི་རྒྱ་ཕིབས་དེ་བར་སྣང་དུ་འཕགས་ཏེ་ནག་རོག་གེར་འདུག་ལ། ས་གཞིའི་ཐོག་གི་ཡོད་དོ་ཅོག་ནི་ད་དུང་གཉིད་ཀྱི་ཞིང་ཁམས་སུ་ཡོད་པས་དབེན་ཞིང་ཁུ་སིམ་པ་ཞིག་རེད། བསིལ་ཞིང་གྲང་བའི་རླུང་བུ་ཞིག་དལ་བྲེལ་མེད་པར་གཡུག་འོངས་ཏེ་ངའི་གཉིད་ཀྱི་འདོད་པ་དེ་སྐད་ཅིག་ལ་བཅོམ་པ་དང་༌། ལོ་མ་ཕལ་ཆེར་ལྷུང་ཚར་བའི་ཡལ་ག་རྣམས་ནག་ཡོར་ཡོར་གྱི་ངང་ནས་ཕར་ཡོ་ཚུར་ཡོ་བྱེད་ཅིང་༌། སྐབས་རེར་སྡོང་རྩེ་ན་ལྷག་ཡོད་པའི་ལོ་མ་སྐམ་པོ་རེ་གཉིས་ས་ལ་ཟགས་པ་མཐོང་ཐུབ། ངའི་སྙིང་ལྡིང་བའི་ སྒྲ་དང་ལག་མགོའི་ཆུ་ཚོད་འཁོར་ལོའི་སྒྲ་གཉིས་འགྲོས་མཉམ་ཞིང་གདངས་འགྲིག་པའི་སྒོ་ནས་ངའི་ཐོས་འཛིན་གྱི་ལམ་དུ་སྔ་ན་མེད་པའི་རོལ་མོ་ཞིག་གཏོང་གིན་གདའ། དུས་ཚོད་ནི་སྐར་ཆ་རེ་རེ་བཞིན་ཕར་འདས་པ་དང་༌། གྲང་རླུང་ཡང་ཇེ་ཆེ་ཇེ་ཆེར་གྱུར་པས་ངའི་གདོང་ལ་གྲང་ཟུག་ཅིག་ཁོལ་བ་དང་སྣ་རྩེ་ཡང་རྡོ་འཁྱག་ཅིག་དང་མཚུངས། རིམ་གྱིས་རྒྱུ་སྐར་གྱི་འོད་སྣང་ཇེ་མོག་ཇེ་མོག་ཏུ་གྱུར་པ་དང་རླུང་གིས་བརྙས་བཅོས་བྱས་སྟབས་ངའི་གམ་གྱི་སྡོང་རྒན་དེས་འོ་དོད་དང་སྨྲེ་ངག་འདོན་མགོ་བརྩམས་ཤིང་༌། ཤར་ཕྱོགས་ཀྱི་མཁའ་མཐའ་ནས་སྐྱ་མདའ་ཞིག་སྐྱ་ཧྲིལ་ལེར་ བཏང་བྱུང༌། སྡེ་བའི་ནང་བྱ་ཕོས་སྐད་གསེང་སྒྲོག་པའི་སྒྲ་དང་ཁྱི་རེ་གཉིས་ཟུལ་པའི་སྒྲ་ཡང་ཐོས་རྒྱུ་འདུག སྐབས་དེར་ང་སྤྱོད་ཁང་ནང་ལ་ཐེངས་གཅིག་སོང་བ་དང༌། དེ་ནས་སླར་ཡང་སྔར་གྱི་དེར་ཡོང་ནས་ལངས་བསྡད་པ་ཡིན།
ནམ་ལངས་ཐག་ཆོད་སོང༌། ཡ་མཚར་བ་ལ་ངའི་སྒེའུ་ཁུང་ཁར་ཡང་འོ་མ་ཤེལ་དམ་གང་ བཞག་འདུག ཨ་ཙི་ཙི། ངས་དུས་ཚོད་གཉིས་གསུམ་ལྷག་གི་རིང་ལ་གྲང་ངར་ལ་མ་འཛེམས་ པར་བྱ་ར་བྱས་པ་དེར་དོན་སྙིང་ཅི་ཡང་མེད་པར་གྱུར་སོང༌་། རྫུ་འཕྲུལ་གྱི་བྱེད་པོ་འདི་སུ་ཡིན་ ནམ། ང་རང་ད་ནངས་ཞོགས་པར་ཡར་ལངས་དུས། གློག་སྒྲོན་བཀར་ནས་སྒེའུ་ཁུང་ཁར་བལྟས་དུས་དེ་ན་ཤེལ་དམ་ཞིག་ག་ལ་ཡོད། ཡིན་ན་ཡང༌། དུས་ཚོད་གཉིས་གསུམ་ལྷག་གི་རིང་ལ། ངས་མིག་གིས་བལྟས་བལྟས་རིག་རིག་ལ་ཤེལ་དམ་ཞིག་བཞག་འདུག་པས། རྫུ་འཕྲུལ་མིན་ན་ཅི་ཡིན། ང་རང་ངོ་མ་ཧ་ལས་སོང་༌།
གནས་ཚུལ་དེ་ངས་དགེ་རྒན་གཞན་དག་ལ་བཤད་པ་དང༌། ཁོང་ཚོ་ཡང་ཧ་ལས་སོང༌། བློ་བཟང་གིས“དེ་ལ་ཧ་ལས་རྒྱུ་ཅི་ཡོད། ཁྱོད་ཚོས་འོ་མ་དེ་ལྷ་ཡིས་གནང་བ་རེད་བསམ་ཡོད་དམ། ལོ་བརྒྱ་ལོན་ནས་བསམ་གཅིག་མ་ཤེས་ཟེར་བ་དེ་ཁྱོད་ཚོའི་གྲས་རེད། དགེ་བཤེས་ཀྱང་མགོ་འཐོམས་འདུག་སང་ཉིན་ངས་གསང་བ་དེའི་མཐིལ་བརྟོལ་ཐུབ། རྒྱལ་འཛུགས་ཐུབ་མཁན་ཨེ་ཡོད”ཟེར། དེར་དབང་ལྡན་དང་བློ་བཟང་གཉིས་ཀྱིས་ཆང་རྒྱ་མ་དོ་ཡི་རྒྱལ་བཙུགས་སོང༌། གནས་ཚུལ་དེ་ལིས་ཞའོ་ཀྲང་གིས་ཐོས་ཏེ་ང་ལ་སྐྱོན་བརྗོད་ནན་མོ་ཞིག་བྱས་སོང༌། རྒྱུ་མཚན་ཅི་ ཞིག་ཡིན་པ་མི་ཤེས་མོད།
འོན་ཀྱང་ཉིན་འདི་འགའི་རིང་ལ། ཞའོ་ཀྲང་གིས་ང་ལ་ཡིད་མི་ཆེས་པའི་རྣམ་འགྱུར་བཟུང་ཡོད་པ་དང༌། ལམ་ནས་ཐུག་སྐབས་ཀྱང་ཁ་ཡ་བྱེད་ན་འདོད་མི་འདོད་བྱེད་པར་མ་ཟད། ཚོགས་འདུ་ཆེ་ཆུང་གང་འཚོགས་སྐབས་ཀྱང་ང་ལ་བརྡ་མི་རྒྱག་པ་དང༌། ཧ་ལས་པ་ནི་ཁོང་གིས་རོགས་རམ་འོག་ཏུ་བྲིས་པའི་ཏང་ལ་ཞུགས་རྒྱུའི་འདོད་ཡིག་དེ་ཡང་ང་ལ་ ཕྱིར་སྤྲད་སོང༌། དེ་ཚོ་ནི་བཀྲ་མི་ཤིས་པ་དང་ལྟས་མི་ལེགས་པ་ཞིག་ཡིན་པ་ངས་ཤེས་ན་ཡང༌། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་པ་ངས་ག་ལ་ཤེས་ཐུབ། ཕལ་ཆེར་ང་རང་སངས་རྒྱས་ ཆོས་ལུགས་ལ་དད་པ་ཡོད་པས་ཞའོ་ཀྲང་གིས་ང་ལ་མི་རློམ་པ་དང༌། ཏང་ལ་ཞུགས་པའི་ཆ་རྐྱེན་མ་འདང་བས་འདོད་ཡིག་དེ་ཕྱིར་སྤྲད་པ་ཡིན་རྒྱུ་རེད་སྙམ་བྱུང༌། དེར་བརྟེན། ཕྱིན་ཆད་འབད་བརྩོན་གྱིས་རང་གི་འཇིག་རྟེན་ལྟ་ཚུལ་ལ་བསྒྱུར་བཀོད་བྱ་དགོས་པ་དང་༌། རང་ལ་བླང་བྱ་ནན་མོ་འདོན་རྒྱུའི་སེམས་ཐག་བཅད་པ་ཡིན།
ཕྱི་ཉིན་ཞོགས་པར། བློ་བཟང་དང་ངེད་གཉིས་ཁ་སང་གི་སྡོང་རྩར་སོང་ནས་གསང་བ་དེའི་མཐིལ་བརྟོལ་བར་སྒུག་བསྡད་པ་ཡིན།
“དགེ་བཤེས་ལགས”བློ་བཟང་གིས་བཤད་རྒྱུར། “ཁ་སང་ཁྱོད་ཀྱིས་གསང་བ་དེའི་མཐིལ་བརྟོལ་མ་ཐུབ་པའི་གནད་འགལ་ཅི་ཡིན་པ་ཁྱེད་ཀྱིས་ཨེ་ཤེས། མི་ཤེས་ཨེ། དེ་སླ་མོ་ཞིག་ རེད། ཁྱོད་སྤྱོད་ཁང་ནང་ལ་མི་འགྲོ་རྒྱུ་ན་གསང་བ་དེ་ཤེས་ཚར་བ་རེད། ཨེ—དགེ་བཤེས་ཚང༌། ལྷ་ས་ནས་ཟིང་འཁྲུག་བསླངས་སོང་ཟེར་བ་དེ་ངོ་མ་ཨེ་རེད།”
“ངས་གནས་ཚུལ་དེ་ལྟ་བུ་ནི་མི་ཤེས། བློ་བཟང༌། ཁ་འཁྲུག་དེ་ཚོ་ཡར་སྒྲོག་མར་སྒྲོག་བྱ་མི་རུང་༌།”
“ཁ་འཁྲུག་ཨེ། དེ་ཁ་འཁྲུག་ག་ལ་ཡིན། ཁ་སང་ང་ཁྲོམ་ལ་འགྲོ་དུས་མི་མང་བོ་ཞིག་གིས་དེའི་སྐོར་གླེང་གིན་འདུག ཁྱིམ་ལ་ལོག་རྗེས་ངས་ངེད་ཚང་གི་མག་པ་ལ་དྲིས་རྗེས་ད་གཟོད་བདེན་ཐག་ཆོད་པ་དང༌། ཨ་ལགས་གྲགས་འབྱུང་རིན་པོ་ཆེ་ཡང་རྫོང་ཐོག་ལ་ཚོགས་འདུར་སོང་ནས་ད་དུང་ཕྱིར་མ་ཕེབས། མི་ལ་ལས་བཙོན་ལ་བཅུག་པ་རེད་ཟེར་གྱིན་འདུག འེ། དགེ་བཤེས་ཚང༌། ཁྱེད་ཀྱིས་ལྟོས་དང་༌། འོ་མ་གནང་མཁན་གྱི་ལྷ་མོ་བསླེབས་བྱུང་༌།”
བློ་བཟང་ཚང་གི་མག་པ་ནི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན་པས་ཕལ་ཆེར་བློ་བཟང་གིས་བཤད་པའི་གཏམ་དེ་ཚོ་བདེན་རྒྱུ་རེད་སྙམ་ཞིང་ཡོད་ཙ་ན། ཁོས་ང་ལ་གཏམ་གློ་བུར་བ་དེ་འདྲ་ཞིག་སྨྲས་བྱུང་༌། ངས་བློ་བཟང་གིས་བསྟན་པའི་ཕྱོགས་སུ་བལྟས་པ་ན། གཡོགས་མ་གོན་པའི་བུད་མེད་ཅིག་གིས་ཆུ་ཟོ་ཞིག་རྒྱབ་ལ་ཁུར་ཏེ་ཐད་ཀར་ངའི་མལ་ཁང་གི་ཕྱོགས་སུ་འོང་བཞིན་པ་དང་༌། ཐོག་མར་ངའི་སྒོ་ཁར་ཡོང་སྟེ་ཕྱིར་ལྟ་ཞིག་བྱས་རྗེས་རུམ་ནས་འོ་མ་ཤེལ་དམ་གང་བླངས་ཏེ་ངའི་མལ་ཁང་གི་སྒེའུ་ཁུང་ཁར་བཞག་པ་དང༌། དེ་ནས་སློབ་གྲྭའི་སྒོ་ཆེན་གྱི་ཕྱོགས་སུ་གོམ་པ་བྲེལ་མོར་སྤོས་ཏེ་འགྲོ་བཞིན་འདུག བློ་བཟང་གིས་ཁོ་མོའི་སྔུན་འགོག་དགོས་བསམས་ནས་རྒྱུག་རྩིས་བྱས་ཀྱང༌། ངས་བཙན་ཚུགས་ཀྱིས་ཁོ་བཀག་སྟེ་འགྲོ་རུ་མ་བཅུག རྒྱུ་མཚན་ནི་ངས་མ་བཤད་ནའང་ཁྱོད་ཀྱིས་
ཤེས་གསལ་རེད། ངས་རང་གི་མིག་ལོབས་སུ་སོང་བའི་ཁོ་མོའི་རྒྱབ་གཟུགས་ དང་ཐེངས་མང་བོར་མཐོང་མྱོང་བའི་གོམ་པ་ལེན་སྲོལ་ལ་ཅེ་རེར་བལྟས་ཏེ། ཁོ་མོའི་གཟུགས་བརྙན་དེ་སློབ་གྲྭའི་སྒོ་ཆེན་ཁར་མ་ཡལ་བར་དུ་ཧྲིག་གེར་བསྡད་པ་ཡིན།
“སུ་རེད།”བློ་བཟང་གིས་ང་ལ་ཡ་མཚན་དང་བཅས་ཏེ་དྲིས་བྱུང་༌།
ངས་ཁོ་ལ་ལན་ཅི་ཡང་མ་བཏབ་པར། སྒེའུ་ཁུང་ཁར་སོང་ནས་འོ་མ་ཤེལ་དམ་གང་བོ་བླངས་ཏེ་མལ་ཁང་ནང་སོང་བ་དང་༌། མྱུར་མོར་འོ་ཇ་བསྐོལ་བ་ཡིན། ཇ་བསྐོལ་ནས་ཁོལ་སོང་༌། བློ་བཟང་གིས་ང་ལ་དྲི་བ་སྣ་ཚོགས་པ་ཞིག་བཏོན་བྱུང་ཡང༌། ངས་ཁོ་ལ་ལན་ཅི་ཡང་མ་བྱིན་པས། ཁོ་ན་རེ།“ཡ་དེ་འདྲ་ཞིག་རེད། ཧེ་ཧེ། ཁྱོས(ཁྱོད་ཀྱིས)མ་བཤད་ནའང་ངས་ལོས་ཤེས། མ་གཞིར་དགེ་བཤེས་ཚང་ལའང……”
ངས་བློ་བཟང་གི་ཁ་བཀག་སྟེ་བཤད་དུ་མ་བཅུག་ནའང་དེའི་གོ་དོན་ཁྱོད་ཀྱིས་ཀྱང་གོ་རྒྱུ་ རེད། ཉིན་དེར། ང་ལིས་ཞའོ་ཀྲང་ལ་ཐེངས་གཅིག་འཕྲད་པ་དང༌། ཁོའི་མིག་གི་ནང་དུ་མདངས་ཡ་མཚན་ཞིག་འཕྲོ་བཞིན་ཡོད་ལ། མགོ་ལྡེམ་ལྡེམ་བྱེད་པའི་མོད་ལ་འཛུམ་ཞིག་ཤར་འོངས་པ་དེ་ཡང་ཤིན་ཏུ་བཅོས་མ་ཞིག་རེད། དེའི་དགོང་མོར། ང་ཨ་ཁུའི་གྲྭ་ཤག་ལ་སོང་བ་ཡིན། དེའི་རྒྱུ་ མཚན་ནི་ཨ་ཁུས་མི་ཞིག་མངགས་ནས་ང་ལ་སྐད་བཏང་བས་ང་རང་མི་འགྲོ་ཀ་མེད་རེད།
ཨ་ཁུའི་གཟིམ་ཤག་ལ་འགྱུར་ལྡོག་གསར་བ་ཅི་ཡང་མི་འདུག ཡིན་ན་ཡང༌། ང་ཁོའི་གཟིམ་ཁང་གི་སྒོར་བསླེབས་མ་ཐག བུ་མོ་བཞོན་ནུ་མ་ཞིག་འདུག་པ་མཐོང༌། ཁོ་མོས་ང་ཡོང་བ་ མཐོང་འཕྲལ། མྱུར་མོར་ཡར་ལངས་པ་དང་གདོང་ལ་དམར་མདངས་ཤིག་རྒྱས་འདུག བུ་མོ་འདིའི་མིང་ལ་གངས་དཀར་འཚོ་ཟེར་བ་དང༌། ཁོ་མོ་ནི་ཁྱོད་ཀྱིས་བཤད་པའི་ང་ལས་ལོ་བཅུ་ལྷག་གིས་ཆུང་བའི་བུ་མོ་དེ་རེད། ཁོ་མོའི་སྐྱེས་འབྲས་དེ་འདྲ་ལེགས་རྒྱུ་མེད་ན་ཡང༌། རི་མོ་ཅན་གྱི་མིག་ལ་སྤྱང་གྲུང་ལྡན་པའི་མདངས་ཤིག་ཤར་ཡོད་ཅིང༌། ངག་གི་གདངས་དང་ལུས་ཀྱི་རྣམ་ འགྱུར་ལས་ཁོ་མོའི་ཁོག་ཟབ་ཅིང་གཡོ་དང་སྒྱུ་ལ་མཁས་པའི་བུ་མོ་ཞིག་་ཡིན་པའང་ཤེས་ཐུབ། ཨ་ཁུས་ང་ལ་བཙལ་བའི“ཆུང་མ”ནི་བུ་མོ་དེ་ལྟ་བུ་ཞིག་རེད། དེར་བརྟེན། ཨ་ཁུ་དང་ངེད་གཉིས་ཀྱི་བར་ལ་རྩོད་པ་ཞིག་བྱུང་བ་དང་༌། རྩོད་པ་དེ་ཨ་ཁུ་བཙོན་ལ་འཇུག་རག་བར་དུ་ཐག་མ་ཆོད། ཡུན་རིང་མ་འགོར་བར་ང་ཡང་ཟིང་འཁྲུག་གི་གཏེ་བོ་ཞིག་ཏུ་བརྩིས་ནས་བཙོན་དུ་བཟུང་ནས་ལོ་བཅུ་བདུན་གྱི་ཁྲིམས་ཐག་བཅད་སོང༌། འོ—ཡ་ཕོ་གསར། ངས་ཆུ་འཁོལ་འཐུང་རྒྱུ་ མང་དྲགས་སོང་བས་སྒོར་ཅིག་འབུད་དགོས། སྤྱོད་ཁང་གང་ན་ཡོད།?
ཀྭ་ཡེ་ཀློག་མཁན་རྣམ་པ། ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོ་སྒོར་འབུད་དགོས་པས། ངས་ཁོང་གི་ གཏམ་རྒྱུད་འདི་འབྲི་མཚམས་མི་འཇོག་ཀ་མེད་རེད།
ཁོང་ཕྱིར་ཕེབས་རྗེས། གཏམ་རྒྱུད་འདིའི་མཇུག་མུ་མཐུད་དུ་གསན་ཆོག
(རྩོམ་སྒྲིག་པའི་གསལ་བཤད། སྒྲུང་རྩོམ་འདི་བྲིས་མ་ཚར་བར་རྩོམ་པ་པོ་ཉིད་སྐུ་གཤེགས་པས། སྙན་པའི་གཏམ་རྒྱུད་འདི་མུ་མཐུད་དུ་གསན་རྒྱུའི་སྐལ་བ་དབེན་པར་གྱུར།)
རྩོམ་ཁུངས། <<དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ>>