ཚུལ་ཁྲིམས་རྒྱ་མཚོ།༢
ཡིན་ན་ཡང༌། 1958ལོར། སྤྲིངས་ཡིག་འདིའི་དོན་དུ་ཚུལ་ཁྲིམས་རྒྱ་མཚོ་ནི་ཟིང་འཁྲུག་སློང་མཁན་གྱི་གཏེ་བོ་ཞིག་རེད་ཟེར་ནས་བཙོན་དུ་བཅུག་པ་དང༌། ལོ་ངོ་བཅུ་བདུན་གྱི་ཁྲིམས་ཐག་བཅད་པ་རེད། སྐབས་དེ་དུས་ཀྱང་ཚུལ་ཁྲིམས་རྒྱ་མཚོས། སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ། །ལས་རྒྱུ་འབྲས་བརྩི་བའི་གུང་ཁྲན་ཏང༌། །དུས་སྙིགས་མའི་ཆོས་པ་ང་འདྲ་དག །ཐུགས་གཡེལ་བ་མེད་པར་རྗེས་སུ་ཟུངས། །ཞེས་གསོལ་འདེབས་བཞིན་ཡོད།
སྡུག་བསྔལ་བྱུང་ཐེངས་རེ་དང༌། ཡང་ན་དགའ་བའི་ལས་ཤིག་ཏུ་འཕྲད་ཐེངས་རེར། ཚུལ་ཁྲིམས་རྒྱ་མཚོས་ཚེ་ལས་འདས་པའི་ཨ་མ་ཡིད་ལ་ལྷང་ངེར་དྲན་པ་དང༌། ས་མཐར་འཁྱམས་ཏེ་ཤི་གསོན་མ་ངེས་པའི་ཨ་ཕ་སེམས་ལ་ལྷམ་མེར་ཤར་འོངས། ད་ལྟའང་ཁོས་ཡབ་ཡུམ་དྲན་བྱུང་ན་ཡང༌། སྔོན་ཆད་ལྟ་བུའི་སྡུག་བསྔལ་དང་མྱ་ངན་མི་འདུག ཁོས་ཡབ་ཡུམ་གྱི་དོན་དུ་སེམས་ཚེགས་དང་སྡུག་བསྔལ་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཁོ་རང་ཉིད་ཀྱི་ཆེད་དུ་སེམས་ཚེགས་དང་སྡུག་བསྔལ་བྱེད་མཁན་སུ་ཞིག་ཡོད། ཨ་ཁུ་ཡང་བཙོན་ཁང་ནང་ནས་དག་པའི་ཞིང་ལ་ཕེབས་ སོང༌། ད་ནི་ངོ་མ་འཇིག་རྟེན་འདིའི་ཐོག་ཏུ་ཁོ་ལ་ཤ་ཉེ་གཅིག་ཀྱང་མེད། མི་རྐྱང་རྟ་རྐྱང༌། གང་ལ་སོང་ན་འདུག་རྐྱང༌། ཇག་ལ་ཐུག་ན་འབྲོ་རྐྱང་ཟེར་བ་དེ་ཁོ་མིན་ན་སུ་ཡིན། སྐབས་དེར། ཁོའི་ སེམས་ལ་རང་དབང་མེད་པར་མི་ཞིག་དྲན་འོངས། མི་དེ་ནི་སུ་རེད། མི་དེ་ལ་བུད་མེད་ཀྱི་ཁྱད་ཆོས་ཅུང་ཟད་ཙམ་ཡང་མི་འདུག་ལ། སྐབས་རེར་མི་དེའི་མིག་གི་མདངས་དང༌། སྐད་ཀྱི་གདངས། གདོང་གི་རྣམ་འགྱུར་བཅས་ལས་ད་གཟོད་བུད་མེད་ཀྱི་ཁྱད་ཆོས་ཤིག་མཐོང་ཐུབ། མི་དེ་ཚུལ་ ཁྲིམས་རྒྱ་མཚོ་ལས་ལོ་བཅུས་ཆུང་བ་དང༌། སྔོན་ཆད་ཁོ་མོ་ནི་ཇོ་མོ་ཞིག་རེད། ཁོ་མོ་ལོ་ཉི་ཤུའི་ནང་ཇོ་མོའི་ཆ་ལུགས་སྤངས་ཏེ་འཇིག་རྟེན་ཁྱིམ་པའི་ཚུལ་བཟུང་བ་དང༌། ཨ་ཁུ་ཚུལ་ཁྲིམས་ཀྱི་ཡོན་བདག་དད་པ་ཅན་ཞིག་རེད། ཁོ་མོས་ཨ་ཁུ་ཚུལ་ཁྲིམས་ལ་ཤ་མར་ཐུད་གསུམ་བསྐྱལ་འོང་དུས། གོ་སྐབས་བཙལ་
ནས་ཚུལ་ཁྲིམས་རྒྱ་མཚོ་ལ་བཤད་རྒྱུ་མེད་ན་བཤད་རྒྱུ་བཙལ་བ་དང༌། མིག་གི་མདངས་ལས་བྱུང་བའི་བརྩེ་དུངས་དེ་རང་དབང་མེད་པར་ཚུལ་ཁྲིམས་རྒྱ་མཚོ་ལ་ཤོར་བ་རེད། ཚུལ་ཁྲིམས་རྒྱ་མཚོས་རབ་བྱུང་གི་རྟགས་དོར་ནས་དགེ་རྒན་བྱེད་པའི་ཉིན་མོ་དེ་དག་གི་རིང་ལ། ཁོ་མོ་ནི་སྦྲང་རྩི་འཛིན་པའི་བུང་བ་ཞིག་དང་འདྲ་བར་ཚུལ་ཁྲིམས་རྒྱ་མཚོའི་ཉེ་འཁོར་དུ་འཕུར་ལྡིང་བྱས་མྱོང་བ་དང་༌། ཐབས་ལམ་སྣ་ཚོགས་བརྒྱུད་ནས་སེམས་ཀྱི་བརྩེ་དུངས་ཀྱང་བསྟན་མྱོང༌། ཚུལ་ཁྲིམས་རྒྱ་མཚོའི་སེམས་ཀྱི་མཚོ་མོ་ལས་ཀྱང་དུངས་པའི་རྦ་རླབས་འཕྱུར་མྱོང་མོད། ད་ནི་ཁོང་རྙི་ལ་ཐེབས་པའི་བྱིའུ་དང་བཙོན་ལ་བཀག་པའི་ཉེས་ཅན་ཞིག་ཡིན་སྟབས་དེ་ཚོ་ལ་བསམ་བློ་གཏོང་བ་ནི་སྙིང་བོ་མེད་པའི་བྱ་བ་ཤ་སྟག་རེད། ཡིན་ན་ཡང༌། ཁོའི་དྲན་ཤེས་ཀྱི་ཆུ་བོའི་རྒྱུན་བཟང་དེ་མུ་མཐུད་ནས་ཁོ་མོའི་ཕྱོགས་སུ་བཞུར་བ་དང༌། རྣམ་ཤེས་ཀྱི་བུང་བའི་འདབ་གཤོག་དེ་མུ་མཐུད་ནས་ཁོ་མོའི་ཕྱོགས་སུ་སྐྱོད་བཞིན་འདུག
“……གལ་སྲིད་ཉིན་ཞིག་ལ་འཇིག་རྟེན་འདིའི་ཐོག་གི་མི་ཐམས་ཅད་རབ་ཏུ་བྱུང་བ་ཡིན་ན། སོ་ནམ་སུ་ཡིས་བྱེད། ནོར་ལུག་སུ་ཡིས་འཚོ། ཡོན་བདག་མེད་པའི་མཆོད་གནས་དེ་སྐྱིད་པོ་རང་འོང་བ་དཀའ་མོ་ཡིན། དེ་ལས་ཀྱང་ཚབས་ཆེ་བ་ནི། རིགས་རྒྱུད་སུ་ཡིས་སྤེལ། རིགས་རྒྱུད་སྤེལ་མཁན་མེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་ཤེས་གང་གི་ལྷུམས་སུ་འཇུག སྤྲུལ་བའི་སྐུ་ཡང་ཇི་ལྟར་འབྱུང༌། གལ་སྲིད་རིགས་རྒྱུད་ཆད་ན་ དམ་པའི་ཆོས་ཀྱང་བཤད་སའི་ཡུལ་མེད། དར་སའི་གནས་མེད་པར་འཇིག་པར་མི་འགྱུར་གྲང༌། ཨ་ཙི། སྔོན་ཆད་
ངའི་སེམས་ལ་རྒྱུ་མཚན་དེ་དག་མ་དྲན་པ་ཅི་ཡིན་ནམ།……”
ཚུལ་ཁྲིམས་རྒྱ་མཚོས་བསམགཞིགས་བྱེད་བཞིན་དུ་བློ་སེམས་ཉིས་འགལ་དུ་གྱུར་པ་དང༌། བསམ་པ་ལ་གཡོ་འགུལ་ཆེན་པོ་བྱུང༌།
སྐབས་དེར་ཚུལ་ཁྲིམས་རྒྱ་མཚོ་གློ་བུར་དུ་བཙོན་གྲོལ་བཏང་སོང༌།
ལོ་བཅུ་བདུན་འགོར་ བ་ཡིན་ནམ། མཛུབ་རྩིས་རྒྱག་དུས་ལོ་གསུམ་ལས་འགོར་མི་འདུག ཁོ་རང་བཙོན་གྲོལ་བཏང་ བའི་རྒྱུ་མཚན་ཅི་ཡིན་པ་ནི་དང་ཐོག་ཁོ་རང་བཙོན་དུ་བཅུག་པ་དང་འདྲ་བར་ཚུལ་ཁྲིམས་རྒྱ་ མཚོ་ལ་ཆ་རྒྱུས་གཏན་ནས་མེད། ཕལ་ཆེར་དེ་ནི་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། ལས་ རྒྱུ་འབྲས་ཀྱི་རྣམ་སྨིན་ལས་བྱུང་བ་ཡིན་ལས་ཆེ། གང་ལྟར་ཀྱང༌། བཙོན་གྲོལ་བཏང་ཟིན་པས་དགའ་སྤྲོ་མི་སྐྱེས་ཅི་ལ་སྲིད། ཡིན་ན་ཡང༌། ཕྱོགས་གང་ལ་འགྲོ་རྒྱུ། ཨ་མ་ནི་གཤེགས་ཚར། ཨ་ཕ་ནི་ གར་ཡོད་མི་ངེས། ཨ་ཁུ་ཡང་ཤི་སོང་བས་འགྲོ་ས་གང་ན་ཡོད།
ཚུལ་ཁྲིམས་རྒྱ་མཚོས་སླར་ཡང་ཁོ་མོ་སེམས་ལ་ཤར་བྱུང༌། “དེ་རེད། ཁོ་མོ་འཚོལ་དུ་འགྲོ། བཤད་སྒྲུབ་ནི་རང་ཉིད་ཆེར་སྐྱེས་ས་ཡིན་པས་དེ་ལ་ཆས་འགྲོ།”
དེ་ལྟར་ཚུལ་ཁྲིམས་རྒྱ་མཚོ་སླར་ཡང་བཤད་སྒྲུབ་ཕྱོགས་ལ་ཆས་པའོ། །
《ཚུལ་ཁྲིམས་རྒྱ་མཚོ》ཞེས་པའི་གཏམ་རྒྱུད་དེ་ནི་གཞན་གྱི་ངག་སྒྲོས་ལས་ཐོས་པ་མ་ གཏོགས། ང་རང་ཉིད་ཀྱིས་ཚུལ་ཁྲིམས་རྒྱ་མཚོ་ངོ་མི་ཤེས་པ་དང༌། ཁོང་གི་ལུས་ཀྱི་ཆ་བྱད་དང་ གདོང་གི་རྣམ་པ་ཇི་ལྟ་བུ་ཡིན་པ་ནི་དེ་བས་ཀྱང་མི་ཤེས་པར་མ་ཟད། བཙོན་གྲོལ་བཏང་ནས་བཤད་སྒྲུབ་ལ་ཕེབས་རྗེས་ཁོང་གི་འཚོ་བ་ལ་འགྱུར་ལྡོག་ཅི་འདྲ་བྱུང་བའི་གནས་ཚུལ་ཡང་མི་ཤེས་པས། ངས་རྨོངས་ཚོད་དང་ཕོ་ཚོད་ཀྱིས་གཞན་གྱི་ཟེར་སྒྲོས་ཙམ་བཀོད་པའི་གཏམ་རྒྱུད་དེ་ལྟ་བུ་ཞིག་བྲིས་པ་དེས་ཀློག་མཁན་རྣམས་ལ་ཕོག་ཐུག་གཏོང་ངེས་པར་མ་ཟད། ང་རང་ཉིད་ ལའང་མི་འདོད་པའི་གཏམ་དང་མི་ཁ་མང་བོ་ཞིག་འཁོར་ངེས་རེད། གལ་སྲིད་ང་རང་གཏམ་ རྒྱུད་འདི་ལྟ་བུ་རྩོམ་པའི་ལས་དང་པོ་བ་ཞིག་ཡིན་རྒྱུ་ན་ངོ་ཚ་རྒྱབ་ལ་དོར་ནས་རྣ་བ་ལག་པས་བཀབ་སྟེ་བསྡད་ནའང་མི་ཆོག་རྒྱུ་ཅང་མེད་མོད། འོན་ཀྱང……འོན་ཀྱང……འེ། བྲག་ཐེམ་པའི་སྐས་ལ་འགོས་ཁ་སླ་ཡང་འབབ་ཁ་དཀའ་ཟེར་བ་དེ་ངོ་མ་རེད། ད་ཅི་བྱུང་ན་ཡང་བྱུང༌། གདོང་ལ་འབག་གོན་ནས་འཆམ་མི་སྟེག་ཀ་མེད་རེད། བོང་སྐྱ་ལིར་ཞོན་ནས་སྟོད་དབུས་ལམ་གཅོད་མཁན་ཡང་མེད་པ་མིན་ལ། ཁྱི་མེད་ན་བྱི་ལས་ཀྱང་རུས་པ་མུར་ཆོག་ཅིང༌། བྱ་མེད་སར་བོང་བུས་ཀྱང་ནམ་ཚོད་བཟུང་ཆོག་པ་ཡིན། ཡིན་ན་ཡང༌། ཀ་མེད་པའི་གདུང་མ་ནི་བརྟན་ཚུལ་མེད་ལ། ཁབ་མེད་པའི་ཚེམ་བུ་ནི་ག་ལ་ཡོང༌། ངོ་མ། རང་སེམས་རང་གིས་གསོས་ན་དགའ་ཀྲོག་ཀྲོག་དང༌། རང་མགོ་རང་གིས་གཡོགས་ན་ཏོབ་ཀྱི་ལི་ཟེར་བ་དེ་ཅིས་མ་བདེན། 《ཚུལ་ཁྲིམས་རྒྱ་མཚོ》 ཞེས་པའི་གཏམ་རྒྱུད་འདིའི་རྔ་མ་ཡེ་ནས་སྐྱོང་ཐབས་མི་འདུག
“ཐྲོག་ཐྲོག་ཐྲོག ཐྲིག”
གློ་བུར་དུ་ངའི་མལ་ཁང་གི་སྒོ་བརྡུངས་པའི་སྒྲ་འཚུབ་ཅན་ཞིག་གྲགས་པ་ཐོས་བྱུང༌།
“སུ་ཡིན། ནང་ལ་ཤོག”
ངས་འཐད་ལ་མི་འཐད་ཀྱི་སྒོ་ནས་དེ་སྐད་ལབ་པ་དང༌། ཁ་ཕྱིར་འཁོར་ནས་སྒོ་ཁར་བལྟས་བསྡད་པ་ན་ཡོང་མཁན་ནི་མི་འདུག མ་ཐོས་པ་ཡིན་ནམ་ཡང་ན་ཡོང་མ་ཕོད་པ་ཡིན། ངས་སླར་ ཡང་སྐད་ཆ་ཆེ་རུ་བཏང་སྟེ་སྐད་བརྒྱབ་ན་ཡང་ད་དུང་གྲགས་འགུལ་ཅི་ཡང་མི་འདུག ང་ལ་བསམ་བཞིན་དུ་ལན་ཚེགས་འདི་འདྲ་སྐོལ་མཁན་དེ་སུ་ཡིན་ནམ། རང་རེའི་འཚོ་བའི་ནང་དུ་མི་སྐོར་ཞིག་ཡོད་པ་དེ་ཚོས་སློབ་སྦྱོང་མི་བྱེད་པ་དང་བྱ་བའང་ནན་ཏན་གྱིས་མི་སྒྲུབ་པར་ཁོམ་པ་ཨེན་ཙམ་བྱུང་ན་འདི་ཚང་གི་སྒོ་བརྡུངས་པ་དང་དེ་ཚང་གི་སྒེའུ་ཁུང་ནང་ཕག་ལྟ་བྱས་ཏེ་སྟོང་ བཤད་ཁོ་ནས་ཉི་མ་འཁྱོལ་ཐབས་བྱེད་པ་དང༌། འདིའི་སྣ་དང་དེའི་ཁ་ཟེར་ནས་གཞན་ལ་ངན་གཏམ་པར་མ་ཟད། རང་ཉིད་ལ་དགེ་མཚན་འདི་དང་དེ་ཡོད་ཚུལ། འཇོན་ཐང་ཅི་
འདྲ་ཆེ་ཚུལ་ སོགས་རྣ་མ་དགོས་ལབ་ལ་ཡང་མི་འགྲོ་བའི་གཏམ་སྦོམ་པོ་ཏག་ཏག་སྨྲས་ཏེ་ཕ་རོལ་པོའི་བྱ་བ་ལ་བར་ཆད་དང་གཏོར་བརླག་བྱེད་པར་དགའ།
ཡ་མཚར་བ་ནི་ང་ལའང་དེ་འདྲའི་གྲོགས་པོ་ཁ་ཤས་ཡོད་པས། དེ་རིང་ཡང་ཁོ་ཚོ་ང་ལ་ལན་ཚེགས་སློང་དུ་འོང་བ་འདྲ་སྙམ། སྐབས་དེ་དག་དང་འཕྲད་དུས་ཁོ་ཚོས་སྒོ་ཕྱེས་ནས་ནང་ལ་འཛུལ་ཡོང་བ་ཡིན་མོད། འོན་ཀྱང་དེ་རིང་ནམ་རྒྱུན་དང་མི་འདྲ་བར། སྒོ་བརྡུངས་པའི་སྒྲ་དེ་ཡང་བསྐྱར་གྲགས་བྱུང༌། གལ་སྲིད་ཁོ་ཚོ་ཡིན་ན་གཤེ་གཤེ་ཚ་དྲག་པོ་ཞིག་གཏོང་དགོས་སྙམ་ནས་ཚིག་པ་ཟ་བཞིན་དུ་སྒོ་ཕྱེ་རུ་སོང་བ་ན། ཨ་ཙི། སྒོ་འགྲམ་ན་མི་ཆ་མེད་ཅིག་ལངས་འདུག
མི་འདི་སུ་ཡིན་ནམ། ང་ལ་འདི་ལྟ་བུའི་ངོ་ཤེས་ནི་མེད། ཡིན་ན་ཡང༌། ཁོའི་ངོ་ཚུགས་ལས་མདོ་སྨད་ཀྱི་བོད་རིགས་ཤིག་ཡིན་པ་ཤེས་ཐུབ་ལ། བཟོ་ལྟ་ལ་བལྟས་ན་ཤེས་ཡོན་ཅན་ཞིག་ཡིན་པའང་རྟོགས་སླ། ངས་ཁོ་ལ་ཞིབ་ལྟ་བྱེད་པའི་དུས་མཚུངས་སུ་ཁོས་ཀྱང་ང་ལ་ཞིབ་ལྟ་བྱེད་ཅིང་འདུག གདོང་ཉག་གཟར་བོའི་ཐོག་གི་ཤེལ་མིག་མཐའ་ཤན་ནག་པོ་ཅན་དེའི་དཀྱིལ་ན། ལོ་མང་བོར་མིག་ཤེལ་བརྒྱབ་ནས་ཉོབ་ཡོད་པའི་མིག་ཆུང་ཆུང་གཉིས་གཡོ་འགུལ་བར་མེད་དུ་བྱས་ནས་ཁྲ་རིལ་རིལ་བྱེད་པ་དང༌། དཔྲལ་བའི་དབྱེས་མཚམས་ཀྱི་ཟུར་གཉིས་ནས་སྐྲ་སོར་གསུམ་བཞི་ཙམ་ཟླ་གམ་དབྱིབས་ཀྱིས་བྱིད་འདུག་ལ། ལེབ་ཞིང་ཆེ་བའི་རྣ་གཡོན་པའི་རྩ་ན་རྨེ་བ་ནག་པོ་སྲན་ལྒང་ལྟ་བུ་ཞིག་ཡོད་པ་དེའི་སྟེང་དུ་སྤུ་ཁམ་པ་རིང་ཐུང་གཉིས་སྐྱེས་འདུག
“ཁྱོད་ཀྱིས་སུ་འཚོལ་བ་ཡིན།”
“ཁྱོད།”
ཁོའི་གདོང་དབྱིབས་རིང་ཞིང་སྣ་ཉག་གཟར་བའི་ཐོག་ཏུ་གོན་པའི་ཤེལ་མིག་འོག་གི་མིག་ཆུང་བ་དེ་གཉིས་ལ་འཛུམ་ཞིག་ལངས་པ་དང༌། སྨིན་མ་སྟུག་པོ་གཟེང་གཟེང་ཞིག་བྱས་ཏེ་ཐད་ཀར་ངའི་མལ་ཁང་དུ་འཛུལ་ཡོང༌། མ་གཞིར། མི་དེ་ནི་སྟོད་སྒུར་ཞིག་རེད། ཡིན་ན་ ཡང༌། ཁོའི་རྒྱབ་གཟུགས་ལ་ཞིབ་ལྟ་མ་བྱས་ན་ཁོའི་གཟུགས་ནི་དྲང་མོ་མདའ་འདྲ་བ་ཞིག་ཡིན་ པའི་འཁྲུལ་སྣང་སྐྱེས་ནའང་ཐང༌།
“ཨ—དཔེ་ཆ་མང་ག?!”
ཁོས་ངའི་མལ་ཁང་ནང་ལ་ཡར་ལྟ་མར་ལྟ་ཞིག་བྱས་རྗེས་དེ་ལྟར་བཤད། ཕལ་ཆེར་ངའི་དཔེ་སྒྲོམ་ནང་དང་ཅོག་ཙེའི་ཐོག མལ་ཁྲིའི་སྟེང་སོགས་ལ་དེབ་སྣ་ཚོགས་ཀྱིས་ཁེངས་ཡོད་པ་མཐོང་ནས་ཡིད་སྨོན་སྐྱེས་པ་འདྲ། གཅིག་བྱས་ན་ངས་དཔེ་ཆ་དེ་ཚོ་ལ་གཡུག་ལུང་གཡུག་བྱས་ནས་བཞག་ཡོད་པས་ང་ལ་ཟུར་ཟ་བྱས་པ་མིན་པའི་གདེང་ཚོད་ནི་སུ་ལ་ཡོད།“འུན—མང་བས་མི་ཚད། ད་དུང་རྩ་ཆེན་རྐྱང་རྐྱང་རེད། ཡིན་ན་ཡང༌། ཨ། ཧ་ཧ་ཧ……”
རང་རེའི་འཚོ་བའི་ནང་དུ། རང་ཉིད་ལོ་ན་རྒན་པ་དང༌། ཕོ་སྒོ་དང་མོ་སྒོ་ཅུང་ཟད་ཡོད་པ། ཡང་ན་ཁ་བདེ་བ་དང་ལྕེ་མགྱོགས་པ། བློ་རྣོ་ཞིང་རིག་ལམ་ཅུང་མྱུར་བ། མདོར་ན་གཞན་ལས་ལྷག་པའི་དགེ་མཚན་དང་བཟང་ཆ་ཕྲན་ཙམ་ཡོད་ན། དེ་ང་རྒྱལ་གྱི་མ་རྩར་བརྩིས་ཏེ་གཞན་ལ་སྨ་འབེབས་དང་ཟུར་ཟ། འཕྱ་དམོད་སོགས་བྱེད་པར་མ་ཟད། རང་ཉིད་གནམ་ས་བར་སྣང་གང་དུ་གནས་པའང་མི་ཤེས་པར་རྒན་ཚུགས་དང་ཆེ་ཚུགས་བཟུང་ནས། འདི་མ་རེད་དང་དེ་འགྲིག་མ་སོང༌། འདི་ལྟར་བྱ་དགོས་དང་དེ་ལྟར་བསྒྲུབ་དགོས་ཞེས་ཁ་ཏ་བསླབ་བྱ་གནང་རྒྱུར་དགའ་མཁན་ཧ་ཅང་མང༌། ངས་མི་དེ་ཚོ་མཐོང་ཐེངས་རེར་ཞེ་མེར་ཞིང་ཡི་མུག་པའི་སྣང་བ་ཞིག་སྐྱེས་འོང་བའི་ཕྱིར། ད་ཐེངས་མི་ཆ་མེད་འདིས་ཟུར་ཟའི་ཚིག་དང་འགྲོགས་པའི་
དགོད་སྒྲ་དེ་ཐོས་སྐབས་ཀྱང་སྣང་བ་དེ་ལྟ་བུ་ཞིག་དབང་མེད་དུ་སྐྱེས་བྱུང་བས། ཁོ་ལ་རྣམ་འགྱུར་ཡག་པོ་དང་ལྟ་ ཚུལ་བཟང་བོ་ཞིག་འཛིན་ག་ལ་སྲིད།
སྐབས་དེར། ཁོ་རྐུབ་སྟེགས་ཐོག་ཏུ་ཙོག་པ་དང༌། ལག་པ་གཡོན་པས་ཤེལ་མིག་ཡར་འདེད་ཙམ་བྱས་རྗེས། “ཨ། དེ་རིང་ཚ་བ་ཆེན་པོ་འདུག ཆུ་ཞིག་མི་ལྡུད་ལ”ཟེར།
ཁོའི་ཚིག་དེས་ང་རང་གློ་བུར་དུ་དམ་ལ་བཏགས་པ་དང༌། ངའི་ངོ་ནི་སྐད་ཅིག་དེ་ཉིད་ལ་ཚ་ལམ་ལམ་དུ་གྱུར་སོང༌། ངོ་མ། མགྲོན་པོ་ཁྱིམ་ལ་ཡོང་ན་ཇ་ཕོར་བ་གང་ཡང་མི་ལྡུད་པར་འཁང་ སེམས་འཛིན་པ་འདི་བོད་ཀྱི་ལུགས་སྲོལ་དང་ཡེ་ནས་མི་མཐུན་པ་ཞིག་རེད། ང་རྟབ་རྟབ་པོར་ཕར་སོང་ནས་ཇ་སྒྲོམ་གྱི་ཁ་ཕྱེས་པ་ན་ཇ་ལོ་གཅིག་ཀྱང་མི་འདུག ད་ནི་ངོ་ཚ་བའི་ཐོག་ལ་ཁ་ཡང་སྐྱེངས་དགོས་བྱུང་སོང༌། དེར་ངས་ཁོ་ལ་ཆུ་ཁོལ་ཤེལ་དཀར་གང་བླུགས་ནས། “དགོངས་པ་མ་ཚོམས། ཁྱོད་ཀྱིས་སྔོན་ལ་འདི་འཐུངས་དང༌། ང་ཇ་ཞིག་ཉོ་རུ་འགྲོ”ཞེས་བཤད་པ་ལ། ཁོ་གད་མོ་དགོད་བཞིན་དུ། “འགྲོ་མི་དགོས། འགྲོ་མི་དགོས་ ཆུ་རྒོད(ཁོལ)བཏུང་ན་བུ་རྒོད་ཡིན་ཟེར་བ་མ་ཐོས་སམ”ཟེར།
ངས་ཀྱང་ཁོའི་ཁ་ཐོག་ལ་མི་འཇོག་ཀ་མེད་བྱུང༌། དྲང་མོར་བཤད་ན་ངའི་སྒོར་ཁུག་ཁ་སང་ ནས་ཐུར་ལ་སྤྲུགས་ཚར་སོང༌། ཆུ་ཁོལ་ཚ་འདེས་ཡིན་ན་ཡང༌། ཁོས་ཕུ་འདེབས་ཞོར་དུ་ཧུར་སྒྲ་དང་བཅས་ཏེ་འཐུང་གིན་འདུག ངོ་མ་ཁ་སྐོམ་ཡོད་པ་འདྲ། བལྟས་བལྟས་རིག་རིག་ལ་ཆུ་ཁོལ་ཕོར་བ་གང་བཏུང་ཚར་སོང༌། ངས་སླར་ཡང་ཁོ་ལ་ཆུ་གང་བླུགས་པ་ཡིན།
“ཕལ་ཆེར་ངས་ཁྱོད་ཀྱི་བྱ་བ་ལ་བར་ཆད་བྱས་པ་འདྲ། ཡིན་ན་ཡང༌། ང་ནི་དོན་མེད་དུ་ ལྡོམ་ནས་ཡོང་བ་ཞིག་མིན། མ་གཞིར་འུ་གཉིས་ཀྱིས་སྔ་མོ་ནས་ངོ་ཤེས་བཅས་ཆོག་ན་ཡང༌། ས་ཁ་ཐག་རིང་བས་ངོ་ཤེས་མ་ཐུབ། ང་ད་ཐེངས་པེ་ཅིན་ལ་ཚོགས་འདུ་ཞིག་འཚོགས་སུ་ཡོང་བ་ཡིན། དོ་ནུབ་ཆུ་ཚོད་བརྒྱད་དང་སྐར་མ་ཉི་ཤུའི་ཐོག་མེ་འཁོར་ལ་བསྡད་ནས་ཕྱིར་ལོག་འགྲོ་རྒྱུ་ཡིན། འདི། མེ་འཁོར་གྱི་འཛིན་བྱང་ཡིན།”
ཕལ་ཆེར་ཁོ་རང་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པ་འདྲ། ཅི་ཡིན་ནའང་ཡིན་དུ་ཆུག ཁྱོད་ཚོའི་ལས་ཀ་ནི་ས་ཆེ་ས་དང་མཁར་སྐྱིད་ས་ནས་ཚོགས་འདུ་འཚོགས་རྒྱུ་དེ་ཡིན་པས། དོ་ནུབ་འགྲོ་ནའང་འདྲ། སང་ལོ་ལོག་ནའང་འདྲ། ང་ལ་འབྲེལ་བ་ཅི་ཞིག་ཡོད། ད་ནི་ཁྱོད་ཀྱི་སྐོམ་སོད་ཡོད་ལས་ཆེ་བས། ད་ལྟ་རང་ལོག་ན་ཅི་མ་རུང་སྙམ་བྱུང༌།
“ཁྱོད་ཀྱི་རྩོམ་ཡིག་དེ་ངས་ཐེངས་ཁ་ཤས་ལ་བཀླགས་པ་ཡིན། རྩོམ་ཡག་པོ་ཞིག་འཁྱོངས་འདུག ཡིན་ན་ཡང༌། འུན—ཁྱོད་ཀྱིས་ཚུལ་ཁྲིམས་རྒྱ་མཚོ་ངོ་མི་ཤེས་པ་འདྲ། དེ་ལོས་ཡིན། ངོ་ཤེས་སྲིད་ཀྱི་མ་རེད”བསྟོད་པས་མི་མགུ་སུ་ཡང་མེད་ཟེར་བ་དེ་ངོ་མ་རེད། ཁོས་ང་ལ་ངོ་བསྟོད་བྱས་པས་ངའི་སེམས་ལ་དགའ་བའི་མེ་ཏོག་བཞད་པ་དང༌། མི་ཆ་མེད་འདི་སྙིང་ཉེ་ཞིང་བློ་མཐུན་པ་ཞིག་ཡིན་པའི་སྣང་བ་སྐྱེས་བྱུང༌། ངའི་སེམས་ལ། མི་འདིས་ཁོ་དོན་མེད་དུ་ཡོང་བ་མིན་ཟེར་བ་དང༌། ངའི་རྩོམ་ཡིག་ཀྱང་ཐེངས་འགར་བཀླགས་མྱོང་བར་མ་ཟད། ཚུལ་ཁྲིམས་རྒྱ་མཚོ་དང་ངེད་གཉིས་ངོ་མི་ཤེས་པའང་རྟོགས་ཡོད་པས། ཕལ་ཆེར་མི་འདི་ནི་ཚུལ་ཁྲིམས་རྒྱ་མཚོའི་གྲོགས་པོ་ཞིག་ཡིན་སྲིད་པ་དང༌། མ་མཐའ་ཡང་ཚུལ་ཁྲིམས་རྒྱ་མཚོ་ལ་གསལ་ཆ་ཡོད་པའི་མི་ཞིག་ཡིན་རྒྱུ་རེད། ངའི་སྐྱིད་འདི་གང་ལ་འཇོག ད་ནི་ཚུལ་ཁྲིམས་རྒྱ་མཚོ་ལ་ཆ་རྒྱུས་ཡོད་པའི་མི་ཞིག་དང་འཕྲད་སོང་བས། གཏམ་རྒྱུད་དེའི་མཇུག་སྐྱོང་ཐུབ་མིན་ལ་ཐེ་ཚོམ་ཟ་མི་དགོས་པ་དང༌། ང་རང་གཅིག་པུ་ཁང་མིག་འདིར་བསྡད་དེ་ཐ་མག་རྩྭ་སྲེག་སྒྲོན་སྒྲོན་བྱས་ནས་བསམ་བློ་དེ་འདྲ་མང་བོ་གཏོང་མི་དགོས་ལ། ལྷག་པར་དུ་དར་ར་རུ་རྩི་བྱས་ཏེ་ཞོ་དང་རུས་ཞག་མར་ལོར་བརྩིས་ཏེ་རྩམ་པ་བརྫི་མི་དགོས་པར་མ་ཟད། ཨ་ཀྲད་ལ་ཨབ་སྐུད་དང་ཕྱིང་བ་ལ་བསྡོགས་པའང་བྱ་མི་དགོས་ པས། ང་རང་དགའ་སྤྲོ་མི་སྐྱེས་ཅི་ལ་སྲིད།
“ཨ་ཁུ། ཁྱེད་ཀྱིས་ཚུལ་ཁྲིམས་རྒྱ་མཚོ་ངོ་ཤེས་སམ།”
ངས་སེམས་ཀྱི་སྤྲོ་སྣང་ནོན་མ་ཐུབ་པར་དེ་ལྟར་དྲིས་པ་ལ། ཁོང་གིས་ཁ་ལ་ཁྱེར་བའི་ཕོར་བ་སླར་ཡང་མདུན་འཇོག་ཐོག་བཞག་པ་དང༌། མིག་ཤེལ་ཡར་ལ་འདེད་ཙམ་བྱེད་པའི་མོད་ལ་འཛུམ་བག་དང་བཅས་ཏེ་ངོ་ཤེས་པའི་ཚུགས་ཀ་ཞིག་བསྟན། སྐབས་དེར་ངའི་སེམས་ནས་ཁོང་ལ་བརྩི་བཀུར་ཞུས་ཤིང༌། ངག་ལས་ཞེ་སའི་ཚིག་ཐོན་པར་མ་ཟད། ཁོང་གི་རྣ་རྩ་ན་ཡོད་པའི་སྨེ་བ་ནག་པོ་དང་དེའི་ཐོག་ཏུ་སྐྱེས་པའི་སྤུ་རིང་ཐུང་གཉིས་ཀའང་སྙིང་ཉེ་ཞིང་ཡིད་དུ་འོང་བའི་སྣང་བ་ཞིག་སྐྱེས་བྱུང་༌།
“ད་བྱ་བ་ལམ་ལ་བུད་ཐལ། ཨ་ཁུ། དྲང་མོར་བཤད་ན། ངས་གཏམ་རྒྱུད་དེ་བྲིས་ནས་ཚར་རྗེས་གློ་དགའ་ཞིང་སེམས་སྐྱིད་པ་ཞིག་བྱུང་ན་ཡང་༌། རྩོམ་སྒྲིག་ཁང་ལ་བསྐུར་རྗེས་ངོ་མ་འགྱོད་པ་སྐྱེས་བྱུང་༌། རྒྱུ་མཚན་ངས་མ་བཤད་ནའང་ཁྱེད་ཀྱིས་ཤེས་གསལ་ལྟར་རེད། 《ཚུལ་ཁྲིམས་རྒྱ་ མཚོ》ཡིས་ང་ལ་འུ་ཐུག་ཏུ་བཅུག་སོང༌། ཁྱེད་ཀྱིས་གཟིགས་དང༌། མ་ཡིག་འདི་འདྲ་མང་བོ་ཞིག་བྲིས་ཀྱང་ཡིད་ཚིམ་པ་ཞིག་མི་འོང་བར་འདུག”
ངས་རང་གིས་བྲིས་པའི《ཚུལ་ཁྲིམས་ རྒྱ་མཚོ》ཞེས་པའི་གཏམ་རྒྱུད་ཀྱི་མ་ཡིག་ཡང་བྲིས་ཡང་བསུབ་བྱས་པ་དེ་ཁོང་ལ་བསྟན་པ་ཡིན།
ཁོང་གིས་ངས་བྲིས་པའི་མ་ཡིག་མཐུག་པོ་དེ་ཤོག་ལྷེ་རེ་རེ་བཞིན་ཕར་ལ་སློག་བཞིན་ཁོང་འཛུམ་དང་བཅས་ཏེ་བཤད་རྒྱུར། “ངས་བལྟས་ན། ཁྱོད་ནི་རང་སྡུག་རིན་གྱིས་ཉོ་མཁན་ཞིག་རེད། དཀའ་ལས་འདི་ལྟ་བུ་ཞིག་མྱོང་དོན་མེད། ཚུལ་ཁྲིམས་རྒྱ་མཚོ་ནི་མི་སྤྱིར་བཏང་ནང་གི་ཡང་སྤྱིར་བཏང་བ་ཞིག་རེད། ཁོའི་གནས་ཚུལ་ནི་འབྲི་རིན་མེད་ལ་བྲིས་ནའང་ཕན་ཐོགས་མི་འབྱུང༌། གལ་སྲིད་ང་ཁྱོད་ཡིན་རྒྱུ་ན་ཡིག་འབྲུ་གཅིག་ཀྱང་མི་འབྲི།”
མ་གཞིར། ཁོས་ང་བཙལ་དོན་དེ་འདྲ་ཞིག་རེད། ཁོའི་ཚིག་དེ་དག་གིས་ངས་ཉིན་ཞག་མང་ བོའི་རིང་ལ་དཀའ་ལས་བྱས་ནས་བྲིས་པའི་རྩོམ་ཡིག་དེ་རིན་ཐང་ཅི་ཡང་མེད་པའི་གྲས་སུ་ བཞག་པར་མ་ཟད། ལྷག་པར་དུ་ངའི་སེམས་ལ་གོ་གནས་གལ་ཆེན་བཟུང་ཡོད་པའི་བོད་ཀྱི་ཤེས་ཡོན་ཅན་ཞིག་ལ་སྨ་འབེབས་བྱས་པ་ཡིན་པས། ངའི་སྙིང་རླུང་སྟོད་ལ་འཚང་དུ་བཅུག་པ་དང་ སྲོག་རླུང་སྙིང་ལ་ཞུགས་སུ་བཅུག ངའི་མིག་ལམ་དུ་མི་འདི་མི་རན་པ་དང༌་། ཙི་གུའི་མིག་ལྟ་བུ་དེ་སྤྱང་ཁུའི་གདང་འདྲ་བའི་སྟེང་ན་མི་སྡུག་པའི་ཉམས་དང་བཅས་ཏེ་གཡོ་བ་དང༌། བོང་རྒན་གྱི་རྣ་བ་ལྟ་བུའི་འོག་གི་སྨེ་བ་དེ་ཡང་འབུ་སྡོམ་ཞིག་དང་མཚུངས་པའི་སྣང་བ་སྐྱེས་བྱུང་༌།
“ཁྱོད་ཀྱིས་གཏམ་སྦོམ་པོ་དེ་འདྲ་མ་བཤད། ངས་བྲིས་པའི་གཏམ་རྒྱུད་དེ་མི་ལེགས་ནའང་ཐང༌། ཡིན་ན་ཡང༌། ཁྱོད་ཀྱིས་ཁ་ངན་ནང་ནས་ཚིག་ངན་སྨོས་ཏེ་ཚུལ་ཁྲིམས་རྒྱ་མཚོ་ཁོང་ལ་སྨ་འབེབས་བྱས་མི་ཆོག ཚུལ་ཁྲིམས་རྒྱ་མཚོ་ནི་ཏང་དང་མི་དམངས་ལ་བློ་དཀར་ཞིང་༌། རྒྱུ་ འབྲས་ལ་བརྩི་མཐོང་ཆེ་བ། བདག་པས་གཞན་གཅེས་སུ་འཛིན་པའི་མི་བླ་མེད་ཅིག་ཡིན། ངས་ཁོང་གི་གནས་ཚུལ་ཞིབ་མོ་མི་ཤེས་པ་བདེན་ཡང་༌། ཁོང་ལ་ཆུ་ཤེལ་དང་འདྲ་བའི་བསམ་པ། རྡོ་རྗེ་དང་འདྲ་བའི་གཤིས་ཀ ཁ་བཏགས་དང་འདྲ་བའི་ངང་རྒྱུད། རྒྱ་མཚོ་དང་འདྲ་བའི་ཡོན་ཏན་ཡོད་པས། མི་རང་དགར་བ་ཞིག་ག་ལ་ཡིན། བོད་ཀྱི་ཤེས་ཡོན་ཅན་འདི་ལྟ་བུ་ཞིག་གི་སྣང་བརྙན་དེ་རྩོམ་རིག་གི་ལམ་ནས་མཚོན་པར་བྱ་རྒྱུ་ནི་ངའི་ལས་འགན་ཡིན་ལ། ང་ཚོའི་མི་རབས་ཕྱི་མ་རྣམས་ལ་བོད་ཀྱི་མཁས་པ་ཞིག་བརྒྱུད་མྱོང་བའི་ཁོད་མི་སྙོམས་ཤིང་ཀྱག་ཀྱོག་ཆེ་བའི་འཚོ་བའི་བགྲོད་ལམ་དང༌། བོད་ཀྱི་མཁས་པ་ཞིག་གིས་བགྲོད་ལམ་དེའི་སྟེང་དུ་བཞག་པའི་དགའ་སྐྱོ་ འདྲེས་མའི་ཞབས་རྗེས་རྣམས་སྟོན་རྒྱུ་ནི་ངའི་འདོད་མོས་ཡིན་པས། ང་འཆུགས་མེད།”
ངའི་ཚིག་འདི་ཁོའི་མཚང་ལ་ཕོག་པ་ཡིན་ནམ། ཡང་ན་ཁོས་རང་གིས་ལབ་པའི་གཏམ་དེ་ ནོར་སོང་སྙམ་ནས་འགྱོད་པ་སྐྱེས་པ་ཅི་ཡིན་མི་ཤེས་མོད། འོན་ཀྱང་མགྲོན་པོ་ཆ་མེད་དེའི་གདོང་མདོག་གློ་བུར་དུ་གྱུར་ཅིང་༌། མིག་གི་མཐའ་ལ་མཆི་མའི་མེ་ཏོག་གིས་ཁེངས་པར་མ་ཟད། དབུགས་ཀྱི་རྒྱུ་བ་ཇེ་མགྱོགས་ཇེ་འཚུབ་ཏུ་འགྲོ་བའི་འགྲོས་དང་བསྟུན་ནས། རྣ་རྩའི་རྨེ་བ་དེ་ཡང་ཇེ་ཆེ་ཇེ་ནག་ཏུ་འགྲོ་བ་འདྲ། ངའི་སེམས་ལ་ད་ལྟ་མགྲོན་པོ་ཁ་ཕོ་ཅན་འདིར་ཁ་གྲགས་རྒྱུ་མེད་པར་བཟོས་པར་མ་ཟད། དབུགས་ཐེངས་གཅིག་གིས་གོ་རིམ་ལྡན་ཞིང་གཏན་ཚིགས་བཙན་པའི་སྐད་ཆ་དེ་འདྲ་མང་བོ་ཞིག་ཆུ་བཞུར་བཞུར་དང་སེར་བ་འབབ་འབབ། ཐོག་ལྡིར་ལྡིར། གློག་འཁྱུག་འཁྱུག་བྱས་ནས་བཤད་ཐུབ་སོང་བསམ་ནས་ང་རྒྱལ་ཞིག་སྐྱེས་བྱུང༌།
“ངོ་མ། ཁྱོད་འཆུགས་མི་འདུག ཁྱོད་ཀྱིས་འབྲི་འདོད་ན་ཕྲིས་ལ། ཚུལ་ཁྲིམས་རྒྱ་མཚོ་ང་ཡིན།”
“ཨ?”
ཀྭ་ཡེ་ཀློག་མཁན་རྣམ་པ་ལགས། ད་ལྟ་ཁྱེད་ཅག་ཡིད་ཆེས་སོང་ངམ། ངའི་མདུན་དུ་ཡོད་པའི་མི་འདི་ནི་ཚུལ་ཁྲིམས་རྒྱ་མཚོ་རེད། གལ་སྲིད་ཁྱེད་ཅག་ཀྱང་ང་དང་འདྲ་བའི་གནས་སུ་ཡོད་རྒྱུ་ན། ང་དང་འདྲ་བར་ཧ་ལས་པ་དང་ཡིད་འགུལ་བར་མ་ཟད། ང་དང་འདྲ་བར་བློ་དགའ་ཞིང་སེམས་སྐྱིད་པོ་ཞིག་ཡིན་རྒྱུ་རེད། ངས་རང་གི་ངན་རྟགས་དེ་དག་ལ་ནོངས་འགྱོད་སྐྱེས་བཞིན། ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོ་ལ་གཏམ་དྲིས་པ་ཡིན། ད་ནི་ཉིན་གུང་གི་ཆུ་ཚོད་དང་པོ་ལ་བསླེབས་ འདུག ཁོང་དོ་ནུབ་ཆུ་ཚོད་བརྒྱད་དང་སྐར་མ་ཉི་ཤུའི་ཐོག་ཕ་ཡུལ་དུ་ལོག་དགོས་པས། དུས་ཚོད་ནི་ཅི་འདྲའི་རིན་ཐང་ཆེ་བ་ཞིག་རེད་ཨང༌། སྟབས་ལེགས་ནས་ད་དུང་ཆུ་ཚོད་ལྔ་དྲུག་ཙམ་ལ་ཁ་བརྡ་བྱས་ཆོག འོག་ཏུ་འབྱུང་བའི་གཏམ་རྒྱུད་རྣམས་ནི་ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོས་ང་ལ་གསུངས་པ་ཡིན་ལ། ངས་ཁོང་གིས་གསུང་ཚིག་རྣམས་ཇི་མ་ཇི་བཞིན་དུ་ཟིན་བྲིས་བཏབ་པ་ལས་ཚིག་གཅིག་ཀྱང་སྣོན་འཕྲི་བྱས་མེད་པས་ཁྱེད་ཚོས་བློས་བཀལ་ནས་གཟིགས་ཆོག །
རྩོམ་ཁུངས། <<དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ>>