ད་སད་ན་ད་ལོངས།

    མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་སྒྲ་སྡུད་འཁོར་ལོ་བརྒྱུད་དེ་ཉི་གློག་གསར་བ་ཞིག་རྒྱང་སྒྲོག་བྱས་པ་དེ་སྟོད་ལུང་རྩྭ་ཐང་གི་ཁྱིམ་ཚང་དབུལ་ཕྱུག་ཀུན་གྱི་ཁྱིམ་བདག་ཚོའི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར། ཕྱུག་པོ་ཚོས་རིན་གོང་ལ་འདང་རྒྱག་བཞིན་བློ་ཐེ་ཚོམ་དུ་གྱུར་ཏེ་ཉོ་རུ་འགྲོ་མ་ཐུབ་པར་ལུས་ཡོད་པའི་ཚེ་མེད་པོར་འབོད་པའི་ཁྱིམ་ཚང་གང་མང་ཞིག་གིས་རྦད་དེ“འཇིག་རྟེན་སྣང་བ་གང་སྐྱིད། ཤི་ན་བླ་མ་གང་བཟང”ཟེར་ནས་ས་ཐག་རིང་ཟི་ལིང་དུ་སོང་སྟེ་ཉི་གློག་ཉོས་ནས་སྨག་ནག་པའི་མཚན་མོར་དཀར་ཞིང་གསལ་བའི་ཉི་གློག་འོག་ཏུ་སྐྱིད་པའི་དགོད་སྒྲ་སིང་སིང་བསྒྲགས་པར་ཕྱུག་པོ་ཚོས་སེར་ལམ་མེར་འབར་བའི་མཆོད་མའི་འོད་ངོགས་ནས་ཕྲག་དོག་དང་བཅས་ཉི་གློག་ཡོད་སའི་ཁྱིམ་ཚང་མེད་པོ་ཚོར་སེམས་གཏིང་ནས་སྨོན་པ་མི་སྐྱེ་ཀ་མེད་བྱུང་རུང་ཁ་ནས“མེད་པོ་སྣང་སྐྱིད་ཚོ”ཟེར། 
   ཐུ་བེ་ཟེར་བའི་རྒད་པོ་ཞིག་ཡོད་པ་དེ་ཚང་ཡང་མེད་པོ་སྣང་སྐྱིད་དུ་འབོད་པའི་གྲས་ཀྱི་གཅིག་ཡིན། ཉི་གློག་ཉོས་ནས་ཉིན་འགའ་མ་འགོར་བར་ཁོ་རྒྱམ་ཁོ་ཚང་ལ་ཡོང་ནས“ངོ་མ་མཚན་མོ་ཟེར་ན་ཉིན་མོ་རེད། གློག་འོད་ནས་ཤིག་ཀྱང་རྔོན་ཐུབ”ཅེས་སྒྲ་སྡུད་འཁོར་ལོ་ལས་ལྷག་པའི་སྟོད་པ་ཞིག་བྱས་པས་གཏམ་དེ་མི་རིང་བར་ཉི་གློག་མེད་པའི་ཁྱིམ་ཚང་ཚོའི་ཉི་གློག་ལ་སྨོན་པ་བྱེད་པའི་ཚིག་གཅིག་ཏུ་གྱུར་སོང༌།
  རྒྱམ་ཁོས་འདང་ཞིག་བརྒྱབ་རྗེས་དུས་ཐོག་ཏུ་ཀོ་ཐུམ་བརྒྱབ་པའི་སྒྲ་སྡུད་འཕྲུལ་ཆས་ཀྱི་གློག་སྒོ་བྱས་ཏེ་ཉི་གློག་རྒྱང་སྒྲོག་བྱེད་པའི་བར་བཅུག་ལེ་ཚན་ལ་ཞིབ་དུ་མཉན་མཐར་ཉི་གློགཅིག་ཉོ་རྒྱུ་བྱས། ཁོས་རྒྱ་སྐད་ཀྱིས་ཁྱོད་གསོད་རྒྱུ་ཟེར་བ་ཡང་མི་གོ་བ་ལ་དེའི་ཁར་རླངས་འཁོར་ཡང་མི་འཕྲོད་པས་རང་ཉིད་དངོས་སུ་ཉི་གློག་ཉོ་རུ་འགྲོ་ཐབས་མ་བྱུང༌། ཁོའི་སེམས་ལ་རང་གི་བུ་ཆོས་ཀྱི་དགའ་བ་དྲན་པའི་མོད་ལ་ཆོས་ཀྱི་དགའ་བའི་གླེན་ཉམས་ཀྱང་དྲན། 
   མི་རིང་བར་སྟོད་ལུངསྡེ་གཞོང་ལ“རྒྱམ་ཁོ་ཚང་ཉི་གློག་ཉོ་རུ་འགྲོ་གི་ཡོད”ཟེར་པའི་གཏམ་ཞིག་ཁྱབ། ཕྱུག་པོ་འགའ་དེར་མི་རློམ་ན་ཡང་དེ་ནི་དོན་ངོ་མ་ཞིག་རེད།
 ཉིན་འགའི་འཕྲོར། རྒྱམ་ཁོས་ཆོས་དགའ་ཁྲིད་ནས་དགའ་ལྡན་ཨ་ལགས་ཀྱི་མདུན་དུ་སོང་སྟེ་ཆོས་དགའ་མི་རིང་བར་ཉི་གློག་ཉོ་རུ་འགྲོ་རྒྱུ་ཡིན་པའི་སྐོར་ཞུས་ཏེ་ཕྱག་མོ་ཞིག་གཟིགས་རྒྱུ་མཁྱེན་ཞེས་ཞུས་པར་ཨ་ལགས་ཀྱིས“མོ་ཧང་ཅང་ཡག་པོ་འདུག ལམ་བར་དུ《བར་ཆད་ལམ་སེལ་མ》ཁ་ཏོན་བྱས་པས་ཆོག ཡུལ་ལྷ་གསོལ་མཆོད་བྱེད་པའི་ཐོག་ཆོས་སྐྱོང་ལ་སྙན་དར་ཞིག་སྒྲོན། མདུད་པ་འདི་ལུས་དང་མ་འབྲལ”ཅེས་གསུངས། རྒྱམ་ཁོས་དེ་ལྟར་ཚུལ་བཞིན་བྱས་ཏེ་ཆོས་དགའི་ལག་ཏུ་གོས་སེར་པོ་ཞིག་གི་ཁུད་དུ་བཅུག་པའི་སྒོར་མོ་བརྒྱ་ཤོག་བསྡམ་ཐོ་ཞིག་བཞག་སྟེ་ཆོས་དགའ་ལ“འདི་ངེད་ཚང་གི་ལོ་མང་ལ་བསགས་པའི་རྔུལ་ཆུ་ཡིན་པ་ངས་མ་བཤད་ན་ཡང་ཁྱོད་ཀྱིས་ཤེས་རྒྱུ་རེད། སོང་ལ་ཞེན་ཞེན་རྟགས་ཅན་དེ་ཉོས་ཤོག”ཟེར་ནས་བརྫངས། ཆོས་དགས་མིག་ཟུང་འཁྲེབ་བཞིན་སྒོར་མོ་དེ་ལག་ལ་བླངས་པའི་ཚེ་སེམས་ལ་འགན་ཁུར་གྱི་འདུ་ཤེས་ལྕི་མོ་ཞིག་སྐྱེས།
 ཉིན་འགའི་རྗེས་སུ་ཁོ་གཞི་ནས་ལམ་ལ་བུད། རླངས་འཁོར་གྱིས“ཏུའུ”སྒྲ་སྒྲོག་ཞོར་ལམ་ལ་ཆས། ཆོས་དགས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཡལ་ཡུལ་ངང་ཕྱི་ལ་བསྐྱུར་བའི་སྟོད་ལུང་སྡེ་བའི་རི་ཆུ་ལ་ལྟ་བཞིན་སེམས་ལ་སྟོང་ཆ་ཞིག་བྱུང༌། ཅང་མ་འགོར་བར་རླངས་འཁོར་དེ་དམག་ཐང་རྫོང་ལ་སོན། དམག་ཐང་རྫོང་ནི་སྟོད་ལུང་སྡེ་བའི་སྐྱེ་ཕོ་མོ་མེད་པར་ཉོ་ཚོང་དང་དགའ་སྐྱིད་རོལ་བར་འགྲོ་སའི་འབྲོག་རྫོང་ཞིག་ཡིན། ལན་རེར་འབྲོག་རྫོང་དེའི་སྲང་མདོར་འབྲོག་པ་རྒན་རྒོན་འགའ་སོས་དལ་དལ་གྱིས་ས་ལ་བསྡད་ཅིང་ལྷམ་ཕུད་ནས་ལྷམ་ཚང་ཕྱུང་སྟེ་སེད་ནས་ཉི་མར་སྐེམ་པ་མཐོང་ཐུབ་ལ། མཚན་མོ་དག་ཏུ་འཇེབ་འཁོར་བསྐོར་ནས་སྲང་དུ་ཟ་ཁང་ཆེན་མོར་ཟ་མ་ཟ་རུ་ཡོང་ནས་ཆང་གིས་བཟི་སྟེ་སྐྱུག་པའི་མགོ་ཁྲིད་རྣམས་ཀྱང་མཐོང་ཐུབ།
   རླངས་འཁོར་དེའི་ནང་དུ། འཆི་བའི་འཇིགས་སྐྲག་ཟློག་པར་ཙན་དན་ཕྲེང་བ་འདྲེན་པའི་དད་ལྡན་རྒན་རྒོན་དང༌། ཞེན་ཆགས་གང་ཞིག་ཝུ་ཆང་ལ་བརྟེན་ཏེ་བརྗེད་པར་འདོད་པའི་གཞོན་ནུ་ཕོ་མོ། གྲོང་ཆོག་དང་གྲོང་ཁྱེར་ལ་འགྲོ་བའི་བཙུན་པ་སྐྱ་ལྭ་ཅན་དང་གྲྭ་གོས་ཅན། ད་དུང་མ་རྩ་རྡུབ་པའི་ཚོང་བ་ཆུང་ཁག ཡུལ་མི་དང་ཕ་མའི་རེ་བ་ཁུར་ཏེ་རིག་གནས་སྦྱོང་བར་འགྲོ་བའི་སློབ་མ། ལས་ཁུངས་དང་མགོ་པས་མངགས་པའི་བྱ་མ་རྟ། སྨོན་ལམ་ཡག་པོ་ཞིག་བཏབས་ཏེ་གནས་སྤར་ནས་གཞན་ལ་སྤྲང་འདོད་པའི་མེད་པོ་ཆད་པོ་སོགས་འཚོ་བའི་གྲུ་ཟུར་མི་གཅིག་པ་རེ་ནས་སྐྱིད་སྡུག་གང་རུང་གི་དབང་དུ་གྱུར་བའི་རྒྱ་བོད་ཧོས་གསུམ་གཙོས་པའི་མི་མང་པོ་ཞིག་ཡོད། རླངས་འཁོར་དེ་དམག་ཐང་རྫོང་གི་ས་ཁོངས་ལས་བརྒལ་བ་དང༌། ཡུད་ཙམ་ནས་ཆོས་དགའ་གཉིད་ལ་གཡུར་སོང༌།
  སྐབས་ཅིག་ལ། རླངས་འཁོར་དེ་གློ་བུར་དུ་འཁོར་ལམ་དུ་རྡོ་ཆེན་པོ་ཡོད་པ་དེར་གཟུར་ཆེད་ཁུགས་སྐོར་ཞིག་བྱས་པས་ནང་གི་འགྲུལ་པ་ཚང་མ་ཧོབ་སྐད་དང་བཅས་ཕྱོགས་གཅིག་ལ་གཡུགས་སོང༌། ཆོས་དགའ་ཡང་དེ་བཞིན་དུ་གཡུགས་པས་ཁོ་གཉིད་ལས་དཀྲོགས། ད་ལྟ་ཁོས་རླངས་འཁོར་དེ་ས་གང་ཞིག་ལ་འགྲོ་བཞིན་པ་ཤེས་རྒྱུ་ཕར་ཞོག  ཐ་ན་ཤར་ལྷོ་ནུབ་བྱང་གི་ཁ་ཕྱོགས་ཀྱང་མ་ཤེས་པར་གྱུར། ཁོས་རྩིབ་ཀྱི་རྒྱ་མོ་སྐྲ་སེར་བོར་བཏང་བ་ཞིག་ཡོད་པ་དེར་རྒྱ་སྐད་ཀྱིས“འདི་ས་ཆ་གང་ཞིག་རེད”ཅེས་དྲིས།  རྒྱ་མོ་དེས་ཆོས་དགས་རྒྱ་སྐད་བཤད་པ་ཐོས་ནས་གདོང་ཡོངས་ལ་རྣམ་རིག་ཅིག་རྒྱས་ཏེ“ཁྱོད་ཀྱིས་རྒྱ་སྐད་ཧ་ཅང་དག  ཁྱོད་སློབ་མ་ཞིག་ཡིན་ནམ”ཅེས་དྲིས་པར་ཆོས་དགས“ངས་སློབ་ཆུང་བཏོན་མྱོང”ཟེར།
  “སྐར་གསར་རྫོང་དུ་འཐོན་ལ་ཉེ།” རྒྱ་མོ་དེ་ན་རེ། “ཁྱོད་གང་དུ་འགྲོ་བ་ཡིན།”
  ཆོས་དགས་སེམས་ལ་དོགས་པ་ཞིག་སྐྱེས་པས་ཅི་ཡང་མ་གོ་ཁུལ་བྱས་ཤིང་གཉིད་ཀྱིས་མནར་མདོག་བསྟན་ཏེ་མིག་བཙུམས་ནས་འདུག་སྟེགས་ལ་མགོ་བསྙེས། རྒྱ་མོ་གཞན་ཞིག་གིས་ཆོས་དགའི་འདུག་གྲོགས་ཀྱི་རྒྱ་མོ་དེར་སྐད་མགོ་དམའ་མོས“གསར་བུ་ཉམས་ཅན་ཞིག་རེད། ལོའུ་ཏེ་ཧྭ་ཡི་སྣ་ཚུགས་འདུག”ཟེར།
  ཅང་མ་འགོར་བར་རླངས་འཁོར་དེ་ སྐར་གསར་རྫོང་གི་རླངས་འཁོར་ས་ཚུགས་སུ་འབྱོར། ཁ་ལོ་པས་རླངས་འཁོར་ལས་འབབ་གྲབས་བྱེད་པའི་འགྲུལ་བ་ཚོར“རླངས་འཁོར་འདི་སང་ཉིན་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་གཏོང་རྒྱུ་ཡིན། གཙོས་གྲོང་ཁྱེར་ལ་འགྲོ་བའི་སྐུ་མགྲོན་ཚོ་ཆུ་ཚོད་དྲུག་གི་སྟེང་ས་ཚུགས་འདིར་འབྱོར་དགོས”ཞེས་གསལ་བཏབ།
  ཆོས་དགའ་ཡང་ཁ་ལོ་བའི་སྐད་ཆའི་ནང་གི་འགྲུལ་བ་ཞིག་ཡིན་པས་སེམས་ལ་ས་ཚུགས་འདིའི་ར་སྐོར་ནང་གི་མགྲོན་ཁང་ཞིག་ཏུ་འདུག་བསམས་ནས་རླངས་འཁོར་ལས་བབས། རླངས་འཁོར་བགགས་སའི་དྲང་ཐད་དུ་ཡོད་པའི་ཁང་ལེབ་སྒེའུ་ཁུང་ཕྱེས་པ་ཞིག་གི་མདུན་དུ་འགྲུལ་པ་འགས་མགྲོན་ཁང་དུ་འདུག་པར་མིང་ཐོ་འགོད་ཀྱིན་ཡོད་ལ། ལས་གཉེར་བ་ཨ་ཡེ་ཤ་རྒྱགས་པ་དེས་ལག་ལ་ལྡེ་མིག་རྒྱུན་སྐོར་ཞིག་བཟུང་ནས་སྐད་གསེང་མཐོན་པོས“དལ་མོ་བྱས་ཏེ་མིང་ཐོ་ཁོད། དེ་རིང་མགྲོན་ཁང་ལ་འདུག་མཁན་མང་པོ་མེད། མགྲོན་ཁང་མི་ཐེམས་པའི་ཕྱོགས་ལ་བྲེད་མི་དགོས”ཟེར་བཞིན་ཡོད། ཆོས་དགའ་དེར་སོང་ནས་མིང་ཐོ་འགོད་བསམས་དུས་རླངས་འཁོར་ནང་གི་ཆོས་དགའི་འདུག་གྲོགས་རྒྱ་མོ་དེ་རྒྱ་མོ་གཞན་ཞིག་དང་འགྲོགས་ནས་ཁོའི་གན་དུ་ཡོང་སྟེ་འཛུམ་ཙམ་བྱས་ནས་ན་རེ། “ང་དམག་ཐང་གི་གླ་མོ་ཞིག་ཡིན། ད་ལྟ་ང་འབྲོག་པ་ཚོར་འདྲེས་ཆེ་བས་གཙང་བཙོག་མེད། ད་ཐེངས་སྐར་གསར་རྫོང་དུ་གླ་ཁང་མིང་ཆེན་ཞིག་ཏུ་ཞུགས་འདོད་པ་ཡིན།”
   ཆོས་དགས་དེ་སྔ་གླ་མོ་ནི་རང་གིས་ལུས་བཙོངས་ནས་སྒོར་མོ་འཚོལ་བའི་མིའི་རིགས་ཤིག་སྟེ། དིང་གི་ཆར་བོད་མོ་གླ་མོ་ཡང་ཡོད་ལ་རྒྱ་མོ་གླ་མོ་ཚོ་དང་བསྡུར་ན་བོད་མོ་གླ་མོ་ཚོར་སྒོར་བཅའ་བཅུ་དང་སྐབས་རེར་ཧོས་ཐུག་ཅ་ནེ་གང་རེ་བླུད་པས་ཆོག་ཟེར་བ་ཞིག་གོ་ཐོས་བྱུང་བ་ལས་གླ་མོ་ཚོས་གོང་ལྟར་སྐད་ཆ་དྲང་མོ་ཞིག་བཤད་པ་ཞིག་གཏན་ནས་གོ་མ་མྱོང་བས་ཁོ་རེ་ཞིག་ཧ་ལས་པར་གྱུར།
  “ངས་ངོ་མ་བཤད་པ་ཡིན།” རྒྱ་མོ་དེ་མུ་མཐུད་དུ་ན་རེ། “འདས་པའི་ལོ་ལྔའི་རིང་དུ། ངས་འབྲོག་རྫོང་ནས་ཁྱོད་ལྟ་བུའི་བོད་གྱི་གསར་བུ་སྐྱེ་ཡག་ཅིག་རིག་མ་མྱོང༌།”
   ཆོས་དགའི་སེམས་ལ་ཁོ་མོས་སྒོར་མོ་བསམས་ནས་ང་ཚིག་གིས་འབྲིད་པ་རེད་སྙམ་ནས་སེམས་ལ་སྐྱུག་བྲོ་བའི་སྣང་བ་ཞིག་སྐྱེས་ཏེ་འགྲོ་རྩིས་བྱས་པར་རྒྱ་མོ་དེ་ཁོའི་ཉེ་སར་བཅར་ནས“ང་ཁྱོད་ལ་དགའ། ཁྱོད་ཀྱི་མདུན་དུ། སྒོར་མོ་ནི་དངོས་པོ་གཞན་ཞིག་རེད། ངས་བཤད་འདོད་པ་ནི……དོ་དགོང་འུ་གཉིས་ཉལ། ང་ལ་སྒོར་མོ་མི་དགོས”ཟེར། 
   ཆོས་དགས་རྒྱ་མོ་དེའི་སྐད་ཆ་གཅིག་པོ་མིན་པར་ཁོ་མོའི་སུ་ལའང་གསང་ཐབས་བྲལ་པའི་མིག་འོད་དེ་མཐོང་ནས་དེ་སྒོར་མའི་སྐད་ཆ་མིན་པ་ཤེས་ཏེ་རང་ཉིད་འབྲོ་ཐབས་ཀྱི་ཕྱོགས་ལ་བསམ་གཞིག་བཏང༌།
  བར་སྐབས་ཅིག་ནས་ཁོས“ང་གྲྭ་པ་ཞིག་ཡིན”ཅེས་བཤད།
  རྒྱ་མོ་དེས་ཉམས་སྣང་མེད་པར་བཤད་རྒྱུར། “དེར་ཅི་སྐྱོན། བོད་ཀྱི་གྲྭ་བ་མང་པོ་ཞིག་གིས་ནུབ་དུས་གྲྭ་ལ་ཕུད་དེ་ང་གླས་པ་དང། ཉིན་མོ་སླར་ཡང་གྲྭ་གོས་གོན་ཏེ་ཧ་ཅང་ཡིན་སྣང་གིས་འགྲོ ཁོ་ཚོས་དེ་དེང་རབས་ཅན་གྱི་གྲྭ་པའི་འགྲོ་ཚུལ་ཡིན་ཟེར།”
  སྐད་ཆ་དེས་ཆོས་དགའ་ཅི་བཤད་འདི་བཤད་མེད་པ་ཞིག་ཏུ་བསྒྱུར། ཁོས་ད་ནི་དྲག་པོའི་ཐབས་ལ་བརྟེན་དགོས་སོང་སྙམ་ནས“འོན་ཀྱང་ང་གྲྭ་པ་རྣམ་དག་ཅིག་ཡིན། ཁྱེད་ཀྱིས་ཚོད་བཟུང་ན་དགའ”ཟེར་ནས་སོང༌།
   རྒྱ་མོ་དེས་ལྟག་རྒྱབ་ནས་ངུ་ལྷབ་ལྟ་བུ་ཞིག་བྱེད་ཞོར“ངའི་ལས་འདི་ངོ་མ་བཙོག རང་ཉིད་དགའ་སའི་གསར་བུ་ཞིག་ལ་སེམས་གཏམ་བཤད་ཀྱང་མི་རློམ”ཟེར།
   ཆོས་དགས་སྒོར་མོ་བཅུ་ཅན་གྱི་མགྲོན་ཁང་ཞིག་ལ་མིང་ཐོ་བཀོད། མགྲོན་ཁང་དེ་གོང་སླ་བའི་ཚོད་ཀྱིས་རྣར་འགྲོ་ཞིག་འདུག་སྟེ། དམག་ཐང་རྫོང་གི་སྒོར་མོ་ཉི་ཤུ་ཅན་གྱི་མགྲོན་ཁང་གི་ཉལ་ཐུལ་གྱི་ནང་དུ་ཡང་རྒྱ་མི་རིགས་ཀྱིས“བོད་ཤིག”ཟེར་བའི་ཤིག་ནག་པོ་ཆེན་པོ་དག་གིས་སུ་མགྱོགས་བྱེད་པ་ཉིན་དཀར་ཡང་མཐོང་རྒྱུ་ཡོད་མོད། འོན་ཀྱང་ས་འདིའི་མགྲོན་ཁང་ནི་དེ་འདྲ་ཞིག་གཏན་ནས་མ་ཡིན་པར་ཉལ་ཐུལ་བལྟབས་པ་དེ་འདྲ་གྲུ་བཞི་ཞིག་དང༌། ཁང་ནང་གད་བདར་བྱས་པ་དེ་འདྲ་གྲ་དག་ཅིག་ཏུ་འདུག་པས་ཆོས་དགའི་སེམས་ལ་སྨྲ་མི་ཤེས་པའི་བདེ་བ་ཞིག་ཐོབ།
  ཁོས་ཁ་ལག་ཅིག་བཀྲུས་ཏེ་མདུན་ཅོག་སྟེང་དུ་ཡོད་པའི་ཚོན་ལྡན་བརྙན་འཕྲིན་དེའི་གློག་སྒོ་ཕྱེས་ཀྱང་ཀྲུང་དབྱང་གློག་བརྙན་ཁང་གིས་ཕྱི་རྒྱལ་གྱི་གློག་བརྙན་རྙིང་བ་ཞིག་བསྐྱར་གཏོང་བྱེད་བཞིན་ཡོད་པས་ཆོས་དགས་དེར་ལྟ་མ་འདོད་པར་གློག་སྒོ་གཏན་ནས་ཕྱི་ལ་ཟ་མ་ཟ་རུ་སོང༌། དེ་འདྲ་གཙང་རྒྱུ་མེད་པའི་སྲང་དུ་འབྲོག་པ་རྒན་པོ་རེས་ཏ་ལེན་རེ་ཕྲག་པར་ཁུར་ནས་སྲང་ལ་ཉུལ་བཞིན་ཡོད། ཁོ་ཚོས་ཁ་བརྡ་བྱེད་པའི་སྐད་མགོ་ཧ་ཅང་མཐོ་ལ་ལན་རེར་ཧབ་ཆ་རྒྱག ཆོས་དགས་ཁོ་ཚོ་མཐོང་སྟེ་སེམས་ལ་རང་ཉིད་ནི་ཀི་བྱེད་བསམས་དུས་ཀི་བྱེད་པ་དང༌། གླུ་ལེན་བསམས་དུས་གླུ་བླང་ཆོག་པའི་རང་རྫོང་དམག་ཐང་དུ་ཡོད་པའི་སྣང་བ་ཞིག་སྐྱེས་ནས་ཕོ་ལོ་ཉི་ཤུའི་རིང་མིང་ཐོས་པ་ཙམ་ལས་དོན་དུ་ཐེངས་གཅིག་ལའང་ཤར་ཡོང་ཞིག་བྱེད་མ་མྱོང་བའི་སྐར་གསར་རྫོང་དེ་འདྲ་ཆ་ཡོད་ཅིག་དང་དེ་འདྲ་ཐག་ཉེ་ཞིག་ཏུ་གྱུར།
  ཕལ་ཆེར་ས་རུབ་ལ་ཉེ། ཆོས་དགས་མདུན་ཕྱོགས་སུ་ཡོད་པའི་ཧོས་ཧོས་ཟ་ཁང་དེར་སོང་ནས་མཐེབ་ཐུག་ཅ་ནེ་གང་འཐུང་བསམས་ནས་སོང་ཚེ་གློ་བུར་དུ་ཡིད་ལ་དམག་ཐང་གི་ཧོས་ཧོས་ཚོའི་ཟ་ཁང་གི་ཕྱེ་ཐུག་ནང་དུ་མི་སོ་ཞིག་བུད་པའི་དོན་དངོས་དེ་དྲན་ནས་དེའི་མུར་གོམ་ཁ་རྒྱ་ཏག་ཏག་ཅིག་གི་ཟ་ཁང་དུ་བསྒྱུར། ཁོས་ཕྱག་བདེ་ལ་རྒྱ་ཐུག་ཅ་ནེ་གང་ཞུས་ཏེ་ཟ་ཁང་གི་ནང་སྒོའི་གྲུ་ཟུར་ཞིག་ཏུ་བསྡད་པར་ཕྱག་བདེ་བུ་མོ་ཆུང་ཆུང་དེས་ཆོས་དགའི་མདུན་དུ་
ཇ་ཕོར་ཆུང་ཆུང་ཞིག་བཞག་སྟེ“ཆུ་རྒོད་ཡིན་ནམ་ཇ་ཡིན”ཅེས་དྲིས།
   ཆོས་རྗེས་ཇ་བདམས་པར་ཕྱག་བདེས“ཐུག་པ་མི་རིང་བར་ཁྱེར་ཡོང”ཞེས་ཇ་གང་དྲངས་ཏེ་ཇ་དེམ་ཟ་ཅོག་དེའི་སྟེང་དུ་བཞག་པ་དེས་ཇ་ཚར་དུས་ཁྱོད་རང་གིས་རང་ལ་ཇ་བླུག་ཟེར་བ་དང་མཚུངས།
  ཆོས་དགས་ཆང་མི་འཐུང་ལ་ཤོག་དུད་ཡང་མི་འཐེན་པས་ལག་པ་གཉིས་སྣོལ་ཙམ་རེ་བྱེད་པ་ལས་ཅང་ལས་རྒྱུ་མེད་མོད། ཟ་ཁང་དེའི་ཤེལ་གྱི་སྒོ་ལས་ཕར་སྲང་ལ་བལྟས་པ་ན། སྲོད་ཁའི་མཚམས་སྤྲིན་གྱི་མདངས་ལྟ་བུའི་གློག་འོད་ཀྱི་ངོགས་སུ་སློབ་མ་ལོས་ཡིན་འདོད་པའི་གཞོན་ནུ་ལུས་ལ་གོན་པ་གྲ་དག་བགོས་པ་ཞིག་མགྱོགས་འགྲོ་བྱེད་པ་མཐོང༌། དེས་ཁོ་ལ་རང་གི་ཡིད་དུ་འོང་བའི་བྱིས་དུས་དྲན་པར་བྱས།

 ཆུང་དུས། ཆོས་དགའ་ཡང་རང་གི་ཁ་ཡ་ན་ཟླ་གཞན་དག་དང་འདྲ་བར་དགེ་རྒན་གྱི་མདུན་དུ་རིག་པ་སུས་རྣོ་འགྲན་རྒྱུར་དགའ་བའི་བྱིས་པ་གཅང་པོ་ཞིག་ཡིན་ལ་ཐེངས་མང་པོར་སློབ་སྦྱོང་ཐད་བྱ་དགའ་རབ་དང་རིམ་པ་བླངས་པས་དགེ་སློབ་ཀུན་གྱིས“འདི་རང་གའི་བྱིས་པ་ཞིག་མ་རེད”ཟེར་ནས་ཡར་བཤད་མར་བཤད་བྱས་མཐར་དད་པ་བྱེད་ས་ཞིག་ཏུ་གྱུར། སློབ་ཆུང་མཐར་ཕྱིན་ནས་སློབ་འབྲིང་ལ་འཕར་བའི་ལོ་དེའི་དབྱར་གཞོང་དེར་བྱང་ཕྱོགས་ནས་སྟོད་ལུང་སྡེ་བར་མར་བསོད་དུ་ཕེབས་པའི་ཨ་ལགས་ཤིག་གིས་རྒྱམ་ཁོ་ཚང་ནས་ཆོས་དགའ་མཐོང་སྟེ“འདི……བྱིས་པ་འདི་བདག་གྱིས”ཟེར་ནས་གོས་མདུད་ཁ་ཞེང་ཅན་ཞིག་གནངས་པར་བརྟེན་རྒྱམ་ཁོས“སློབ་གྲྭར་སོང་ནས་ཅི་བྱེད། ཨ་ལགས་ཐུགས་རྗེ་ཅན་དེར་སྒུགས་དང”ཟེར་བས་ཁོ་སློབ་འབྲིང་ལ་ཞུགས་མ་ཐུབ། རྗེས་སུ་རྒྱམ་ཁོས་ཨ་ལགས་དེར་བསྒུགས་བསྒུགས་ན་ཡང་གནས་ཚུལ་ཅི་ཡང་མ་བྱུང་བས་རིམ་བཞིན་སྡེ་བའི་ནང་གི་རྒད་པོ་ཀུ་རེ་བྱེད་པར་དགའ་བ་འགས་རྒྱམ་ཁོ་ལ“ཁྱེད་ཚང་གི་སྤྲུལ་སྐུ་ནམ་ཁྲི་ཐོག་ལ་འབུད་རྒྱུ”ཟེར་བདང་དེ་ནས་གདོང་ལ་ནན་ཏན་གྱི་མདངས་ཤིག་རྒྱས་ཏེ“ཨོཾ་བཛ་སྭ་ཏྭ་ཧཱ”ཞེས་ཉེས་པ་བཤགས།
     རྒྱམ་ཁོ་ཉིན་མཚན་གང་ལ་གཉིད་དུ་ཡུར་བའི་ཚེ་ཁོས་ཆོས་དགའ་མར་བསོད་ཨ་ལགས་དེས་ངོས་འཛིན་བྱས་ཏེ་གསེར་གྱི་ཁྲི་ཐོག་ཏུ་བཞུགས་ཡོད་པ་དང་ཁོ་དང་ཁོའི་ཆུང་མ་གཉིས་གོས་ཚར་དཀར་སུག་གེ་ཞིག་གི་ནང་དུ་འཛུམ་ཆུང་རེ་མངོན་བཞིན་ཡོད་ཅིང་སྟོད་ལུང་སྡེ་བའི་རྒན་གཞོན་ཀུན་གྱིས་ཁོ་གཉིས་ཀྱི་རྩིབ་གཡས་གཡོན་ནས་གཉའ་ཞུམ་ཞུམ་གྱིས“ཡབ་ཡུམ་གཉིས་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག”ཟེར་བཞིན་ཡོད་པའི་རྨི་ལམ་ཞིག་རྒྱུན་དུ་རྨི་བ་རེད། སྐབས་རེར་གཉིད་ལམ་ནས་ཚིག་འབྲུ་དག་ཅིང་གསལ་བའི་སྒོ་ནས“ཨ་ཡ། འབུལ་བ་འདི་འདྲ་ཞིག་་མང་སོང”ཞེས་གཉིད་བཤད་བྱེད་པའང་ཡོད།
    ཆོས་དགས་འདང་རྒྱག་བཞིན་མཚམས་དེར་ཐོན་དུས་ཕོ་བ་ལྷག་ཏུ་ལྟོགས་སྣང་ཞིག་སྐྱེས་པས་མུ་མཐུད་དུ་ཕྱིར་དྲན་བྱེད་མ་ཐུབ། སྐབས་དེ་ཏག་ཏག་ལ་ཕྱག་བདེ་བུ་མོ་དེས་རྒྱ་ཐུག་རླངས་པ་ཐོལ་ལེར་ཁོའི་མདུན་དུ་བཞག་བྱུང་བས་ཆོས་དགས་རང་དབང་མེད་པར་མཆིལ་མིད་ཅིག་མ་བྱས་ཐབས་མེད་བྱུང༌།
    ཁོས་རྒྱ་ཐུག་འཐུང་རྗེས་ཕྱག་བདེ་ལ་ཟ་རིན་བྱིན་པར་མོས“བདེ་མོ་གྱིས། ལམ་ནས་སེམས་ཆུང་གྱིས”ཟེར།
ཆོས་དགས་དེ་ནི་ཟ་ཁང་གི་ཕྱག་བདེ་ཚང་མས་རང་གི་ཟ་ཁང་དུ་ཡོང་ནས་ཟ་མ་ཟོས་པའི་མགྲོན་པོ་ཚོ་འགྲོ་ཁར་རྗོད་པའི་སྐད་ཆ་ཞིག་ཡིན་ལ་དེའི་དོན་ནི་རྗེས་མར་སླར་ཡང་ཟ་ཁང་འདིར་ཡོང་བར་དགའ་བསུ་ཞུ་ཞེས་པ་ཡིན་པའི་བསམ་ཚུལ་ལྟར་ལན་དུ“ཨོ་ཡ། ང་ཡིན”ཟེར་ནས་ཟ་ཁང་དང་བྲལ། ཕྱིར་མགྲོན་ཁང་ལ་ལོག་པའི་ལམ་དུ་ཆོས་དགས་མུ་མཐུད་དུ་ད་ཅི་ལྟོགས་པས་མཚམས་བཅད་པའི་ཕྱིར་དྲན་ཁ་གསབ།
  ཆོས་དགའ་སློབ་གྲྭར་འགྲིམ་མ་ཐུབ་པ་ནས་ད་ཐུག་བར་ཁོའི་ཡིད་ནས་སྐད་ཅིག་ལ་བརྗེད་ཐབས་མེད་པ་ནི་ཨ་ཕ་རྒྱམ་ཁོས་རྒྱུན་པར་མཆོད་ཁྲིའི་མདུན་དུ་ཕྱག་གང་མང་བཙལ་ཏེ“མར་བསོད་ཨ་ལགས་མྱུར་དུ་ཕེབས་པར་ཐུགས་རྗེས་གཟིགས”ཞེས་སྐྱབས་འཇུག་ཞུ་བ་དང་དེ་ནས་གན་རྐྱལ་དུ་ཉལ་ཏེ་འདང་རྒྱག་ཏུ་ལྷུང་ནས་འདུག་པའི་ངང་ཚུལ་དེ་རེད། ཁོས་དབུགས་ནར་ཞིག་ཕྱུང་བ་དང༌། ཨ་ཕས་མར་བསོད་ཨ་ལགས་ལ་རེ་སྒུག་བྱེད་པའི་སྐབས་ཀྱི་སེམས་ལ་ཅི་དྲན་འདི་དྲན་མེད་ཅིང༌། ཡོད་ཚད་འཇིགས་སྐྲག་དང་གསང་བ་ཞིག་རེད་སྙམ་པའི་ཁྲོད་མགོ་བོ་ཡོངས་སུ་འཐོམས་པར་གྱུར་བའི་རང་གི་གླེན་ཚུགས་དེ་དྲན་ནས་གདོང་ཡོངས་ཚ་ལེམ་མེར་གྱུར་སོང༌། དེའི་ཚེ། རླངས་འཁོར་ཞིག་གིས“ཏུའུ་ཏུའུ_______”ཞེས་བསྟུད་མར་བསྒྲགས་པ་ཐོས་པས་ཆོས་དགས་ད་གདོད་རང་ཉིད་གོ་མེད་ཚོར་མེད་ངང་རླངས་འཁོར་ས་ཚུགས་དེར་ཐོན་འདུག་པ་ཤེས། མགྲོན་ཁང་གི་སྒོ་ནང་ལ་འཛུལ་སྐབས་ཁོས་རྒྱ་མོ་གླ་མོ་དེ་ཡིད་ལ་ཤར་བ་དང་ཁོ་མོའི་འཛེམ་བག་དང་ཐོགས་རེག་བྲལ་བའི་སྐད་ཆ་དག་དྲན་ནས་སེམས་ལ་ཅི་ཡིན་འདི་ཡིན་མིན་པའི་ཉམས་སྣང་ཞིག་སྐྱེས།
   “ཕྱིར་ཐོན་བྱུང་ངམ།” མགྲོན་ཁང་ལས་གཉེར་མ་ན་རེ། “ཁྱོད་ཟི་ལིང་དུ་ཉི་གློག་ཉོ་རུ་འགྲོ་བ་ཨེ་ཡིན།”
   ཆོས་དགས་ཁ་ནས“ཡིན”ཤོར་སོང༌།
  “འོ་རེད་ཡ། དེང་སང་འབྲོག་ཁུལ་དུ་ཉི་གློག་ཧ་ཁང་དར་ཁྱབ་ཆེ། ཟི་ལིང་ལ་ཉི་གློག་ཉོ་རུ་འགྲོ་རྒྱུ་ཡིན་ཟེར་པའི་མགྲོན་པོ་མང་པོ་ཞིག་ངའི་མགྲོན་ཁང་འདི་ནས་བསྡད་མྱོང༌།”
  མོས་མདུན་ཅོག་སྟེང་གི་ལྡེ་མིག་རྒྱུན་སྐོར་དེ་བླངས་ནས“ད་ཉལ་ཁང་དུ་འགྲོ་རྒྱུ་ཡིན་ནམ”ཅེས་དྲིས།
  ཆོས་དགས་ཡིན་པའི་བརྡ་རུ་མགོ་ལྡེམ་ལྡེམ་བྱས་པར་ཁོ་མོས་ཆོས་དགའ་ལ་མགྲོན་ཁང་གི་སྒོ་ཕྱེས་ནས་བུད་སོང༌།
སྐབས་དེར་ཁོའི་ཉལ་ཁང་གི་མདུན་ཐད་ཀྱི་ཉལ་ཁང་དེ་ལས་རྒྱ་མོ་ཞིག་གིས་སྐད་ཕྲ་ཞིང་མཐོན་པོས“ཁྱོད་ཐོན་བྱུང་ངམ”ཟེར།
  ཁོའིསེམས་ལ་འཇིགས་ཡེར་བ་ཞིག་བྱུང་བ་དང་ཁ་ཕྱིར་འཁོར་ནས་བལྟས་ཚེ་དེ་ནི་རྒྱ་མོ་གླ་མོ་དེ་ཡིན་པ་ཤེས། ཁོའི་མགོ་ནང་རེ་ཞིག་ཟང་ཟིང་དུ་གྱུར།
  རྒྱ་མོ་དེས“ང་གཅིག་པུ་ཡིན”ཅེས་བཤད།
  ཆོས་དགའི་སེམས་སུ“ད་འདིས་ང་འདུག་ཏུ་གཞུག་རྒྱུ་མ་རེད”སྙམ་སྟེ་རྒྱ་མོ་ལ་སྐད་ཆ་མ་བསློགས་པའི་ཁར་སྡང་མིག་འཇིགས་པོ་ཞིག་བགྲད་ནས་རང་གི་མགྲོན་ཁང་ནང་དུ་འཛུལ་བར་རྒྱ་མོ་དེ་ཡང་ཁོའི་ཕྱི་བཞིན་འབྲངས་ནས་ནང་དུ་ཐོན། མོ་ཆོས་དགའི་ཉལ་ཁྲི་སྟེང་དུ་བསྡད་དེ་ཅི་ཞིག་བཤད་རྩིས་བྱེད་སྐབས་ཆོས་དགས“ངས་ཁྱོད་ལ་རེ་བ་ཞུ། ཁྱོད་རང་གི་ཉལ་སར་སོང”ཞེས་བཤད།
  “ཧེ་ཧེ_____”  མོས“ངས་ཁྱོད་གྲྭ་པ་ཞིག་ཨེ་ཡིན་བལྟ་དགོས”ཞེས་བཤད།
   ཆོས་དགས་བོད་སྐད་ཀྱིས“ཨ་ཡོ། ད་ངས་ཅི་བྱ”ཟེར་ནས་གདོང་ལ་སུན་སྣང་ཞིག་ཤར་བར་མོ་སིང་སིང་བགད་བྱུང༌།
   ཁོས་བོད་སྐད་ཀྱིས“ཁྱོད་བོད་ཅིག་རེད”ཅེས་ངག་ནས་ཤོར།
   མོས་དགོད་མཚམས་བཞག་སྟེ་རྒྱ་སྐད་ཀྱིས“ང་བོད་ལ་དགའ་བའི་རྒྱ་མོ་ཞིག་ཡིན”ཟེར།
   “ཁྱོད་ཀྱིས་ང་ལ་རྫུན་འཆད་ཀྱིན་འདུག”
   “མིན། དེ་འདྲ་མི་ཕེར།”མོས“ང་རྫུན་འཆད་མཁན་ཞིག་ཡིན་ན་ངས་རང་ཉིད་ནི་ལུས་བཙོངས་ནས་འཚོ་བ་ངན་ངོན་རོལ་མཁན་ཞིག་ཡིན་པ་ཁྱོད་ལ་ཆུ་བཞུར་བཞུར་བྱས་ནས་བཤད་མི་སྲིད། དེ་ཨེ་རེད”ཅེས་བཤད།
  “དེ་རེད།” ཆོས་དགའི་ཀླད་པས་དེའི་མུར་ལན་བྱིན་ཡང་ཁོའི་ངག་སྒོ་ལས་དེ་ལྟར་མ་ཐལ། ད་ལྟ་རྒྱ་མོ་དེའི་མིག་མདུན་གྱི་ཆོས་དགའི་ཀླད་པ་ནི་རིམ་བཞིན་སྟོང་ཆ་ཞིག་ཏུ་གྱུར་སོང༌།
 རྒྱ་མོ་དེ་ཀེར་རེར་འགྲེང་བའི་ཆོས་དགའི་མདུན་ཐད་དུ་ཡར་ལངས་ཤིང་མིག་ཟུང་ནི་རི་མོར་བྲིས་པ་བཞིན་དུ་ཆོས་དགའ་ལ་ཅེར་ཏེ“ཁྱོད་མ་སྐྲག་དང༌། ང་གཞན་ལ་གནོད་སྐྱེལ་པའི་འཕོང་འདྲེ་མ་ཞིག་མིན།“ངས་ཁྱོད་དང་ཁ་བརྡ་བྱ་འདོད། ཆོག་གམ”ཞེས་དྲིས།
  ཆོས་དགའ་ཕར་རང་གི་ཉལ་ཁྲིའི་སྟེང་དུ་བསྡད་པར་རྒྱ་མོ་དེ་ཡང་ཁོའི་འགྲམ་དུ་བསྡད།
  རྒྱ་མོས་གླེང་བསླང་རྒྱུར། “ཁྱེད་ཀྱི་མིག་མདངས་ལ་བལྟས་ན། ཁྱོད་ཅི་ཞིག་ལ་སྐྲག་བཞིན་པ་འདྲ།” 
  ཆོས་དགས་དེའི་མུར་ཁོ་མོར་གཅིག་བལྟས་ཏེ“ང་ཁྱོད་ལ་སྐྲག”ཟེར།
 “ང་སྐྲག་ས་ཞིག་མིན། ང་གླ་མོ་ཞིག་གིས་ཁྱེད་ལ་ཅི་ཞིག་བྱ་ཐུབ།”
  ཁོས་སླར་ཡང་མོར་གཅིག་བལྟས་ཏེ“ཁྱོད་གླ་མོ་ཞིག་མ་རེད”ཅེས་བཤད།
 “ཧུ་ཧུ ____” མོས“ང་གླ་མོར་མ་འགྱུར་གོང༌། ང་ཡང་དཔེ་ཆ་ལ་དགའ་བའི་སློབ་མ་ཞིག་ཡིན། འོན་ཀྱང་ངས་དཔེ་ཆར་ལྟ་ཚུལ་དེར་སློབ་གྲྭའི་དགེ་རྒན་དང་ངའི་ཕ་མ་ཚང་མས་མགྲིན་དབྱངས་གཅིག་གིས‘རྒྱུག་མི་འཕྲོད་པའི་སློབ་མ་ཞིག་ཡོད་དམ’ཟེར་ནས་དགག་པ་ཡང་ཡང་བརྒྱབས་མཐར་ཨ་ཕས་ངའི་སློབ་སྐལ་བཅད་དེ་ཁོའི་རེ་བ་བཞིན་ང་གླ་མོ་བྱེད་དུ་བརྫངས།ངའི་ཨ་ཕའི་རང་ཤེད་ཐལ་ཆེ་སོང”ཞེས་བཤད།
  སྐབས་དེར་ཆོས་དགའི་སེམས་ལ་དེང་སང་སློབ་གྲྭ་ཆེན་མོ་དག་ཏུ་བུ་མོ་འགའ་རེ་བཙན་གཡེམ་དུ་ཐེབས་པའི་གནས་ཚུལ་གོ་ཐོས་བྱུང་བ་དྲན་ནས་ལན་མེད་དུ་ལུས།
 མོས་མུ་མཐུད་དུ“ང་ངོ་མ་དཔེ་ཆ་ལ་དགའ། འཇིག་རྟེན་འདིའི་སྟེང་དུ་ནམ་ཡང་བཀུར་འོས་པའི་མི་རྣམས་ནི་འཇིག་རྟེན་འདིར་བདེན་པའི་འོད་སྣང་འདྲེན་སླད་སྨྱུ་གུའི་ཁྲོད་དུ་ཚེ་སྲོག་ཐིམ་པའི་རླབས་ཆེན་གྱི་རྩོམ་མཁན་དེ་དག་རེད། འོན་ཀྱང་བློ་ཁ་དུག་ཆུས་བསྒྱུར་བའི་མི་རྣམས་ནི་ནམ་ཡང་རྨོངས་པའི་གཉིད་ལས་སད་མི་སྲིད། ཁོ་ཚོས་རླབས་ཆེན་གྱི་དཔའ་བོ་དཔའ་མོ་དེ་དག་ནམ་ཡང་མཐོང་མི་སྲིད། འདི་ནི་འཇིག་རྟེན་གྱི་སྐྱོ་གར་ཆེན་པོ་ཞིག་
རེད”ཅེས་བརྣན།
  ད་ལྟ་ཆོས་དགའི་མིག་མདུན་གྱི་རྒྱ་མོ་དེ་ནི་དེ་འདྲ་སྙིང་ཉེ། དེ་འདྲ་མཛེས་སྡུག དེ་འདྲ་ཉམ་ཆུང་ཞིག་ཏུ་གྱུར།
  ཆོས་དགས་ཁོ་མོའི་ནང་སེམས་གྱི་འགྱུར་བ་གསལ་བའི་མིག་ཟུང་ཟབ་མོ་དེ་དང་དྭངས་ཤིང་གཞོན་ཤ་ཆགས་པའི་ཤ་མདངས་དེ་མཐོང་ནས“ཁྱོད་གླ་མོ……ཁྱོད་དེ་རིགས་ཀྱི་བུད་མེད་ཅིག་གཏན་ནས་མ་རེད”ཟེར།
 “ང་དཔེ་ཆ་ལ་དགའ་བའི་གླ་མོ་ཞིག་ཡིན། དཔེ་ཆས་ང་ལ་ས་སྟེང་འདིར་འཚོ་བའི་ཚེ་སྲོག་གནང་བ་ཡིན། དེ་འདྲ་མིན་ཚེ་ང་གནའ་སྔ་མོ་ཞིག་ནས་འཇིག་རྟེན་ཡོད་མི་སྲིད།”
  ཆོས་དགས་ཁོ་མོར་ལན་ཅི་སློག་འདི་སློག་མེད་པར་འདང་རྒྱག་ཅིག་ལ་ལྷུང་བའི་ཚེ། ཁོ་མོས་ངུ་ཤུམས་བརྒྱབས་པའི་སྒྲ་གསལ་བོར་ཐོས།  ཁོས“ཁྱོད་ཀྱིས་ཨ་ཕས་ག་རེ་ཁྱེད་ལ་འདི་འདྲ་བྱེད་དུ་བཅུག་པ་རེད”ཅེས་དྲིས།
 “ངའི་ཨ་ཕའི་ཀླད་པ་ཧྲིལ་པོ་དབང་ཤེད་དང་སྒོར་མོས་གང་ཡོད། ཁོ་དང་ཁོ་འདྲ་བའི་མི་མང་པོ་མང་པོ་ཞིག་གི་མདུན་དུ་བདེན་པ་དང་བརྩེ་དུངས་ནི་ཇི་འདྲའི་ཉམ་ཆུང་ཨང༌། ……ང་ཨ་ཕ་ལ་སྡང༌། ཕ་མས་ང་ལ་ཚེ་སྲོག་གནང་བ་བདེན་ཡང༌། ཨ་ཕས་ངའི་མི་ཚེ་ལ་དབང་སྒྱུར་བྱ་མི་འོས།”
 དེའི་ཚེ་ཆོས་དགས་ཀྱང་ཕ་རྒྱམ་ཁོས་མར་བསོད་ཨ་ལགས་ལ་རེ་སྒུག་བྱེད་པའི་ཁྲོད་སློབ་གྲྭ་ཤོར་བའི་ཚུལ་དང་རང་ཉིད་ཤི་བ་འདྲ་བའི་གླེན་ཚུགས་དེ་ཡང་དྲན་ནས་ཡིད་འགུལ་ཟབ་ཅིང་ཟབ་པ་ཞིག་ཐེབས་པའི་མོད་ལ་གློ་བུར་དུ་ཡར་ལངས་ཏེ“ཁྱོད་གླ་མོ་ཞིག་མ་རེད། ཁྱོད་ཀྱིས་ང་ལ་རྫུན་འཆད་ཀྱིན་འདུག”ཟེར།
  “ང་ངེས་པ་དོན་གྱིས་གླ་མོ་ཞིག་ཡིན། ངས་ཁྱོད་གླ་མོ་ཞིག་ལ་མི་དགའ་བ་ཤེས།”
   ཁོ་མོ་ལྷུག་ལྷུག་ངུས།
   རིམ་བཞིན་ཆོས་དགའི་རྩ་ཁམས་ཀྱང་སྐྱོ་བས་སྦྲིད་པར་གྱུར། རྒྱ་མོ་དེས་ངུ་མཚམས་བཞག་སྟེ་ཉལ་ཁྲི་ལས་ཚུར་ཐོན་ཅིང་འཛེམ་བག་དང་བཀག་འགོག་མེད་པར་ཆོས་དགའི་སྐེར་འཐམས་ཏེ་འོ་ཟབ་མོ་ཞིག་བྱས་པར་ཆོས་དགའ་ནི་མཆུ་སྦྱོར་དེ་དང་ལེན་མི་བྱེད་པའི་ནུས་པ་དང་བྲལ་བར་གྱུར། ད་ལྟ་ཁོས་གསལ་བོར་ཚོར་བ་ནི་དེ་འདྲ་བསིལ་ལ་དེ་འདྲ་ཞིམ་པའི་འོ་དེ་ལས་གཞན་ཅི་ཡང་མ་རེད།
  མོས“དངོས་ཡོད་འཚོ་བའི་ཁྲོད་དུ་བདེན་པ་མངོན་ཚུལ་ཧ་ཅང་དཀོན་ན་ཡང༌།  ང་ཁྱོད་ལ་དགའ་བ་བདེན་པ་ཡིན” ཟེར་ནས་བུད་སོང༌།
 ཁོ་མོའི་མིག་འོད་དུ་རེ་སྒུག་དང༌། བདེན་པ། བརྩེ་དུངས་སོགས་མང་པོ་མང་པོ་ཞིག་འཚེར་བཞིན་བུད་སོང༌། 
ཆོས་དགས་ཁོ་མོའི་ཡིད་དུ་འོང་བའི་རྒྱབ་གཟུགས་ལ་ལྟ་བཞིན་སེམས་ལ་ཁོ་མོ་བློས་མི་ཐོངས་པའི་སྣང་བ་ཞིག་སྐྱེས་པའི་སྐབས་དེར་མོ་སོང་བའི་གཞུག་ཏུ་སྒོ་གཏན་པའི་ཁྲོག་སྒྲ་ཐོས།
  ཁོ་ཕྱིར་རང་གི་ཉལ་ཁྲིའི་སྟེང་དུ་གན་རྐྱལ་དུ་ཉལ་ཏེ་ཐེ་ཚོམ་དང་འདག་རྒྱག་ཏུ་ལྷུང༌།
  ཁོས་ནན་ཏན་གྱིས་འདང་བརྒྱབས།
  རིང་བོར་མ་ལོན་པར་ཁོའི་མགྲོན་ཁང་གི་སྒོ་ངོ་ནས་ཐག་སྒྲ་ཞིག་གྲགས་བྱུང༌། ཆོས་དགས་རྒྱ་མོ་ཡིན་མིན་སྙམ་ནས་སྒོ་ཕྱེས་པར་དེ་ནི་མགྲོན་ཁང་ལས་གཉེར་མས་རོགས་རམ་བྱས་པའི་འོག་ད་གཟོད་ཆོས་དགའ་རྙེད་པའི་སྟོད་ལུང་སྡེ་བའི་སྡེ་དཔོན་དང༌། ཆོས་ལུགས་མགོ་པ། ཆུང་དུས་ཆོས་དགའ་དང་མཉམ་དུ་སློབ་གྲྭར་སོང་མྱོང་ཞིང་ད་སྐབས་གནག་རྫི་བྱེད་པའི་སློབ་གྲོགས་རིག་ལོ་བཅས་རེད།
   “ཁྱེད་ཚོ་ཅི་ཡིན……” ཆོས་དགས་སྐད་ཆ་བཤད་མ་ཚར་གོང་ཁོ་ཚོ་མི་རེ་རེས་རུམ་ནས་ཁ་བཏགས་རེ་
བླངས་ཏེ“མར་བསོད་ཨ་ལགས་བསླེབས་བྱུང”ཟེར།
    “ང……”
     ལྷིང་འཇགས་ཤིག
   “ང་ཚོ་ཁྱེད་བསུ་རུ་ཡོང་བ་ཡིན། ཉི་གློག་ཉོ་རྒྱུ་སྐྱུར་ཞོག་ཟེར།”
    རིག་ལོ་ཟེར་བ་དེས་མིག་འཁྲེབ་བཞིན་ཆོས་དགའི་ངོ་ལ་ལྟ་ཡག་ཅིག་བྱས་ནས“གྲོགས་པོ……མ་རེད……”
ཟེར་ནས་མགོ་སྨད་སོང༌། ཆོས་དགས་རང་གི་མདུན་གྱི་སློབ་གྲོགས་རིག་ལོའི་མགོ་སྨད་པའི་ཚུགས་ཀ་དེ་མཐོང་མུར་ཆུང་དུས་ཀྱི་དོན་དག་ཅིག་་ཡིད་ལ་དབང་མེད་དུ་ཤར་སོང༌།
  དེ་ནི་ཁོ་ཚོ་ལོ་རིམ་གསུམ་པ་ཡིན་དུས་ཀྱི་ཞོགས་པའི་བོད་ཡིག་འཚོགས་ཐུན་སྐབས་བྱུང་བའི་དོན་ཞིག་སྟེ། སློབ་སྦྱོང་ལ་མི་རེམ་པའི་སློབ་གྲོགས་ཚོ་འདུག་སྟེགས་ལས་ཡར་ལངས་ཏེ་དགེ་རྒན་དཔལ་མོ་སྐྱིད་ལ་ཅི་ཕྱིར་སློབ་སྦྱོང་མི་བྱེད་པའི་རྒྱུ་མཚན་འཆད་ཀྱིན། རིག་ལོ་ཡང་དེའི་ནང་གི་གཅིག་ཡིན། སློབ་གྲོགས་དེ་ཚོ་ལས་མང་ཆེ་བས་རང་གིས་ནུས་ཚོད་ཀྱིས་དགེ་རྒན་ལ་རྒྱུ་མཚན་རྫུན་མ་རེ་སྒྲིག་གིན་ཡོད། དགེ་རྒན་གྱིས་རིག་ལོ་ལ་སྐད་གདངས་འགྲགས་པོས
“ཁྱེད་ལ་ཅི་བྱུང་སོང༌། དྲང་མོར་ཤོད”ཅེས་དྲིས་པར་རིག་ལོའི་གདོང་ལ་སྐྲག་ཉམས་ཤིག་མངོན་ཏེ་སྐད་ཆ་ངག་སྒོ་ལས་ཐོན་ལ་མི་ཐོན་བྱེད་བཞིན“ངས་སློབ་སྦྱོང་བྱེད་མི་འདོད”ཟེར།
   དགེ་རྒན་དཔལ་མོ་སྐྱིད་ཀྱིས་གཏམ་དེ་ཐོས་ནས་སྔར་བས་ཚིག་པ་བཞེས་ཏེ་གསུང་སྐད་མཐོན་པོས“འོ་ན་ཁྱེད་ཀྱིས་ཅི་བྱ་འདོད། ཁྱོད་ཀྱང་མི་རེད་ཟེར་ན་མི་མིན་པའི་ནོར་རྫི་ཞིག་བྱ་འདོད་དམ”ཞེས་དྲིས། རིག་ལོ་ཕལ་ཆེར་ངུ་བཞིན་འདུག་པ་དང་སྐད་ལ་འདར་ཆ་བབས་ཏེསྐྲག་སྣང་དང་བཅས“ངས…ངས་ཨ་ལགས་ཤིག་བྱ་འདོད”ཅེས་ལན་བཏབ།
  སློབ་ཁང་ནང་འཇམ་ཐིང་ངེར་གྱུར་བ་དང་ཅུང་ཙམ་ནས་དགེ་རྒན་དཔལ་མོ་སྐྱིད་བཤུམས་སོང༌།
 “ཆོས་ཀྱི་དགའ་བ། ཁྱེད ……” ཆོས་ལུགས་མགོ་པས་དེ་སྐད་ཟེར་བར་ཆོས་དགའ་ད་གཟོད་ཕྱིར་དྲན་ལས་སད། ཁོས་འཚབ་འཚུབ་ཀྱིས“ཡ་ནང་ལ་ཤོག་དང༌། ང་སྤྱོད་ཁང་དུ་སོང་ནས་ལོག་འོང”ཟེར་ནས་སྒོར་བུད། ད་ལྟ་ཁོ་རང་སྒོ་གཉིས་ཀྱི་བར་ན་འདུག་སྟེ། མདུན་གྱི་སྒོ་དེའི་ནང་ན་གླ་མོ་ཡིན་ཟེར་བའི་རྒྱ་མོ་དེ་ཡོད་པ་དང༌། རྒྱབ་གྱི་སྒོ་དེའི་ནང་ན་མི་རིང་བར་རང་ཉིད་ཨ་ལགས་རེད་ཟེར་བའི་མི་དེ་རྣམས་ཡོད།
 སྐབས་དེར། ཆོས་དགའི་སེམས་ལ་ཨ་ཕ་རྒྱམ་ཁོས་མར་བསོད་ཨ་ལགས་ལ་རེ་སྒུག་བྱེད་པའི་ཁྲོད་མངོན་པའི་བགྲེས་གཉེར་ཟབ་མོ་དེ་དག་དང༌། དེའི་འཕྲོར་རྒྱ་མོ་དེའི་སུ་ལའང་གསང་ཐབས་བྲལ་བའི་མིག་ནང་གི་བདེན་པ་དེ་གཉིས་རེས་མོས་སུ་འཁོར། འཁོར། འཁོར་འཁོར་མཐར་ཁོས་རང་གིས་རང་ལ་འདི་ལྟར་དྲིས།
 “ཆོས་་དགའ། གསུང་བོར་ཤོད། ཁྱོད་བདེན་པ་ལྟ་བུའི་རྫུན་མ་ལ་དགའ་འམ་རྫུན་མ་ལྟ་བུའི་བདེན་པ་ལ་དགའ།”
བར་སྐབས་ཅིག་ནས་ཁོ་ལ་ཐེ་ཚོམ་དང་བཀག་འགོག་མེད་པར་ཐལ་བྱུང་དུ་རྒྱ་མོ་ཡོད་སའི་སྒོ་ནང་དུ་འཛུལ།  རྒྱ་མོ་དེས་ཉལ་ཁྲིའི་སྟེང་དུ《གསང་འཕྲུལ་གྱི་བོད》ཅེས་པའི་རྒྱ་ཡིག་གི་དཔེ་ཆ་ཞིག་ལ་ལྟ་བཞིན་འདུག མོས་ཆོས་དགའི་གདོང་གི་གྲུང་ཤ་དོད་པའི་མིག་ཟུང་དེ་མཐོང་ནས“ཁྱོད་ཐོན་བྱུང་ངམ། ཅི་རེད”ཅེས་དྲིས།
  ཆོས་དགས་ཁོ་མོའི་ལག་མགོ་ནས་འཇུས་ཏེ“ང་ཁྱོད་དང་མཉམ་དུ་འགྲོ་འདོད། འགྲོ། ངེད་གཉིས་ད་འགྲོ ངེད་གཉིས་ས་འདི་ནས་མི་འདུག”ཟེར།
  “མར་བསོད་ཨ་ལགས་ཟེར་བ་སུ་རེད། ད་ཅི་ངས་ཁྱེད་ཚོས་སྐད་ཆ་བཤད་པ་ཐོས་བྱུང༌།”
  ཆོས་དགས“གཞུག་ནས་བཤད། ད་ལྟ་ངེད་གཉིས་འབྲོ་རྒྱུ་གལ”ཅེས་པར་རྒྱ་མོ་དེས་ཁོས་དེ་ལྟར་བཤད་པའི་དམིགས་ཡུལ་ངེས་ཅན་ཞིག་རྟོགས་པའི་ཚད་ནས“ང་གླ་མོ་ཞིག་ཡིན། ཁྱོད་ལ་རྣམ་རྟོག་མེད་དམ”ཞེས་དྲིས།
  “ཁྱོད་སུ་ཞིག་ཡིན་ན་ཡིན། ང་ལ་ཁྱོད་ཀྱི་སེམས་ནང་གི་སྡུག་བསྔལ་དང་རེ་སྙེག་དེས་ཆོག འགྲོ། ངེད་གཉིས་ད་འགྲོ།”
  མོས“ང་སྔར་ནས་ཁྱོད་ཀྱི་མིག་ལ་ཡིད་ཆས་ཡོད”ཟེར་ནས་ཁོའི་ལག་པར་དམ་དུ་འཇུས་ཏེ་སྒོར་བུད། ཆོས་དགས་རྒྱ་མོའི་ཉལ་ཁང་གི་སྒོ་ཟྭ་བླངས་ཏེ་ནང་དུ་མར་བསོད་ཨ་ལགས་ཚང་སྐུ་ཕྲེང་རིམ་བྱོན་གྱི་ངོ་མཚར་བའི་ལྷ་སྒྲུང་རིང་མོ་ཞིག་འཆད་ཀྱིན་པའི་སྟོད་ལུང་སྡེ་བའི་སྡེ་དཔོན་དང་ཆོས་ལུགས་མགོ་པ་སོགས་ཡོད་སའི་ཁང་བ་དེའི་སྒོར་བརྒྱབས་རྗེས“ད་ཁོ་ཚོས་ང་འཛིན་ཐབས་མེད། ངེད་གཉིས་རང་དབང་རེད”ཟེར་བཞིན་གཞི་ནས་བྲལ་སོང༌།
  ཉིན་འགའ་འགོར་རྗེས་ཀྱི་ཉིན་གུང་ཞིག་ལ། མི་་དམངས་ཉིན་རེའི་ཚགས་པར་འཚོང་ས་དེར་འཇེབ་སྒོར་ནག་པོ་འོད་ཁྲིག་གེ་ཞིག་བགགས་པ་དང༌། དེའི་ནང་ནས་ཕོ་བ་འབུར་བ་མངོན་ཆེ་བའི་མི་ཞིག་བབས་ཏེ་ཚགས་པར་འཚོང་སའི་ཉེ་འགྲམ་དུ་ཐང་ལ་ཙོག་ཡོད་པའི་སྤྲང་པོ་དེ་མཐོང་ནས་སྣ་བསྙེར་ཙམ་བྱས་རྗེས་ཉིན་དེའི་གསར་འགྱུར་ཚགས་པར་ཞིག་ལག་ཏུ་བླངས་ཏེ་སྐད་མཐོན་པོས“ཕལ་ཆེར་ལོ་གཅིག་གི་ཡར་སྔོན་ལ། Pཞིང་ཆེན་གྱིUཧྲེང་ཀྲང་གིས་རང་གི་བུ་མོEཟེར་བ་དེKསློབ་ཆེན་ནས་བླངས་ཤིང་ཞང་ཀང་གི་ཕྱུག་པོ་མེ་སྒོར་དུང་ཕྱུར་བརྒྱ་ལ་བུད་པ་ཞིག་ལ་བག་མར་བྱིན་ཀྱང་བུ་མོ་དེ་མ་འཐད་པར་བྱང་ཕྱོགས་བོད་ཁུལ་གྱི་འབྲོག་པའི་ས་ཁུལ་ལ་བྱེར། ཉིན་གསུམ་གྱི་ཡར་སྔོན་གྱི་དགུང་མོ་ཆུ་ཚོད་བཅུ་གཉིས་ཡས་མས་ལ། སྐར་གསར་འབྲོག་རྫོང་ས་ཁུལ་གསར་འགྱུར་ཁག་གི་གསར་འགོད་པ Aལགས་ཀྱིས་དངོས་སུ་བུ་མོ་དེ་འབྲོག་པའི་གསར་བུ་ཞིག་དང་འགྲོགས་ནས་འབྲོག་ཕྱོགས་སུ་སོང་བ་གསལ་བོར་མཐོང། ཉམས་གཞག་རྒྱུར།
གསར་འགྱུར་འདིའི་ནང་གི་མི་རྣམས་ཀྱི་མི་མིང་དགོས་དབང་གིས་འདི་ལྟར་འབྲི་དགོས་བྱུང༌། ཟླ5ཚེས4 གཟའ་ཟླ་བའི་ཉིན། གསར་འགོད་པWནས།”
  ཞེས་བཏོན་མུར་མཚར་སྣང་དང་བཅས“ཨོ་གནམ་རྒན་མ། བུ་མོ་དེར་གཟའ་ཕོག་འདུག”ཟེར་ནས་རླངས་འཁོར་དུ་བུད་དེ་བྲལ་སོང༌། ལྟོགས་སྐོམ་གྱིས་ཁ་ཤ་ལ་སེར་ཀ་གས་པའིསྤྲང་བོ་དེས་དེ་སྐད་ཐོས་ཤིང་གནམ་ལ་བལྟས་ཏེ་འཛུམ་ཙམ་བྱས། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ད་སད་ན་ད་ལོངས།

2008-12-25 ཧུ་ར་འཇའ་པེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།