ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༡

                                         བཅུ་གཅིག།
  སྐྱ་བྷོས་རབ་བྱུང་བསྒྲུབས་རྗེས་བཙུན་མིང་ལ་དགེ་འདུན་རྒྱ་མཚོ་བཏགས་པ་རེད། སྐྱ་བྷོ་ལ་མཚོན་ན་རང་ཉིད་ཀྱི་མིང་དེ་བློ་ལ་འཛིན་དཀའ་བ་ཞིག་རེད་པས། དགོན་པ་ནས་བདུན་ཕྲག་གཅིག་ལ་བསྡད་ཀྱང་ལན་རེར་གྲྭ་བ་གཞན་གྱིས་ཁོའི་མིང་ནས་བོས་ཀྱང་རང་ཉིད་འབོད་ཀྱིན་པ་གཏན་ནས་ཚོར་མི་ཡོང་།
  དགེ་འདུན་རྒྱ་མཚོས་སྐྲ་ལོ་བཞར་ཞིང་གཟན་ཤམ་ཐབ་གྱོན་པ་ན་སྔོན་ཆད་སློབ་གྲྭའི་ནང་དུ་ཡོད་དུས་དང་མི་འདྲ་བར་བན་དེ་ཧ་ཅང་སྙིང་རྗེ་བོ་ཞིག་ཏུ་གྱུར་འདུག་པས། དགོན་པའི་གྲྭ་བ་ཆེ་བ་འགའ་རེས་དེང་ཐོག་ཁོའི་ཆོས་མིང་མི་ཤེས་པས་“བན་དེ་སྙིང་རྗེ་”ཞེས་འབོད་ཀྱིན་འདུག ཁོ་རང་ཨ་ལགས་འཇིགས་རྒྱམ་གྱི་ཐུགས་སྲས་བློ་བཟང་ཆོས་འཕེལ་གྱི་ཤག་ཏུ་སྡོད་དུ་བཅུག་ཡོད་ཀྱང་གསོལ་ཚིགས་ཀྱི་དུས་སུ་ཨ་ལགས་ཀྱི་ཤག་ཏུ་འགྲོ་གིན་ཡོད་པས། ནམ་རྒྱུན་ནངས་དགོང་གི་དུས་སུ་བློ་བཟང་ཆོས་འཕེལ་གྱི་དྲུང་དུ་ཀློག་སྐྱོར་ཉུང་ཙམ་བྱེད་ཁུལ་བྱས་རྗེས་ཉིན་གང་བོར་ཨ་ལགས་ཀྱི་ཤག་ཏུ་ཕྱིན་ནས་ཆུ་ལེན་མེ་འབུད་བྱེད་པའམ། དེ་མིན་ཚེ་མདུན་ཕྱོགས་ཀྱི་སྟར་ལུང་ཆུ་བོའི་ཟམ་པའི་སྟེང་དུ་ཕྱིན་ནས་གཅིག་པུར་རྩེད་ཀྱིན་ཡོད་པས་ཨ་ལགས་ཀྱིས་ཀྱང་ཐུགས་རྩིས་ཧ་ཅང་ཆེ།
  ཨ་ལགས་ཀྱིས་ནམ་རྒྱུན་ཁོ་ལ་ཀུ་རེའི་ཚུལ་དུ། “དགེ་འདུན་རྒྱ་མཚོ། ཁྱོད་བན་དེ་ཆུང་ངུ་དག་དང་མཉམ་དུ་རྩེ་རུ་མི་འགྲོ་བ་ཅི་ཡིན་”ཞེས་དྲིས་པ་ན། ཁོས་ཡུན་རིང་ཙམ་ལ་འདང་ཞིག་བརྒྱབ་རྗེས་ཕྱིར་འཁོར་ནས་“ཁྱོད་ཀྱིས་ང་འབོད་པ་ཡིན་ནམ་”ཞེས་འདྲི་བར་བྱེད།
ཨ་ལགས་ཀྱིས་མུ་མཐུད་དུ། “ཁྱོད་ཀྱིས་ད་དུང་རང་ཉིད་ཀྱི་མིང་ཡང་བློར་མི་ཟིན་ནམ་”ཞེས་དྲིས། ཨ་ལགས་ཀྱིས་སྐད་ཆ་འདྲི་དུས་ངོ་གདོང་འཛུམ་གྱིས་ཁེངས་འདུག
ཁོས་སླར་ཡང་ཅུང་ཙམ་ལ་བསམས་རྗེས། “ངའི་མིང་ལ་སྐྱ་བྷོ་ཟེར་”ཞེས་ལན་བཏབ་འོང་།
  ཨ་ལགས་ཀྱིས་དེ་མུར་གསོལ་འདེབས་ཤིག་བྱས་ཏེ། ཧ་ཅང་ནན་ཏན་ངང་“དེ་ལྟར་ཟེར་མི་རུང་བ་རེད། གྲྭ་བ་ཞིག་གི་སྐྱ་མིང་ནས་བོས་ཚེ་ར་མ་ཞིག་བསད་པའི་སྡིག་པ་ཡོད་པ་རེད། ད་ནས་བཟུང་རང་ཉིད་མིང་བློར་ཟུངས། ངའི་མིང་ལ་འཇིགས་རྒྱམ་ཟེར་བ་རེད། ཁྱོད་ཀྱི་མིང་ལ་དགེ་རྒྱམ་ཟེར་བ་རེད། དེ་བློར་ཟིན་རྒྱུ་ཨེ་རེད་”ཅེས་དྲིས།
  དགེ་འདུན་རྒྱ་མཚོས་དེ་མུར་བསྐྱར་བཟླས་འགའ་བྱས་ཏེ་ཨ་ལགས་ལ་བལྟས་ནས་མགོ་ལྡེམ་ལྡེམ་བྱས་བྱུང་།
དངོས་གནས་ཁོས་ཀྱང་ཉིན་གཅིག་མ་འགོར་བར་དགེ་རྒྱམ་ཞེས་པའི་མིང་དེ་བློར་ཟིན་པར་གྱུར་སོང་། དེ་ནས་བཟུང་དགོན་པའི་ནང་དུ་ཡང་ཁོའི་མིང་ལ་དགེ་རྒྱམ་ཞེས་འབོད་པ་ལས་དགེ་འདུན་རྒྱ་མཚོ་ཞེས་པའི་མིང་དེ་བོས་ཚེ་རྟོགས་མཁན་མེད་པར་གྱུར་ལ། ཁོང་རང་དེང་ཐོག་སློབ་གྲྭའི་ནང་དུ་ལོབས་པ་ནང་བཞིན་རིམ་བཞིན་དུ་དགོན་པའི་ནང་དུ་ལོབས་པར་གྱུར་སོང་།
  ཨ་ལགས་ཀྱིས་སླར་ཡང་། “དགེ་རྒྱམ། སློབ་གྲྭ་བཟང་གིན་འདུག་གམ། དགོན་པ་བཟང་གིན་འདུག་”ཅེས་དྲིས།
  དགེ་འདུན་རྒྱ་མཚོས་ཐེ་ཚོམ་མེད་པར། “དགོན་པ་བཟང་འདུག་”ཅེས་ལན་བཏབ་བྱུང་།
  ཨ་ལགས་ཐུགས་ཧ་ཅང་དགྱེས་བྱུང་། གོམ་གང་མདུན་སྤོས་ཀྱིས་“ཅིའི་ཕྱིར་”ཞེས་དྲིས།
  དགེ་འདུན་རྒྱ་མཚོས་སྔར་བཞིན་བདེན་ཅོག་ཅོག་ངང་། “ངས་དགོན་པ་འདི་ངོ་ཤེས་ཀྱིན་འདུག ངས་ད་དུང་ཁྱོད་ཀྱང་ངོ་ཤེས་ཀྱིན་འདུག་”ཅེས་བཤད།
གློ་བུར་བའི་དྲི་ལན་དེས་ཨ་ལགས་འཇིགས་རྒྱམ་ཚང་ཡང་འཇིགས་ཡེ་རེར་བཏང་སོང་། སེམས་ལ་ཁོ་ནི་འདི་གའི་ཆོས་གྲོགས་འདས་པོ་ཞིག་གི་རྣམ་ཤེས་ཡིན་པ་འདྲ་སྙམ་པ་ལས་མུ་མཐུད་དུ་དྲི་བ་ཅི་ཡང་བཏོན་མ་བྱུང་། ཁོང་གིས་ལྐོག་ཏུ་བློ་བཟང་ཆོས་འཕེལ་ལ་དགེ་འདུན་རྒྱ་མཚོར་བདག་སྐྱོང་བཟང་བོ་བྱེད་དགོས་ཞེས་བདམས། བློ་བཟང་ཆོས་འཕེལ་གྱིས་ཨ་ལགས་ཀྱི་སྐད་ཆ་དེའི་ཧ་ཅི་ཡང་མ་གོ་ན་ཡང་རྒྱུ་མཚན་ཅི་ཡིན་པ་འདྲི་མ་ཕོད་པར་དང་ལེན་བྱས།
  ཡིན་ན་ཡང་བློ་བཟང་ཆོས་འཕེལ་གྱིས་ནི་དགེ་འདུན་རྒྱ་མཚོར་བདག་སྐྱོང་བཟང་བོ་ཇི་ལྟར་བྱེད་དགོས་པའང་མི་ཤེས་པར་གྱུར། ཡི་གེ་ཁྲིད་ན་ཁོས་ཡི་གེ་གཅིག་ཀྱང་མི་ཤེས་པར་འདུག་ལ་ངལ་གསོ་བྱས་ཚེ་དེ་མ་ཐག་ཏུ་ཨ་ལགས་ཀྱི་ཤག་ཏུ་བྲོས་འགྲོ་བར་འདུག
  ཉིན་ཞིག་ལ་ཚེ་སྐྱིད་ཀྱིས་དགེ་འདུན་རྒྱ་མཚོ་ལ་བྲོ་ཟས་བསྐྱལ་ནས་དགོན་པར་ཐོན་བྱུང་། ཁོ་མོས་དེང་ཐོག་གྲྭ་བ་ཚང་མར་དགེ་འདུན་རྒྱ་མཚོ་ཨེ་མཐོང་ཞེས་དྲིས་ན་ཡང་མི་གཅིག་གིས་ཀྱང་མ་ཤེས་ལ། དེ་རྗེས་བློ་བཟང་ཆོས་འཕེལ་ལ་འཕྲད་པས་དགེ་རྒྱམ་འཚོལ་གྱིན་པ་ཤེས་ནས་ཁོ་མོ་ཁྲིད་དེ་ཐད་ཀར་ཨ་ལགས་ཚང་གི་ཤག་ཏུ་སོང་བས་དགེ་འདུན་རྒྱ་མཚོ་རྙེད་པ་རེད།
  ཨ་ལགས་ཀྱིས་ཁོ་མོ་ཐོན་པ་མཐོང་འཕྲལ་ཐུགས་ཧ་ཅང་མཉེས་པར་གྱུར་བ་དང་དེ་མུར་བློ་བཟང་ཆོས་འཕེལ་ལ་ཇ་འདྲེན་དུ་བཅུག ཁོང་གིས་ཐོག་མར་ཁྱིམ་ཚང་བདེ་འཚམ་ཡིན་མིན་གྱི་འཚམས་འདྲི་བྱས་རྗེས་ད་ལྟ་དོན་གྲུབ་པུའུ་ཀྲང་ལ་ལས་བྲེལ་ཆེ་མིན་དྲིས་པ་དང་། མཇུག་མཐར་གཞི་ནས་དགེ་འདུན་རྒྱ་མཚོའི་སྐོར་གྱི་ཁ་བརྡ་བྱས་པ་རེད།
  ཁོང་གིས་གསུངས་རྒྱུར། “དགེ་རྒྱམ་ནི་ངོ་མ་བྱིས་པ་དྲང་མོ་ཞིག་རེད། རྗེས་ནས་གྲྭ་བ་བཟང་བོ་ཞིག་འཁྲུངས་ཐག་ཆོད་རེད་”གསུངས།
  ཚེ་སྐྱིད་ཀྱིས་ཨ་ལགས་ཀྱིས་རང་ཉིད་ལ་ཀུ་རེ་རྩེ་ཡིན་འདུག་སྙམ་སྟེ། “ལགས་སོ། དེ་འདྲ་ཞིག་ཡིན་ན་ཧ་ཅང་བཟང་བ་རེད་མོད། གཙོ་བོ་རྗེས་ཕྱོགས་རང་མགོ་རང་གིས་ཐོན་པ་ཞིག་ཏུ་གྱུར་ཚེ་ངའི་བསམ་དོན་འགྲུབ་པ་ཡིན་”ཞེས་ཞུས།
  ཨ་ལགས་ཀྱིས་ཚེ་སྐྱིད་ཡིད་ཆེས་ཀྱིན་མི་འདུག་པ་མཁྱེན་ནས་གོམ་གང་མདུན་སྤོས་ཀྱིས། “ངོ་མ་གང་ཟག་གི་ཚོད་གང་ཟག་གིས་དཔག་དཀའ་བ་རེད། མིག་སྔར་བལྟས་ན་ཁོ་རང་ཅུང་ལྡབ་ལྡིབ་ཅིག་ཡིན་པ་འདྲ་མོད་དོན་དངོས་སུ་གཞུངས་ཧ་ཅང་དྲང་མོ་འདུག ཁོའི་དོན་ལ་ཁྱོད་གཉིས་ཀྱིས་སེམས་ཁུར་བྱེད་མི་དགོས། རྗེས་ནས་དུས་རྒྱུན་དུ་ཁོ་ལ་བལྟ་རུ་ཡང་ཡོང་དགོས་པ་མ་རེད་”གསུངས།
  ཚེ་སྐྱིད་དགའ་སྤྲོའི་ངང་། “ཡ་ཡ། ལགས་སོ། ད་ནས་བཟུང་ང་ཡང་ཁོ་ལ་བལྟ་རུ་མི་ཡོང་”ཞེས་བཤད་རྗེས་ཕྱིར་རྫོང་མཁར་དུ་ལོག་སོང་།
  ཚེ་སྐྱིད་ཀྱིས་ཁ་ནས་ཁོར་བལྟ་རུ་མི་ཡོང་ཞེས་བཤད་མོད། དེ་རྗེས་སུ་ཡང་ཁོ་མོ་ཐེངས་འགའ་ལ་དགེ་འདུན་རྒྱ་མཚོར་བལྟ་རུ་ཡོང་བར་མ་ཟད། བལྟ་རུ་ཡོང་ནས་ཕྱིར་ལོག་ཁ་རེ་རེར་ཁོ་མོས་དགེ་འདུན་རྒྱ་མཚོ་སྟར་ལུང་ཆུ་བོའི་ཟམ་ཁ་དེར་ཁྲིད་ནས་རང་ཉིད་ཀྱི་གོ་ཐོས་ཡོད་ཚད་གནས་ལུགས་སུ་བགྲང་ནས་མིག་ཆུ་གཏོང་བཞིན་དུ་སློབ་གསོ་གང་མང་བཏང་།
  ཁོ་མོས་བཤད་རྒྱུར།
   “ཁྱོད་ཀྱིས་ཧུར་བརྩོན་བྱས་ནས་ངེས་པར་དུ་གྲྭ་བ་བཟང་བོ་ཞིག་ཏུ་འགྱུར་དུ་འཇུག་དགོས། དེ་ལྟར་བྱས་ན་རྗེས་ཕྱོགས་སུ་རང་ཁ་རང་གསོ་བྱེད་ཐུབ་པར་མ་ཟད་མི་གཞན་གྱིས་ཁྱོད་ལ་གུས་བཀུར་བྱེད་ངེས་རེད། མི་གཞན་གྱིས་གོང་བཀུར་བྱེད་དགོས་དགོས་ན་ངེས་པར་དུ་ཡི་གེ་ཤེས་དགོས་པ་རེད། ཡི་གེ་ཤེས་དགོས་ནས་ངེས་པར་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་འབད་པ་བྱེད་དགོས་པ་རེད”
  ཁོ་མོས་བཤད་རྒྱུར།
  “ཁྱོད་ཀྱིས་ངེས་པར་དུ་ཧུར་བརྩོན་བྱེད་དགོས། ཁྱོད་དང་ནུ་མོ་གཉིས་ཀ་འདྲ་བ་མ་རེད། ཁོ་མོ་གཉིས་ཀར་ཨ་ཕ་ཡོད་པ་རེད། ཁྱོད་ལ་ཨ་ཕ་མེད་པས་རྗེས་ནས་བདག་སྐྱོང་བྱེད་མཁན་ཞིག་ཀྱང་མེད། ངས་འདི་ལྟར་བཤད་དོན་ཁྱོད་ལ་ཁ་ཡ་མི་བྱེད་ཟེར་བ་མིན་པར་ཁྱོད་ཀྱི་མདུན་ལམ་ལ་འདང་རྒྱག་པ་ཡིན། མི་ཞིག་ལ་མདུན་ལམ་མེད་ཚེ་ཚར་སོང་བ་རེད། གླུ་ཡི་ནང་དུ་ཡང་བན་ཚུར་ཡོང་སྔུན་ན་ཆོས་ཤིག་དགོས། ཆོས་མེད་ན་ངང་བ་སེར་བོ་འདྲ་ཟེར་བ་རེད། ”
  ཁོ་མོས་བཤད་རྒྱུར།
  “གྲྭ་བ་ཞིག་ལ་མཚོན་ན་དགོན་པ་ནི་རང་ཉིད་ཀྱི་ཡུལ་ཡིན་པ་རེད། ཁྱོད་གྲྭ་བ་བྱས་པ་ནས་བཟུང་དགོན་པ་འདི་ཁྱོད་ཀྱི་ཡུལ་དུ་གྱུར་བ་རེད། ང་ཡོད་ས་དེ་ཡང་ཁྱོད་ཀྱི་ཡུལ་མ་ཡིན་པ་མ་རེད་མོད། ཡུལ་དེ་ན་མི་ཧ་ཅང་མང་པས་རྗེས་ཕྱོགས་སུ་འཚོ་བར་དཀའ་ངལ་ཡོང་ཡང་སྲིད། དེ་ལས་ཨ་ལགས་ཀྱི་གན་དུ་བསྡད་ན་ཁ་སྐྱིད་པོ་ཡོད་པས་ལྟོ་གོས་ལ་དཀའ་ངལ་ཡོང་མི་སྲིད། ཨ་ལགས་ཀྱི་ཐུགས་དང་བསྟུན་ཤེས་བྱེད་དགོས། ཨ་ལགས་དགྱེས་ཚེ་རྗེས་ཕྱོགས་ཁྱོད་རང་དགེ་བསྐོས་ལ་འཇོག་ཀྱང་སྲིད། ”
ཁོ་མོས་བཤད་རྒྱུར།
  “ཁྱོད་རང་རིག་ལྡིབ་ཅིག་ཡིན་མི་སྲིད། ཨ་ལགས་ཀྱིས་ཀྱང་ཁྱོད་ལ་བསྟོད་པ་བྱེད་ཀྱིན་པ་མིན་ནམ། སང་ལོར་ཁྱོད་ཀྱི་ནུ་མོ་ལྷ་མོ་སྒྲོལ་མ་ཡང་ལོ་ལྔར་བུད་ཟིན་པ་རེད་པས་སློབ་གྲྭར་འགྲོ་དགོས་པ་རེད། ཁྱོད་རང་ཁོ་མོར་ཡང་མ་དོ་ཚེ་ངོ་མི་ཚའམ། ཁོ་མོའི་ཨ་ཕས་ཁོ་མོ་ཡི་གེར་བཟང་ཞེས་བཤད་ཀྱིན་འདུག ངས་ཀྱང་ཁྱོད་རང་བཟང་ཞེས་བཤད་པ་ཡིན། ཁྱོད་གཉིས་ཀྱིས་འགྲན་བསྡུར་ཞིག་བྱེད་དགོས། ཁྱོད་ཀྱིས་ངེས་པར་དུ་ལྷ་མོ་སྒྲོལ་མའི་རྗེས་ཆོད་དགོས། ”
  ཁོ་མོས་བཤད་རྒྱུར། ་་་་་་་་་་་་
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༡

2012-03-24 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།