ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༩
དགུ
ཚེ་སྐྱིད་ལ་བུ་མོ་གཉིས་བཙས་པ་དེས་དོན་གྲུབ་ཀྱིས་ཞི་ལི་ཞིག་ཨེ་ཡོད་ཀྱི་རེ་བ་བྱེད་པ་དེ་ཆུ་ཡི་ཝུ་བ་བཞིན་དུ་གྱུར་སོང་། ད་ལྟའི་མི་ཚང་མས་ནམ་རྒྱུན་ཁྱིམ་ཚང་གཞན་ལ་བྱིས་པ་ཞིག་བཙས་ཚེ་རྒྱ་སྲོལ་ལྟར་བུ་ཞིག་ཡིན་ན་“བུ་ཕོ་མགོ་ཆེ་”རེད་ཟེར་ནས་བསྟོད་པའི་ཚིག་སྨྲ་བ་དང་། བུ་མོ་ཞིག་ཡིན་ན་“བུ་མོ་སྐྲ་སེར་མ་”ཟེར་ནས་སྨད་ར་བྱེད་ཀྱིན་ཡོད་པས་ཁོ་རང་གི་སེམས་ཁམས་ཀྱང་དེ་འདྲའི་སྐྱིད་པོ་ཞིག་ག་ལ་ཡིན། ཡིན་ན་ཡང་བུ་མོ་གཉིས་ཀ་ཧ་ཅང་སྙིང་རྗེ་བོ་ཡོད་པས་བུ་ཞིག་གི་འདང་བརྩེ་མེད་པ་ག་ལ་སྲིད་དེ། བུ་མོ་ཆེ་བའི་མིང་ལ་ལྷ་མོ་སྒྲོལ་མ་ཟེར་བ་དང་ཆུང་བའི་མིང་ལ་ཀླུ་མོ་སྒྲོལ་མ་ཟེར་ལ། ཁོང་གཉིས་ལ་མིང་འདོགས་མཁན་ཡང་དོན་གྲུབ་རང་ཉིད་ཡིན་པ་རེད།
དོན་གྲུབ་ཡོད་སའི་ལས་ཁུངས་ཀྱི་མི་དག་ནི་ཧ་ཅང་སྤྲོ་སྣང་ཅན་ཤ་སྟག་ཡིན་པས་ནམ་རྒྱུན་ཕན་ཚུན་ལ་ཀུ་རེ་རྩེ་མོ་རྩེད་རྒྱུར་ལོབས་ཡོད་པའི་ཁར། ལྷག་པར་དུ་ལྕགས་མོ་ཐར་ཟེར་བའི་བུད་མེད་དེ་ནི་ཁ་རྒོད་ཅིག་ཡིན་པས། སྔོན་དུས་ཀྱི་དོན་གྲུབ་ཀྱི་ཆུང་མར་བུ་ཕྲུག་མེད་པའི་དུས་སུའང་ཁོ་མོས་ཐེ་ཚོམ་ཅི་ཡང་མེད་པར། “དོན་གྲུབ་པུའུ་ཀྲང་ལ་དབང་ཆ་ཆེན་པོ་ཡོད་པ་རེད་ཀྱང་རུས་བཅུད་ཆེན་པོ་ཡོད་པ་མ་རེད་”ཟེར་བས། ལས་གྲོགསགཞན་དག་གིས་ཀྱང་པུའུ་ཀྲང་གི་ཐུགས་ལ་བསྣད་པར་དོགས་ནས་ཉན་གྱིན་སྡོད་པ་ལས་དགོད་ཀྱང་མ་ཕོད་ལ། དོན་གྲུབ་རང་ཉིད་ཀྱང་གདོང་དམར་བོར་འགྱུར་ཙམ་བྱས་པ་ལས་ཚིག་གཅིག་ཀྱང་བཤད་རྒྱུ་མ་བྱུང་།
ད་ཐེངས་ཚེ་སྐྱིད་ལ་བུ་མོ་གཉིས་བསྟུད་མར་བཙས་འཕྲལ་ཁོས་ཀྱང་ལས་གྲོགས་ཚོའི་ཁྲོད་ནས་ང་རྒྱལ་དང་བཅས་ཁོ་ཚོར། “ཅི་འདྲ་རེད། ང་རང་ལ་བཅུད་ཡོད་མེད་གསལ་བོར་ཤེས་སོང་ཨང་”ཞེས་བཤད།
ལྕགས་མོ་ཐར་གྱིས་ཁོའི་སྐད་ཆ་དེ་དེ་མུར་ཁས་བླངས་མ་བྱུང་། ཁོ་མོས་ཚམ་ཚོམ་ཅི་ཡང་མེད་པའི་སྒོ་ནས། “ཤ་ལ་འཇུ་སྟོབས་ཡོད་ཀྱང་རུས་པར་ནུས་སྟོབས་མེད་པར་གྱུར་བ་རེད། ཁ་དཔེར་ཡང་ཕ་ཤུལ་བུ་ཡིས་འཛིན་མ་ཐུབ་ན་ཨ་ཕའི་ནུས་བ་མ་ཐོན་པ་ཡིན་ཟེར་བ་མ་ཡིན་ནམ། རྗེས་ནས་བུ་མོ་གཉིས་ཀ་གནས་ལ་སོང་ཚེ་ཁྱོད་ལ་བརྟེན་ས་རྟེན་ཡུལ་ཅི་ཡང་མེད་སོང་བ་མ་རེད་དམ་”ཅེས་ཟེར་བཞིན་འུ་ཐུག་པའམ་ཡིད་ཚིམ་པའི་ཉམས་ཀྱིས་དགོད་པར་བྱེད།
སྐད་ཆ་དེ་ཐོས་འཕྲལ་དོན་གྲུབ་ཀྱི་སེམས་ཀྱང་དེ་མུར་གྲང་ཤུར་རེར་གྱུར་འགྲོ་ན་ཡང་ཕོ་ཚོད་ཤོར་དུ་མ་བཅུག་པར། “ཁ་དཔེར་ཡང་བུ་མང་ན་ཁ་སེམས་དཀྲུགས་བྱེད་ཡིན་ཟེར་བ་མ་ཡིན་ནམ། ད་ལྟའི་བུ་དག་ལ་ནི་ཆུང་མ་མ་གཏོགས་ཕ་མ་དགོས་པ་མ་རེད། དེ་ལས་རྗེས་སོར་བུ་མོ་གཉིས་ཀའི་མག་པ་གཉིས་ཐོན་ཚེ་མདའ་གཅིག་གིས་ཤ་བོ་གཉིས་སོད་བྱུང་བ་མ་ཡིན་ནམ་”ཞེས་བཤད་ནས་དགོད་པར་བྱེད།
ལྕགས་མོ་ཐར་ཟེར་བ་དེས་མུ་མཐུད་དུ་ཨུ་ཚུགས་བྱས་འོང་། “ཁ་དཔེར་ཡང་བུ་མོ་ཨ་མར་ཕྱོགས་ཟེར་བ་ཡིན་པས། རྗེས་ཕྱོགས་ནས་བུ་མོ་ཚོས་ཁྱོད་ལ་མ་གཅེས་ན་ཅི་བྱ་རྒྱུ་”ཟེར།
“དེ་འདྲ་ཡོད་སྲིད་ཀྱི་མ་རེད།”དོན་གྲུབ་ཀྱིས་ཁ་ནས་དེ་ལྟར་བཤད་ན་ཡང་སེམས་སུ། “ཁ་དཔེར་ཡང་བུ་ཕ་ལ་ཕྱོགས་པ་དང་བུ་མོ་མ་རུ་ཕྱོགས་ཟེར་སྲོལ་ཡོད་པས། ལྕགས་མོ་ཐར་གྱིས་བཤད་པའི་སྐད་ཆ་དེ་དག་ནི་རང་ཉིད་ཀྱིས་ངེས་པར་དུ་སེམས་ལ་འཛིན་རྒྱུའི་ཚིག་གོང་ཐང་ཅན་ཞིག་རེད་”སྙམ། དུས་དེ་ནས་བཟུང་སྟེ་དོན་གྲུབ་ཀྱང་སྔོན་ཆད་དང་མི་འདྲ་བར་ཧ་ཅང་ཡིད་ཆད་པ་ལྟར་གྱུར་སོང་། དུས་རྒྱུན་ལས་གྲོལ་བྱས་མ་ཐག་ཏུ་རང་ཁྱིམ་དུ་འགྲོ་མི་འདོད་པར་ལན་རེར་སྲིད་གཞུང་གི་ཟ་ཁང་དུ་སོང་ནས་ཟས་ཟ་བར་བྱེད་པའམ། ལན་རེར་རང་ཁྱིམ་དུ་གུང་ཇ་འཐུང་མ་ཐག་དེ་རྗེས་ཕྱིར་ལས་ཁུངས་སུ་འགྲོ་བར་བྱེད་ལ། སྐབས་རེར་ཡུལ་དུ་ཡོང་ན་ཡང་དྲོས་ཇ་འཐུང་མ་ཐག་ཏུ་ཚགས་པར་རམ་བརྙན་འཕྲིན་ལ་བལྟས་ཏེ་ནམ་གུང་ཕྱེད་བར་དུ་སྡོད་པ་སོགས་བྱེད།
ཚེ་སྐྱིད་ལ་མཚོན་ན་ཉིན་རེ་རེ་ཉི་མ་ཡར་ཤར་ནས་གྲིབ་ཚུར་རུབ་ཀྱི་བར་དུ་ཁོ་མོ་གཅིག་པུས་བུ་མོ་གཉིས་ཀ་སྙོར་ནས་བསྡད་ན་ཧ་ཅང་སུན་སྣང་སྐྱེས་ཀྱིན་ཡོད་པས། ནམ་རྒྱུན་ལས་གྲོལ་བྱས་མ་ཐག་ཁྱོ་ག་མྱུར་མོར་ཡུལ་དུ་ཐོན་ཡོང་བར་རེ་སྒུག་བྱེད་ཀྱིན་ཡོད། ཡིན་ན་ཡང་ཁྱོ་ག་ཡུལ་དུ་མི་ཡོང་བའམ་ཡོང་ནའང་སྔོན་ཆད་ལྟར་རང་ཉིད་ལ་ཁ་བརྡ་མི་བྱེད་པའམ་ཁ་བརྡ་བྱེད་པ་ཉུང་དུ་ཕྱིན་ཡོད་པ་དེ་མ་བཟོད་པར། ཉིན་ཞིག་གི་གུང་ཟས་འཐུང་རྗེས་དོན་གྲུབ་ཀྱིས་སྔར་བཞིན་བུ་མོ་ཆེ་བ་ལྷ་མོ་སྒྲོལ་མ་པང་ནས་བརྙན་འཕྲིན་ལ་བལྟས་ནས་སྡོད་དུས། ཁོ་མོས་ཀྱང་ཟས་སྣོད་དག་ཉར་ཚགས་བྱས་ཚར་ཏེ་ཁོའི་གན་གྱི་འབོལ་ཁྲིའི་སྟེང་བསྡད་དེ་ཅུང་མ་རངས་པའི་ཉམས་ཀྱིས་“ཉིན་རྒྱུན་དུ་བརྙན་འཕྲིན་ལ་བལྟ་རྒྱུ་ཅི་ཞིག་འདུག་ཨང་”ཅེས་དྲིས་བྱུང་།
དོན་གྲུབ་ཀྱིས་ཅུང་ཙམ་ལ་བསམ་བློ་གཏོང་བ་ལྟར་ཁ་མི་གྲག་པར་སྡོད་པ་དང་། མཇུག་མཐར་ཁོ་མོའི་སྐད་ཆ་ཡང་ཐོས་ཡོད་པའི་ཚུལ་གྱིས། “བརྙན་འཕྲིན་ལ་མི་བལྟ་བར་ལས་རྒྱུ་མི་འདུག་པས་”ཞེས་ལན་བཏབ།
ཚེ་སྐྱིད་ཀྱིས་དེ་མུར། “འོ་ན་ཁ་བརྡ་བྱོས་དང་། ”ཟེར།
དོན་གྲུབ་ཀྱིས་གཞི་ནས་ཁོ་མོར་ལྟ་ཙམ་བྱས་ཏེ། “ཅི་ཞིག་ཁ་བརྡ་བྱེད་དགོས་”ཟེར།
ཚེ་སྐྱིད་ལ་ཡང་དེ་མུར་བཤད་རྒྱུ་གཞན་མེད་པར་གྱུར་ཏེ་མྱུར་མོར་འགྲམ་དུ་ཡོད་པའི་ཐིག་ལྭ་བསླེ་འཕྲོ་དེ་བླངས་ནས་ཁོར་སྟོན་བཞིན་དུ། “འདིའི་རི་མོ་ཡག་པོ་འདུག་ཨང་། ཁ་སང་རྒྱ་མོ་སྐྱིད་ཀྱི་ས་ནས་སྦྱངས་པ་ཡིན། ངས་ཁྱོད་ལ་འགག་ཐུང་ཞིག་བསླེ་ཟེར་བ་ཡིན་”ཟེར།
དོན་གྲུབ་ཀྱིས་ཁོ་མོས་བསྟན་པའི་རི་མོ་ལ་ལྟ་ཙམ་བྱས་རྗེས་མུ་མཐུད་དུ་བརྙན་འཕྲིན་ལ་ལྟ་བཞིན་དུ། “ང་ལ་མི་དགོས། ཁྱོད་མ་བུ་ཚོར་སླེས་ཤིག་”ཅེས་ལན་བཏབ།
ཚེ་སྐྱིད་ཀྱིས་ཧ་ཅང་སེམས་ཁུར་བྱེད་པའི་ངང་། “ད་ནི་སྟོན་མགོ་བཀུགས་ཟིན་པས། སྔ་མོ་ནས་མ་བསླེ་ན་དགུན་ཁར་ཁྱོད་གྲང་རྒྱུ་རེད། ”ཟེར།
དོན་གྲུབ་གཞི་ནས་དགོད་ཙམ་བྱས་ཏེ་སླར་ཡང་ཁོ་མོས་སླེ་བཞིན་པའི་ཐིག་ལྭར་ཞིབ་ལྟ་བྱེད་བཞིན་དུ། “ཚང་མས་བཤད་ན་ངའི་ལོ་ཚོད་ཀྱི་མི་དག་གིས་ལག་པས་བསླེས་བའི་ཐིག་ལྭ་གྱོན་པ་ལས་འཕྲུལ་ཆས་ཀྱིས་བསླེས་བའི་བལ་གོས་རྣལ་མ་གོན་ན་འོས་པ་རེད་ཟེར། དེ་དག་ལུས་ལ་གྱོན་ན་ཡང་མོ་ཡིན་པའི་ཁར་ད་དུང་དགུན་ཁར་དྲོན་པོ་ཡང་རེད་ཟེར། ”ཞེས་རང་ཉིད་ཀྱི་བསམ་ཚུལ་དྲང་མོར་བཤད།
འོན་ཀྱང་སྐད་ཆ་དེ་ནི་ཚེ་སྐྱིད་ལ་མཚོན་ན་ཅི་འདྲའི་གདུག་རྩུབ་ཆེ་བ་ཞིག་ཡིན་པ་ཁོས་ག་ལ་ཤེས། ཁོ་མོས་སྐད་ཆ་དེ་ཐོས་འཕྲལ་སྙིང་ལ་ཚེར་མ་ཟུག་པ་ལྟར་མི་བཟོད་པར་གྱུར་སོང་། “ཁྱོད་ལ་བུ་མོ་ཞིག་གིས་དེ་ལྟར་བཤད་པ་ཨེ་རེད། ངས་ནི་རང་ཉིད་ཀྱི་མཛུབ་མོ་ན་བར་མ་བལྟས་པར་ཐིག་དྲ་གཅིག་རེ་གཅིག་རེ་བྱས་ཏེ་བསླས་ཀྱང་མི་དགོས་ན་སྡུག་གྱོང་རེད། ངས་རང་ཉིད་ཀྱི་ཨ་མར་བྱིན་ཡང་ཆོག་པ་ཡིན་”ཟེར།
དོན་གྲུབ་ཀྱིས་ཀྱང་གཞི་ནས་རང་ཉིད་ཀྱིས་བཤད་ནོར་ཐེབས་པ་རྟོགས་ཏེ་མྱུར་མོར་དགོད་བཞིན་དུ་ངོ་དགའི་ཚུལ་དུ། “ཁོང་ཁྲོ་མ་ལངས། ངའི་སྐད་ཆའི་ནང་དོན་དེ་ཟེར་བ་མིན་པས་ཁྱོད་རང་གོ་ནོར་ཐེབས་པ་རེད་”ཅེས་བཤད།
ཚེ་སྐྱིད་ནི་སྦྲུལ་ལ་ཚེར་ལྕག་ཕོག་པ་ལྟར་ཕར་ཕྱོགས་སུ་གཅུ་ཙམ་བྱས་ཏེ། “བཤད་མི་དགོས། ཁྱོད་ཀྱི་ཁར་བལྟས་ན་ཁོག་མཐོང་གིན་འདུག་”ཅེས་ཟེར།
དོན་གྲུབ་ཀྱིས་མུ་མཐུད་དུ་དག་སེལ་བྱེད་དགོས་བྱུང་། “ཚང་མས་བཤད་པའང་ངོ་མ་བདེན་འདུག རྣར་མི་འགྲོ་ན་ཁྱོད་ཀྱིས་ལྟོས་དང་ཆོག་པ་རེད། ད་ལྟའི་དཔོན་པོ་ཚོའི་ཁྲོད་ན་སུ་ཞིག་གིས་ལག་བསླས་ཐིག་ལྭ་གོན་འདུག འདི་དག་ནི་ལོ་གཞོན་དག་གིས་གོན་ན་འོས་པ་རེད། ངས་ཀྱང་ཁྱོད་ཀྱི་བསམ་པ་ལོས་རྟོགས་མོད་་་་་སྐད་ཆ་དྲང་མོར་བཤད་པ་ཙམ་རེད་”ཅེས་བཤད།
ཚེ་སྐྱིད་ཀྱིས་མུ་མཐུད་དུ་ཁོ་ལ་ཁ་ཡ་མི་བྱེད་པར་ཐིག་ལྭ་སླེ་བར་བྱེད། ཐིག་ལྭ་བསླ་བཞིན་དུ་ཁོ་མོས་ཀྱང་བསམ་བློ་གཏོང་བཞིན་ཡོད་དེ། བསམ་བློ་རེ་བཏང་བ་ན་ངོ་མ་རང་ཉིད་ཀྱིས་མཐོང་མྱོང་བའི་ལས་ཁུངས་ཀྱི་དཔོན་པོ་དང་ལས་བྱེད་པ་དག་གི་ཁྲོད་ན་འཕྲུལ་ཆས་ཀྱིས་བསླས་པའི་བལ་ཐིག་ལྭ་བ་གོང་ཆེན་གྱོན་མཁན་མ་གཏོགས་ལག་བསླས་ཐིག་ལྭ་གྱོན་མཁན་ཞིག་ཡོད་པ་བཤད་རྒྱུ་མི་འདུག་ལ། ལག་བསླས་ཐིག་ལྭ་གྱོན་མཁན་ནི་ལོ་ན་གཞོན་པའི་བྱིས་པ་དག་དང་འབྱོར་བ་ཞན་པའི་མི་ཤ་སྟག་ཡིན་པ་གཞི་ནས་ཚོར་རྟོགས་བྱུང་། ཁོ་མོས་བསམ་བློ་གཏོང་བཞིན་དུ་ད་སྔོན་གྱི་ཁོང་ཁྲོ་ཡང་རིམ་བཞིན་ཞི་བར་གྱུར་ཀྱང་། ད་ནི་ངོ་མ་ཁྱོད་ཀྱིས་བཤད་པ་བདེན་འདུག་ཅེས་བཤད་སྲོལ་མི་འདུག་པས་རང་ཚུགས་ཤོར་དུ་མ་བཅུག་པར་གཞོགས་ཤིག་ཏུ་འཁོར་ནས་བསྡད། སྟབས་ལེགས་པ་ལ་སྐབས་དེར་ཕ་རོལ་ནས་བཙས་ནས་ཟླ་བ་ལྔ་དྲུག་ལས་འགོར་མེད་པའི་ཀླུ་མོ་སྒྲོལ་མ་ངུས་བྱུང་བས་ཁོ་མོ་དེ་འཕྲལ་ལངས་ནས་བུ་མོ་ལེན་དུ་བུད་སོང་།
ཚེ་སྐྱིད་ཀྱིས་བུ་མོ་པང་ནས་ཕྱིར་སྔར་མལ་དུ་ཡོང་ནས་བསྡད་རྗེས་བུ་མོར་ནུ་མ་ལྡུད་བཞིན་དུ། གདོང་ལ་འཛུམ་ཞིག་ལངས་ནས་བུ་མོར་ལྟ་བཞིན་ཁ་སློང་བའི་ཚུལ་གྱིས། “སྐྱག་ཕྲུག་མ་ཁྱོད་བུ་ཞིག་ཅི་ལ་མིན་སོང་། ཁྱོད་བུ་ཞིག་ཡིན་ཚེ་ཨ་མའི་སེམས་ཅི་འདྲའི་སྐྱིད་ཨང་”ཟེར་བས། བུ་མོས་ཀྱང་ཁོ་མོའི་སྐད་ཆའི་ཧ་གོ་བཞིན་པ་ལྟར་དེ་མུར་ཁ་ནང་ནས་ནུ་མ་འཕངས་ཏེ་དཀྱེལ་ཤད་འགའ་བྱས་ཏེ་ངུས་བྱུང་། ཚེ་སྐྱིད་དགོད་བཞིན་དུ་“ཨ་ལ་ཀུ་རེ་ཡིན། ཀུ་རེ་ཡིན། ངའི་བུ་མོ་ཨ་མའི་སྲོག་ཡིན། མ་ངུ་ཨང་”ཟེར་བཞིན་ཡང་བསྐྱར་ཁ་རུ་ནུ་མ་བཞག་ནས་བསྣུན། སྐབས་དེར་དོན་གྲུབ་ཀྱིས་མུ་མཐུད་དུ་བརྙན་འཕྲིན་ལ་མི་བལྟ་བར་གློག་སྒོ་བརྒྱབ་རྗེས། རང་ཉིད་ཀྱི་པང་དུ་ཡོད་པའི་ལྷ་མོ་སྒྲོལ་མར་ཁ་སློང་བའི་ཟོལ་གྱིས་ཚེ་སྐྱིད་ལ་ལྟ་བཞིན། “བརྙན་འཕྲིན་ལ་མི་བལྟ་བར་བྱ། ལྟོས་དང་། ཨ་མ་ཁོང་ཁྲོ་ལངས་འདུག་པ་མི་མཐོང་ངམ། ངེད་གཉིས་ལ་གཅར་རྡུང་བྱེད་ངེས་རེད་”ཅེས་བཤད།
ཚེ་སྐྱིད་ཀྱི་ཁ་ཕར་འཁོར་ཙམ་བྱས་ཏེ། “ཁ་ཡག་བཤད་མི་དགོས། ཁྱོད་རང་ད་ལྟ་འགྱུར་འདུག་པ་ངས་མི་ཤེས་སམ་”ཟེར།
དོན་གྲུབ་ཧ་ཅང་ཡ་མཚར་བར་གྱུར་ཏེ་བགད་བྱུང་། “ཅི་ཟེར། ངའི་ཅི་ཞིག་འགྱུར་འདུག་གམ་”ཅེས་དྲིས།
ཚེ་སྐྱིད་ཀྱི་ངོ་མདངས་དེ་འཕྲལ་དམར་བོར་འགྱུར་བཞིན་དུ་མུ་མཐུད་དུ་ནུ་མ་ནུ་བཞིན་པའི་ཀླུ་མོ་སྒྲོལ་མར་ཅེར་བཞིན། “ཀླུ་མོ་སྒྲོལ་མ་བུ་ཞིག་མ་ཡིན་པ་ནས་བཟུང་ཁྱོད་འགྱུར་འདུག ཐ་ན་ལས་གྲོལ་བྱས་རྗེས་ཐད་ཀར་ཡུལ་དུ་ཡང་ཡོང་འདོད་སྐྱེས་ཀྱིན་མི་འདུག་པ་ངས་མི་ཤེས་སམ་”ཞེས་ཟེར།
དོན་གྲུབ་ཀྱིས་རང་དབང་མེད་པར་ངུ་དགོད་ཅིག་བྱས་ནས། “ངོ་མ་བླུན་བཤད་བྱེད་ཀྱིན་འདུག ང་ལ་འདི་འདྲའི་བུ་མོ་སྙིང་རྗེ་གཉིས་ཡོད་པས་ཡིད་ཅི་ལ་མི་ཚིམ། ལན་རེར་ལས་ཁུངས་སུ་འགྲུལ་བ་ཡོད་པས་ཁྱིམ་དུ་ཡོང་ཁོམ་མ་བྱུང་བ་རེད་”ཅེས་བཤད།
ཚེ་སྐྱིད་ཀྱིས་ཧུར་རེར་ཁོའི་རྣམ་འགྱུར་ལ་རྟོག་པ་ལྟར། “འོ་ན་ཉིན་རྒྱུན་དུ་ལས་ཁུངས་ནང་ལ་འགྲུལ་བ་ཡོད་པ་རེད་དམ་”ཞེས་དྲིས་བྱུང་།
དོན་གྲུབ་ཅུང་སུན་སྣང་སྐྱེས་པར་གྱུར་ཏེ། “དེ་རིང་འགྲུལ་བ་མེད་པས་ང་ཡུལ་དུ་ཡོང་ཡོད་པ་མ་རེད་དམ། ཁྱོད་ཀྱིས་བསམ་བློ་སྐོར་ལོག་མ་རྒྱག ད་ནི་ལས་ཚུགས་ལ་ཉེ་བས་ང་རང་ལས་ཁུངས་ནང་དུ་འགྲོ་དགོས་”ཞེས་བཤད།
ཚེ་སྐྱིད་ཀྱིས་ཀྱང་ཁོ་རང་བུ་མོ་གཉིས་ཀར་འདང་རྩིས་ཆེ་བ་ཡོད་པ་གསལ་བོར་ཤེས་པས། དེ་མུར་སྐད་ཆ་གཞན་མི་བཤད་པར། “དགོང་མོ་སྔ་སེ་ཤོག་དང་། ངས་ལུག་ཤ་བཙོས་ལ་འཇོག་”ཟེར།
དོན་གྲུབ་ཡར་ལངས་ཏེ་ལྭ་བ་གྱོན་དུས་ལྷ་མོ་སྒྲོལ་མས་ཀྱང་ཨ་ཕ་ལས་ཀར་འགྲོ་རྒྱུ་ཡིན་པ་རྟོགས་ནས་“ཨ་ཕ། ཀ་ཀ་”ཞེས་ཀ་ར་ཉོས་ཡོང་དགོས་པའི་རེ་བ་བཏོན་བྱུང་།
དོན་གྲུབ་ཀྱིས་བུ་མོ་གཉིས་ཀར་འོ་རེ་རེ་བྱས་རྗེས་སྒོ་ཕྱེ་སྟེ་ལས་ཀར་སོང་། ཁོ་རང་ལམ་དུ་འགྲོ་བཞིན་དུ་སེམས་ལ་ད་སྔོན་གྱི་ཆུང་མའི་སྐད་ཆ་དག་དྲན་པས་སྣང་བ་ཧ་ཅང་ཡང་ཡང་བོར་གྱུར་སོང་། ཆུང་མར་བྱུང་བའི་ཚོར་སྣང་དེ་འདྲ་ཞིག་རང་ཉིད་ལའང་དེ་སྔོན་ཞིག་ནས་དངོས་སུ་སྐྱེས་བྱུང་བའི་སྣང་བ་སྐྱེས། ཁོས་སེམས་ཞིབ་མོས་ད་བར་གྱི་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་བསམ་གཞིགས་བྱེད་དགོས་བྱུང་།
སྐབས་འདིར་ཁོའི་སེམས་ལ་རང་དབང་མེད་པར་ཁོ་དང་ལས་ཁུངས་གཅིག་གི་ནང་དུ་ཡོད་པའི་ལྕགས་མོ་ཐར་དྲན་བྱུང་། ཁོ་མོ་ནི་ལོ་འགའི་ཡར་སྔོན་དུ་ལས་ཁུངས་འདིར་ཡོང་བ་ཡིན་ཞིང་ཁྱོ་ག་ནི་དངུལ་ཁང་གི་ལས་གཉེར་བ་ཞིག་རེད། དེང་ཐོག་དོན་གྲུབ་ལས་བྱེད་པ་དཀྱུས་མ་ཞིག་ཡིན་དུས་ཁོ་མོས་ཁོ་ལ་དེ་འདྲ་སྣང་འཇོག་བྱེད་ཀྱིན་མེད་པ་ལྟར་སྣང་ཡང་། དེ་རྗེས་ཁོ་རང་པུའུ་ཀྲང་གི་གོ་སར་བསྐོས་འཕྲལ་སྔོན་ཆད་ཀྱི་མི་དེ་གཞན་ཞིག་ཏུ་འགྱུར་བ་ལྟར་ནམ་རྒྱུན་ཁོའི་གན་དུ་བཅར་ཅི་ནུས་ཀྱིས་ཁ་བརྡ་བྱེད་ལ། རིམ་བཞིན་དུ་ཕོ་མོའི་འབྲེལ་བའི་སྐོར་གྱི་འདོད་གཏམ་སྣ་ཚོགས་ཀྱང་མངོན་སུམ་འཛེམ་མེད་ཀྱིས་བཤད་ཡོང་བས། དེ་དུས་ཁོས་ཀྱང་གཅིག་ནས་རང་ཉིད་ཀྱི་སྣང་བརྙན་ལ་འཛེམ་པ་དང་། གཉིས་ནས་ཁོ་མོ་ཁྱོ་ག་དང་ལྡན་པའི་མི་རེད་པས་ཁྱིམ་དཀྲུག་བྱེད་པར་དོགས་ནས་དམིགས་ཡུལ་ཅི་ཡང་འཛིན་མ་མྱོང་།
ད་སྔོན་ཆུང་མས་“ཁྱོད་ལ་བུ་མོ་ཞིག་གིས་དེ་ལྟར་བཤད་པ་ཨེ་རེད་”ཅེས་དྲིས་པར་ཡང་ཁག་མི་འདུག་སྟེ། ན་ནིང་ལོར་ཁོས་ཚེ་སྐྱིད་ཀྱིས་བསླས་པའི་ཐིག་ལྭ་སྐྱ་བོ་དེ་གོན་ཡོད་དུས། ཐེངས་ཤིག་ལྕགས་མོ་ཐར་ཁོའི་གཞུང་ལས་ཁང་དུ་ཡོང་སྟེ་ཁ་བརྡ་བྱེད་པའི་བར་ནས་ན་རེ། “ད་ལྟ་དཔོན་པོ་སུ་ཞིག་གིས་ཐིག་ལྭ་རྫོབ་པོ་འདི་འདྲ་གོན་གྱིན་འདུག འདི་དག་ནི་ཞིང་ལས་པ་དག་གིས་གྱོན་པ་རེད་པས། ད་ལྟ་ཚོང་ཁང་དུ་རྩ་ཆེན་ཡག་པ་ཅི་འདྲ་བཙོང་རྒྱུ་ཡོད་པ་མ་མཐོང་ངམ་”ཞེས་བཤད་བྱུང་། སྐབས་དེར་ཁོ་ཡང་ཁོ་མོའི་གན་དུ་ཅུང་ངོ་གནོང་བར་གྱུར་སོང་ལ། དེ་ནས་བཟུང་ཁོས་གཞི་ནས་ཁོ་མོས་བཤད་པའི་སྐད་ཆར་གནས་ལུགས་འདུག་སྙམ་ནས་རང་ཉིད་ཀྱི་གྱོན་གོས་ཀྱི་ཐད་ལ་ཅུང་དང་དོད་བྱེད་དགོས་བྱུང་།
དེ་རྗེས་བུ་མོ་ཆུང་བ་བཙས་པ་ནས་བཟུང་ཁོ་མོས་སྔོན་ལྟར་བུ་བཙས་ན་བཟང་ཚུལ་དང་བུ་མོ་བཙས་ན་མི་བཟང་ཚུལ་གྱི་རྩོད་གླེང་སྣ་ཚོགས་བྱས་པ་དེ་ནི་ཆེད་དུ་ཁོ་ལ་ཀུ་རེ་བྱེད་པ་ཁོས་ཀྱང་ཤེས་མོད། ཀུ་རེ་བཤད་ན་ཡང་དོན་དངོས་ཀྱི་གཞི་འཛུགས་ས་མེད་པ་མིན་པས་ཁོའི་སེམས་ལ་ཅུང་གཡོ་འགུལ་ཐེབས་བྱུང་བ་འདྲ།
ཁོའི་སེམས་ལ། “ང་རང་དངོས་གནས་འགྱུར་འདུག་པ་ཡིན་ནམ་”སྙམ།
ད་ལྟ་ཁོ་རང་ཁྱིམ་ཚང་གི་འགན་ཁུར་ཕྲག་ཏུ་ཡོད་པའི་མི་ཞིག་ཡིན་པར་མ་ཟད་ཐོབ་དང་གོ་ས་ཡོད་པའི་མགོ་ཁྲིད་ལས་བྱེད་པ་ཞིག་ཀྱང་ཡིན་ལ། དོན་དག་གང་དང་ཅི་བསམ་བློ་གཏོང་ཤེས་ཤིང་ཐག་གཅོད་བྱེད་པའི་ནུས་པ་ལྡན་པ་ཡིན་པས། སྤྱིར་བཏང་གི་སྤྱི་ཚོགས་སྟེང་གི་གསར་བུ་མགོ་སྟོང་ཚོ་དང་འདྲ་བར་བུད་མེད་གཅིག་མཐོང་ཚེ་གཅིག་དོར་བར་བྱེད་པའི་ཧོལ་རྒྱུགས་ཀྱི་བྱ་བ་བསྒྲུབས་ག་ལ་སྲིད་དེ་མི་སྲིད་དོ།
ཁོའི་སེམས་ལ། “བུད་མེད་གཞན་གྱི་སྐད་ཆར་ཉན་རྒྱུ་ཡོད་མི་སྲིད་པས། གང་ནུས་སྒོས་ཁོ་མོ་དག་དང་བར་ཐག་ངེས་ཅན་ཞིག་བཀྱེད་ན་ལེགས་པ་རེད་”སྙམ།
རྩོམ་ཁུངས། ངེད་དྲ་བ།