ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༨
བརྒྱད།
བུ་མོ་ལོ་གཅིག་ལ་བུད་མ་ཐག་ཏུ་ཚེ་སྐྱིད་ཡང་བསྐྱར་རྫོང་མི་དམངས་སྨན་ཁང་གི་སྦྲུམ་མ་བཙའ་སའི་སྟེགས་བུའི་སྟེང་དུ་བསྙལ་འདུག བཙའ་རན་སླེབས་ལ་ཉེ་དུས་ཁོ་མོས་ཨ་མ་བཀྲ་ཁོ་བོས་ཡོང་དགོས་ཞེས་རེ་བ་ཞུས་ཀྱང་དོན་གྲུབ་ཀྱིས་སྨན་ཁང་ནང་དུ་སྨན་པ་ཡོད་པས་ཁྱོད་སྐྲག་དགོས་པ་མ་རེད་ཟེར། འོན་ཀྱང་ད་ལྟ་ཁོ་མོའི་གན་དུ་སྨན་པ་མ་གཏོགས་མི་གཅིག་ཀྱང་མེད་པས་ཁོ་མོའི་སེམས་ལ་འཇིགས་སྐྲག་ཆེན་པོ་སྐྱེས་འོང་། བཙའ་སྟེགས་སྟེང་དུ་ཁོ་མོའི་སྒྱིད་པ་གཉིས་མཐོ་རུ་འདེགས་སུ་བཅུག་ཅིང་ལག་པ་གཉིས་ཀ་ལོགས་གཉིས་སུ་དམ་པོར་བཀྱིགས་ཡོད་ཅིང་། ན་ཟུག་ཅི་འདྲ་ལངས་ཀྱང་འགུལ་སྐྱོད་བྱེད་ཐབས་མི་འདུག་པས་ཁོ་མོའི་སེམས་ལ་རང་དབང་མེད་པར་འཇིགས་སྐྲག་ཅིག་སྐྱེས་ཏེ་ཤན་པའི་མདུན་གྱི་བཤའ་ལུག་ལྟར་འདར་སིག་སིག་བྱེད་ཀྱིན་འདུག དེང་ཐོག་རང་ཁྱིམ་ནས་སྐྱ་བྷོ་བཙའ་དུས་སུ་ཡང་ཁོ་མོ་འདི་འདྲ་ཞིག་སྐྲག་མ་བྱུང་བ་འདྲ། སྨན་པས་སེམས་གསོ་བྱེད་པའི་གདངས་ཀྱིས་“པང་རྒོད་མ་རེད་པས་ཁྱོད་རང་སྐྲག་མི་དགོས། སྨན་ཁང་ནང་དུ་བྱིས་པ་བཙའ་དུས་འདི་ལྟར་བྱེད་དགོས་པ་རེད། ཤུགས་བཏོན་ནས་ཚིརད་ཅིག་”ཟེར།
ཁོ་མོས་ཤུགས་བཏོན་ནས་བཙིར་བཞིན་དུ་ན་ཟུག་མ་ཐེག་པར་ཁ་ནས་གང་བྱུང་དུ་འོ་དོད་འབོད་པར་བྱེད།
སྨན་པས་ཁོ་མོའི་འགྲམ་ནས་“ད་དུང་སྔ་བར་འདུག ཤུགས་བཏོན་ནས་ཚིར་དང་”ཟེར། གཟེར་ཟུག་རྒྱག་པའི་བར་ཐག་ཇེ་ཉེར་ཕྱིན་པ་དང་བསྟུན་ནས་ཁོ་མོས་ན་ཟུག་མ་བཟོད་པར་མིག་ཆུ་ཤུར་ཤུར་དུ་བཞུར་བྱུང་།
སྨན་པས་སྔར་བཞིན་“ཚིརད་ཅིག ད་དུང་ཚིརད་ཅིག”ཟེར་གྱིན་ཡོད་ན་ཡང་། སྨན་པའི་མིག་ཆེ་རུ་ཅེར་ཞིང་མཆུ་འདབ་ཤུགས་ཀྱིས་འགུལ་གྱིན་པ་མཐོང་བ་ལས་སྐད་ཆ་ནི་ཧ་ཅང་གཏིང་རིམ་ཞིག་ན་བཤད་པ་ལྟར་གསལ་ལ་མི་གསལ་བ་ཞིག་ལས་གོ་རྒྱུ་མི་འདུག
སྨན་པ་བྲེལ་འཚབ་ལངས་བྱུང་། “ཧུར་ཐག་བྱོས་ཤིག བྱིས་པའི་མགོ་བུད་བྱུང་”ཟེར། ཚེ་སྐྱིད་ཀྱི་སྐྲ་འདབས་དང་ངོ་གདོང་། ཁོག་སྟོད་ཀྱི་ནང་གོས་ཚང་མ་རྔུལ་ཆུས་བརླན་ཞིང་རླངས་པ་ཐོལ་ཐོལ་དུ་འཕྱུར་གྱིན་འདུག ཁོ་མོས་དབུགས་ཧལ་ཧལ་དུ་འབྱིན་བཞིན་དུ་ཕྱོགས་གཅིག་ནས་ཤེད་བཏོན་ནས་བཙིར་བཞིན་ཡོད་པ་དང་ཕྱོགས་གཅིག་ནས་སྨན་པའི་སྐད་ཆ་མི་ཉན་པར་འོ་དོད་འབོད་ཀྱིན་འདུག
སྨན་པས་ཀྱང་འཚབ་འཚུབ་ངང་དུ་ཁོ་མོར་སྐུལ་ལྕག་གཏོང་གིན་འདུག“ཧུར་ཐག་བྱོས་ཤིག ད་དུང་ཧུར་ཐག་བྱོས་ཤིག་་་་་”ཟེར།
“ཡ་་་་་ངས་ཤུགས་འདོན་་་་་་”ཚེ་སྐྱིད་ཀྱིས་ཤུགས་བཏོན་པ་དང་བསྟུན་ནས་པ་སྒལ་བ་ཡང་ཡར་བཏེགས་ཡོང་།
སྨན་པས་གཞི་ནས་“བྱིས་པ་ཕྱིར་ཐོན་བྱུང་”ཟེར།
“བཙས་བྱུང་ངམ། ”ཚེ་སྐྱིད་ཀྱིས་གཞི་ནས་ཤུགས་རིང་ཞིག་འཐེན་ནས་ཤུགས་ཟད་པའི་མིག་གིས་བར་སྣང་དུ་ཅེར་བཞིན་“བྱིས་པ་ཅི་ཞིག་རེད་”ཅེས་འདྲི་བཞིན་ཡར་དགྱེ་དགོས་བྱུང་།
སྨན་པས་“ད་དུང་མ་འགུལ་ཞིག བྱིས་པ་བུ་མོ་ཞིག་རེད་། བཤགས་བཅོས་ད་དུང་མཇུག་སྒྲིལ་མེད་”ཟེར།
ཁོ་མོ་དེ་མུར་ཡི་ཆད་པར་གྱུར་ཏེ་ཕྱིར་མལ་སའི་ནང་དུ་ལྷུང་བ་ལྟར་ཉལ་བྱུང་། ཕལ་ཆེར་ཆིག་ལབ་རྒྱག་བཞིན་པ་ལྟར་སྐད་དམའ་མོས། “དེས་ན་བྱིས་པ་འདི་བཙས་མ་བཙས་གཅིག་ཡིན་སོང་བ་རེད་ཨང་”ཟེར།
སྨན་པས་ཁོ་མོར་སྡིགས་མོ་བྱས་བྱུང་། “འདི་འདྲའི་ཨ་མ་ཞིག་ཀྱང་ཡོད་དམ། བྱིས་པ་མི་དགོས་ན་དེང་ཐོག་མངལ་སྦྲུམ་དུ་བཅུག་ནས་ཅི་བྱེད་”ཟེར།
རྩོམ་ཁུངས། ངེད་དྲ་བ།