སློབ་གྲྭ་ལས་བུད་རྗེས།

ཚེ་དབང་རིག་འཛིན།༼མགོ་ལོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-18

  དེ་ནི་དུས་བཞིའི་རྣམ་པ་ཧ་ཅང་གསལ་བའི་མཚོ་བོད་མཐོ་སྒང་གི་ཁོངས་གཏོགས་དང་།  གངས་རི་མཐོན་པོ་ཨ་མྱེ་རྨ་ཆེན་ཞེས་ཡོངས་སུ་གྲགས་པའི་རི་རྒྱུད་ཀྱི་མར་གཤམ་དུ་ཆགས་པའི་འབྲོག་སྡེ་ཞིག་ཡིན།  ས་དེ་གའི་ཡུལ་མི་ཚོའི་ཁ་དཔེར།  “སྤྲེལ་ས་གད་རྡོ་གད”ཅེས་དགུན་ཟླ་གསུམ་པ་ནི་ལོ་གཅིག་གི་ནང་གི་གནམ་གཤིས་ཆེས་འཁྱག་པའི་དུས་ཚོད་ཡིན་པས། མདུན་ཕྱོགས་སུ་དལ་གྱིས་བཞུར་བཞིན་པའི་གསའ་གཞུང་ཆུ་བོའང་སྔ་མོ་ནས་དར་མཐུག་པོ་ཞིག་གི་འོག་ཏུ་གོ་མེད་ཚོར་མེད་ངང་བཞུར་གྱིན་ཡོད་ལ།  ཉེ་འཁོར་གྱི་ལུང་ཆུང་དག་གི་ཆུ་དང་དབྱར་ཁར་ཡོད་མེད་ཀྱང་གསལ་བོར་མི་རྟོགས་པའི་ཆུ་མིག་གམ་ཆུ་མགོ་དག་དུའང་དར་ཇེ་ཆེ་དང་ཇེ་མཐོར་སོང་སྟེ་རྟ་ནོར་དག་ཅི་དགར་བགྲོད་དཀའ་བར་གྱུར་ཅིང་བྱིས་པ་ཚོའི་རང་བྱུང་འཁྱག་ཤུད་བྱེད་སའི་གནས་མཆོག་ཅིག་གློ་བུར་དུ་གྲུབ་ཡོད།  
  ད་ནི་ལྕགས་དྲས་བསྐོར་བའི་ལུང་ཤུར་དེའི་ངོས་ལས་གཞན་པའི་ཕྱོགས་གང་དུའང་ནག་ཧྲེང་ངེ་ཞིག་ལས་རྩྭ་སའི་ཁ་དོག་ཅི་ཡང་མི་འདུག་ཅིང་།  ལྕགས་དྲའི་ནང་གཅིག་པུ་ཆུ་ཚོན་རི་མོ་ཞིག་དང་འདྲ་བར་གསལ་ལྷང་ངེར་ཡོད་པས་འབྲོག་པ་དག་གི་མིག་ལ་ཆེས་བདེ་སྣང་སྟེར་བའི་རྩྭ་ས་ཆུང་ཆུང་ཞིག་ཡིན་པ་སྨོས་མ་དགོས་ལ།   རྩྭ་ས་དེར་བལྟ་ཐེངས་རེ་རེར་ལྕགས་དྲའི་ཕྱི་ནང་གཉིས་ཀྱིས་ཁོ་ཚོར་དགའ་སྡུག་གི་ཚོར་བ་ཛ་དྲག་ཅན་གཉིས་རེ་སྟེར་དང་སྟེར་གྱིན་ཡོད། 
  ཞོགས་པ་དེར་བདེ་སྐྱིད་ཕྱུགས་ལྷས་ཀྱི་རའི་བར་མཚམས་སུ་ལྕི་བས་བརྩིགས་པའི་དགུན་ཁ་ཁོ་ནར་ཕྱུགས་ལྷས་ཀྱི་རྐུན་མ་འགོག་པ་དང་བཟའ་ཟླ་གཉིས་འདོད་བརྩེ་ལ་རོལ་བར་ཆེད་དུ་བསླངས་པའི་ལྕི་ཁང་ཆུང་ཆུང་མི་གཉིས་ཉལ་ཚེ་གཞོགས་སུ་ལྷམ་འཇོག་སའང་ལེགས་པོ་ཞིག་མི་རྙེད་པའི་ཁང་མིག་དེའི་ནང་ནས་འཐད་ལ་མི་འཐད་པའི་ངང་ནས་ཡར་ལངས་སྟེ། ཉེ་འགྲམ་ཀྱི་ལྕི་སླེའུ་ཁུར་ནས་གཡག་རྡང་གི་མགོ་ནས་ལྕི་བ་སྒྲུག་མགོ་བརྩམས།  ཉེ་བའི་ལོ་འགའི་སྔོན་ནས་འབྲོག་ཕྱོགས་སུ་ཁང་བ་ལས་ཏེ་གཏན་སྡོད་ལྟ་བུར་ཆགས་ཟིན་པས་ཕྱུགས་ལྷས་སུ་ས་རྡུལ་དང་ལྕི་རྡུལ་འདྲེས་མས་ཡོངས་སུ་གང་ནས་རྐང་བ་ཐོགས་འགྲོ་ས་ལྟ་བུར་གྱུར་ཡོད་ཅིང་།  དེའི་ནང་དུ་གོམ་པ་རེ་རེ་སྤོས་ན་རྡུལ་སྤྲུག་ནས་ལྷམ་དང་གྱོན་པ་དེ་མ་ཐག་སྦག་པར་བྱེད་ཅིང་རླུང་འཚུབ་དང་འགྲོག་ཏེ་ནམ་ཡང་མིག་ལ་གཙེས་འོང་། 
  ཁ་ངོ་གཙང་བཀྲུ་བྱས་པའི་གཞོན་ནུ་མ་མཛེས་མ་ཞིག་ཡིན་ཡང་ལྷས་རར་ལས་ཀ་བསྒྲུབ་ཚེ་མིག་ཟུང་གི་མཐའ་རུ་དེ་མ་ཐག་ཏུ་རྡུལ་གྱི་མིག་སྐྱག་ཆེན་པོ་རེ་མྱུར་དུ་ཆགས་ཏེ་མཛེས་ཉམས་བཏོད་པར་དཀའ་ལས་བཟོ་བཞིན་ཡོད།  བདེ་སྐྱིད་ཀྱིས་ལྕི་བ་སྒུམ་ནས་ཅང་མ་འགོར་བར་ཁ་དཀྲིས་ཀྱི་མདུན་ངོས་ཡོངས་སུ་དར་དང་བད་འདྲེས་མ་ཕོན་པོ་ཞིག་ཆགས་ནས་དབུགས་འབྱིན་རྔུབ་ཀྱང་ཡག་པོ་ཞིག་མི་ཐུབ་པར་གྱུར་ལ།  ལག་གཡས་པར་རས་སྐུད་བསླེས་མའི་ལག་ཤུབས་ཤིག་གྱོན་ཡོད་མོད།  འཁྱག་ཐོ་(ལྕི་བ་འཁང་བའི་མིང་།)དེ་དག་ལ་རེག་ཐེངས་རེ་རེར་གྲང་བའི་ན་ཟུག་བཟོད་མི་ཐུབ་ཅིང་།  རྡུལ་གྱི་ནང་དུ་བརྒལ་བས་ལྷམ་ཡུ་ཐུང་དེའི་ཁ་ནས་རྡུལ་ལྷམ་ནང་དུ་བླུགས་པས་རྐང་འབོབ་དང་རྐང་བ་ལྷམ་སོགས་མཉམ་གཅིག་ཏུ་འབྱར་འགྲོ་བའི་ཚོར་སྣང་ཞིག་གིས་གོམ་པའང་ལེན་མི་བདེ་བར་གྱུར།  སྐབས་དེར་མོས་ཁྱིམ་ཚང་འདི་ཚང་ལ་བག་མར་མ་ཡོང་སྔོན་གྱི་འཚོ་བ་དག་རེ་རེ་བཞིན་སེམས་པའི་ངོས་སུ་ཤར་ཞིང་།  ལྷག་པར་དུ་ཞོགས་པའི་དུས་ཚོད་འདིར་ཅི་ཞིག་བྱེད་གྱིན་ཡོད་པ་གློག་བརྙན་ལྟར་ཕྱིར་དྲན་གྱི་ཀློང་དུ་འབྱམས།
  དེ་ཡང་མོ་ནི་སྡེ་བ་འདི་དང་བར་ཐག་སྤྱི་ལེ་སུམ་ཅུ་ཡས་མས་ཤིག་གི་མཚམས་སུ་ཡོད་པའི་འབྲོག་སྡེ་གཞན་ཞིག་གི་བུ་མོ་ཞིག་སྟེ།  ཁྱིམ་ཚང་དེར་ཕ་མ་གཉིས་ལ་བུ་ཕྲུག་གསུམ་ཡོད་པའི་ཆེ་བ་ཡིན་ཞིང་།  རྫོང་མཁར་དང་བར་ཐག་ཤིན་ཏུ་ཉེ།  བདེ་སྐྱིད་ཆུང་དུས་སུ་ཚད་ལྡན་གྱི་སློབ་ལོ་རན་པའི་བྱིས་པ་ལོ་བརྒྱད་ཀྱི་སྟེང་སློབ་གྲྭར་ཞུགས་མ་ཐུབ་མོད།  (སློབ་གྲྭར་སྡོད་མི་ཐུབ་པར་སྙམ་ནས་ཕ་མས་མངག་མ་བྲ་བ་ཡིན)  ལོ་བཅུའི་སྟེང་ནས་རྫོང་མཁར་གྱི་བོད་ཡིག་བཅའ་སྡོད་སློབ་ཆུང་དུ་ཞུགས་ནས་སློབ་མའི་འཚོ་བ་རོལ།  དེ་ལྟར་ཞོགས་པའི་དུས་ཚོད་རེ་རེར་ཁ་ལག་གཙང་བཀྲུ།  གཙང་ཞིང་གྲལ་དག་པའི་ལྭ་བ་དང་ལྷམ་སོགས་གྱོན་རྗེས་སློབ་གྲྭའི་རྒྱ་སྒོ་ནས་མདུན་ཕྱོགས་གྱི་སྤང་ཐང་དེ་རུ་འཛིན་གྲྭ་རེ་རེ་བཞིན་གྲལ་ཡག་པོར་སྒྲིག་ཏེ་ཞོགས་པའི་ལུས་སྦྱོང་བྱེད་ཅིང་།  ལུས་སྦྱོང་དེས་ནི་བྱིས་པ་ཚོའི་རྣམ་རིག་ཇེ་གསལ་དུ་གཏོང་བའི་ཚོར་བ་སྐྱིད་པོ་རེ་སྦྱིན་པར་བྱེད།  ཞོགས་སྦྱོང་གི་རྗེས་ནས་སློབ་གྲྭའི་ར་བའི་ནང་ནས་སྦྱང་གཞི་གང་རུང་གི་བློ་སྐྱོར་གྱི་སྒྲ་དབྱངས་སྙན་མོ་ཞིག་གིས་ཁོར་ཡུག་ཡོངས་སུ་ཁྱབ་པར་བྱེད། 
  མོ་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་སྒྲོལ་མ་དང་གསེར་མཚོ་སོགས་འགའ་ཞིག་དུས་རྒྱུན་དུ་སློབ་རའི་ལྒང་ཐང་གི་གཡས་ཕྱོགས་ཀྱི་རྩྭ་ཐང་ནས་ཡར་འགྲོ་མར་འགྲོ་བྱེད་བཞིན་སྐྱོར་སྦྱོང་བྱེད་ཅིང་།  མཚམས་དང་མཚམས་རེར་འབྲེལ་ཡོད་ཤེས་བྱར་དོགས་སློང་དང་བགྲོ་གླེང་བྱེད་པ་།  ཀུ་རེ་རྩེ་བ་སོགས་ཉིན་རེ་རེའི་ཞོགས་པའི་དུས་ཚོད་ནི་ཆེས་སྤྲོ་སྐྱིད་ལྡན་པ་ཞིག་གིས་སྐྱེལ་འགྲོ།  མོ་རང་འདི་ལྟར་ཕྱིར་དྲན་གྱི་ངང་ནས་སད་པ་ལྟར་གྱུར་བ་ན་བེའུ་རྡང་གི་ལྕི་བ་གཅིག་ཀྱང་སྒུམ་མེད་ལ་སྟེང་ཕྱོགས་ཀྱི་འཁྱག་རྩིག་ཅིག་གི་ངོས་སུ་ཁེན་ནས་མིག་ནས་མཆི་མ་དབང་མེད་དུ་བཞུར་གྱིན་ཡོད།  སྐབས་དེར་སྨད་ཕྱོགས་ཀྱི་ལྕི་ཁང་ནང་ནས་ཁྱོ་ག་ཚེ་བཟང་གིས་ཉལ་སའི་ནང་ནས་མགོ་བོ་བཀྱག་ཏེ་སྒོའི་ཕྱར་རའི་གཡས་ཕྱོགས་ཡར་བཏེགས་ནས་སྐད་གདངས་ཅུང་དྲག་པོས་“ཁྱོས་ཅི་ཞིག་བྱེད་ཀྱིན་ཡོད། ལྕི་བ་འཕེན་ཚར་ན་མྱུར་དུ་ནང་ཇ་སྐོལ།”ཟེར།སྐད་ཆ་དེས་མོ་སྙིང་ལོག་ཅིག་བྱས་པས་འཚབ་བེ་འཚུབ་བེར་བེའུ་རྡང་གི་ལྕི་བ་སྒྲུག་དུ་ཕྱིན།  ངོ་མ་བཤད་ན་ཁྱོ་གའི་བཤད་པ་ལྟར་ལོས་ཡིན་ཏེ།  འདི་ལྟར་ལྕི་སླེའུ་ཁུར་ནས་སྡོད་ཁོམ་ཞིག་གང་ན་ཡོད།  ཞོགས་པའི་དུས་ཚོད་རེ་རེར་ནོར་ནག་བརྒྱ་ལྷག་གི་ལྕི་བ་འཕེན་པ་དང་།  འཁྱག་ཐོ་བརྩིགས་ཏེ་ར་བ་ལས་པ།  རྟ་རའི་རྟ་ལུད་འཕོ་བ།  ནང་ཇ་སྐོལ་ཞོར་དུ་ཁྱོ་གའི་ཕ་མ་གཉིས་ཀྱི་ཉལ་ཆས་བདག་བྱེད་པ།  ཇི་ལྟར་གཙང་སྦྲ་བྱས་ཀྱང་རྡུལ་རིམ་བརྩེགས་ཤིག་ཆགས་སླ་བའི་ཅ་ལག་ཁྱིམ་ཆས་གཙང་སྦྲ་བྱེད་པ།  ཞོར་དུ་ཁྱི་ཆས་སྐོལ་བ།  ཁྱོ་ག་བོས་ནས་ཁ་ལག་བཀྲུ་སྣོད་དུ་ཆུ་བླུགས་པ་དང་བཀྲུས་རྗེས་བཙོག་ཆུ་འཕོ་བ་ལ་སོགས་པའི་ཚར་དུ་མེད་པའི་ལས་ཀ་དག་སྣེ་ནས་སྣེར་མཐུད་ནས་ཡོད་པ་ཡིན།  མོས་ལྕི་བ་འཕེན་ཚར་མ་ཐག་ལྕི་སླེའུ་དེ་ནོར་སླས་ཀྱི་ཟུར་ཞིག་ཏུ་གཡུག་ཏེ་མགྱོགས་པོར་ནང་ཇ་སྐོལ་དུ་ཕྱིན།  སྤྱིར་དེ་རིང་ནི་གནམ་ངོ་ཐང་ལ་ཉི་མ་སེར་གྱི་ལེར་ཁོ་ཚང་གི་ཁང་བའི་རྒྱབ་ཕྱོགས་ཀྱི་རི་སྐེད་དུ་སླེབས་ཀྱིན་ཡོད་མོད།  ཁང་བའི་སྒེའུ་ཁུང་ཆུང་དྲགས་པས་ཁྱིམ་ནང་དུ་ད་དུང་ནག་རོག་གེར་ཡོད་ལ་དངོས་པོ་ཆུང་བའི་རིགས་དབྱེ་འབྱེད་མི་ཐུབ་པའི་ཚད་དུ་ཡོད།  མདང་དགོང་བསྒྲོན་པའི་མཚན་ཐུབ་ཀྱི་སྐོང་བུ་དེ་ད་དུང་གཟིམ་མེད་ལ་མེ་ལྕེ་ཆུང་ངུ་ཞིག་གཡོ་སྐྱོམ་གྱི་རྣམ་པས་མཐའ་སྐོར་དུ་འོད་ཀྱི་སྣང་བ་ཆུང་ཆུང་ཞིག་སྤྲོ་བཞིན་ཡོད།  མོས་བད་ཀྱིས་གཡོག་པའི་ཁ་དཀྲིས་ཏེ་ཐག་རྡང་དུ་བཀལ་བ་དང་ས་རྡུལ་གྱིས་བཀང་བའི་མིག་ཟུང་ཕུར་ཕུར་བྱེད་ཞོར་ཞོགས་ཇ་སྐོལ་བ་དང་།  ཁྱིམ་ལས་དག་ལས་མགོ་བརྩམས།  ཇ་ཁོལ་བའི་མཚམས་ནས་སླས་འདབས་ཀྱི་ལྕི་ཁང་ནང་དུ་རྨི་ལམ་གྱི་ཞིང་ཁམས་འགྲིམས་ཀྱིན་པའི་ཁྱོ་ག་འབོད་དུ་སོང་།  མོས་ལྕི་ཁང་གི་རེ་བའི་སྒོ་ཕྱར་ཡར་བཏེགས་ཏེ།“ཚེ་བཟང་།  ཚེ་བཟང་།”ཞེས་ཐེངས་འགར་བོས་ནའང་མ་སད་པའམ་བསམ་བཞིན་ཁ་མ་གྲགས་པ་གང་ཡིན་མི་ཤེས་མོད་ཁ་ཡ་མི་བྱེད། 
  སྤྱིར་ཡིན་ན་སྐབས་འདིར་མོས་བརྩེ་བའི་རྣམ་འགྱུར་དང་ཀུ་རེའི་སྒོ་ནས་ཚེ་བཟང་གི་མལ་ཆས་དག་འཐེན་ཞིང་ལེན་པ་དང་ཙི་གུ་སྒོག་པ་སོགས་བྱེད་སྲིད་མོད།  མོ་རང་འདི་ཚང་ལ་བག་མར་ཡོངས་ནས་ཟླ་གཅིག་ལྷག་གི་རྗེས་ནས་ཁྱོ་གའི་གཤིས་ཀའང་རིམ་བཞིན་ཇེ་བཙོག་ནས་ཇེ་དྲག་ཏུ་གྱུར་ཏེ་ད་ལྟ་མལ་ཆས་ནས་འཐེན་ན་ཁོང་ཁྲོ་ལངས་ཤིང་།  གཤེ་གཤེ་བྱེད་པས་མོས་ཡང་བསྐྱར་“ཚེ་བཟང་། ཡར་ལོངས་དང་ནང་ཇ་འཐུང་རན་ཐལ། ཕ་མ་གཉིས་ཀྱིས་འབོད་ཀྱིན་འདུག”ཅེས་ངག་འཇམ་པོས་ཐེངས་འགར་བོས་པ་ན་ཚེ་བཟང་གིས་ད་གཟོད་ལག་ཟུང་གནམ་ལ་བསྲིངས་ཏེ་གླལ་བསྒྱིང་བྱེད་པ་དང་མིག་གཉིས་འཕུར་འཕུར་བྱེད་ཞོར་འཐད་ལ་མི་འཐད་པའི་ངང་ནས་ཡར་ལངས་བྱུང་། 
  སྤྱིར་འབྲོག་སྡེ་འདིའི་གནའ་བོའི་སྲོལ་ཏེ་ཞོགས་ཇ་ནི་གཙོ་བོ་ཇ་ཁའམ་གཏུལ་མ་ཞེས་དཀལ་ཡོལ་ནང་དུ་རྩམ་པ་ཉུང་ཙམ་དང་ཆུར་བ་དང་མར་དེ་ལས་ཉུང་ཙམ་ཞིག་འཕངས་ཏེ་སྟེང་དུ་ཇ་བླུགས་ནས་འཐུང་བའི་སྲོལ་ཡོད་པ་ལྟར་འདི་ཚང་ཡང་དེ་ལས་མ་འདས་ལ།  སྔོན་ཆད་འབྲོག་པ་ཚོས་དབྱར་ཁ་ཉི་མ་རིང་དུས་ཉིན་རེར་ཇ་ཐེངས་བཞི་ལ་འཐུང་སྟེ།  ནང་ཇ་དང་དྲོས་ཇ།  དགོང་ཇ།  ནུབ་ཇ།  དགུན་ཁ་ཉི་མ་ཐུང་སྐབས་དགོང་ཇ་མི་འཐུང་།  ཉིན་གཅིག་གི་ཟ་མ་ཅུང་རྒྱས་སྤྲོས་བྱས་ཏེ་ལས་པ་ནི་ནུབ་ཇ་ཡིན།  དེ་ནི་ཉིན་གང་བོར་ཚར་དུ་མེད་པའི་ལས་ཀས་བྲེལ་བས་ཡིན་ལ།  ས་རུབ་ཐག་ཆོད་པའི་སྐབས་དེར་ད་གཟོད་ཉིན་གཅིག་གི་ལས་ཀ་བསྒྲུབས་ཚར་བར་བྱེད་ཅིང་ཟ་མ་ལས་པའི་ཁོམ་སྐབས་ཀྱང་དུས་དེ་རུ་བྱེད།  དེའི་ཕྱིར་ནུབ་ཟས་ལ་ལྷག་མ་ཡོད་ཚེ་ནང་ཇ་ལ་ཁ་སྣོན་བྱེད་པའམ་དྲོས་ཇའི་སྐབས་སུ་ཡང་བསྐྱར་ཚ་བར་བྱས་ནས་ཟ།  མདང་ནུབ་ཁོ་ཚང་གིས་བྱེ་ཐུག་བསྐོལ་བའི་ལྷག་མའང་ཐབ་ན་ཚ་བཞིན་ཡོད་ལ།  ཚང་མས་ཞོགས་ཇ་འཐུང་།  “སྲུ་མོ། དེ་རིང་ནས་ནོར་ལྕགས་རའི་ནང་དུ་ཕུད་དེ་རྩིད་པ་བསེད་དགོས་པ་རེད།”ཁྱོ་གའི་ཕ་རིན་རྡོར་གྱིས་བདེ་སྐྱིད་ལ་བལྟས་ཏེ་དེ་ལྟར་བཤད་པ་ན།  བདེ་སྐྱིད་ཀྱིས་“ཨོ་ཡ་ཨ་ཁུ”ཞེས་ཅུང་ཐེ་ཚོམ་གྱི་རྣམ་པས་ལན་ཞིག་བཏབ།  དེ་ནི་ཁག་མི་འདུག་སྟེ།  མོ་རང་སྐྱེས་ནས་ད་ལྟའི་བར་དུ་རྩིད་པ་ཐེངས་གཅིག་ཀྱང་བསེད་མ་མྱོང་བས་ལས་ཀ་དེ་ནི་མོ་ལ་མཚོན་ན་ཅི་འདྲའི་ལྐོག་གྱུར་དང་དཀའ་གནས་ཤིག་རེད་ཨང་།  བདེ་སྐྱིད་ཀྱི་ཁྱིམ་ཚང་ཡང་འབྲོག་སྦྲ་ནག་ཅན་གྱི་མིང་ཙམ་ཡིན་མོད།  ཉེ་བའི་ལོ་འགའི་སྔོན་ནས་རྩྭ་ས་སྒེར་ལ་བགོས་ཏེ་ཁོ་ཚང་རྫོང་མཁར་དང་ཐག་ཉེ་བའི་ས་རུ་ཁེལ་སོང་བས་མོས་ཨ་ཕས་ནོར་བརྒྱ་ཆའི་དྲུག་ཅུ་ཡས་མས་ཤིག་བཙོང་སྟེ་རྫོང་དང་ཡུལ་ཚོ་རེའི་བར་དུ་མགྲོན་འཁོར་ཆུང་ཆུང་ཞིག་བསྐོར་ནས་ཡོང་སྒོ་འཚོལ་ཀྱིན་ཡོད་ཕྱིར།  
  ཁོ་ཚང་དུས་ཚིགས་བཞི་བོར་ཁང་བའི་ནང་དུ་སྡོད་ཆོག་ལ་སྦྲ་མ་ཕུབ་པར་ལོ་མང་ཙམ་འགོར་སོང་བས་རྩིད་པ་བསེད་པའི་འབྲོག་ལས་དེ་ཁོ་ཚང་ལྟ་བུར་མཚོན་ན་ལས་ཀ་ལྷག་མ་ཞིག་ཏུ་གྱུར་ཡོད་ལ།  བདེ་སྐྱིད་ཆུང་དུས་ནས་སློབ་གྲྭར་བསྐྱལ་ཞིང་ཁོ་ཚང་གི་གཅེས་ཕྲུག་མ་གཅིག་པུ་ཡིན་ཕྱིར་ལས་ཀ་དེ་རིགས་ལ་མིག་ཟུར་ཙམ་ཡང་གཡོ་མི་དགོས།  དེ་བས་ཨ་མྱེ་རིན་རྡོར་གྱི་སྐད་ཆ་དེས་མོའི་སེམས་ལ་ཆུ་འཁྱག་ཟོ་བ་གང་བླུགས་པ་དང་ཅིས་མི་མཚུངས།  རིན་རྡོར་ཚང་གི་ཁང་བ་ནི་ཉེ་བའི་ལོ་འདི་འགར་རྒྱལ་ཁབ་ཀྱིས་གནང་སྦྱིན་ལ་ལས་པའི་ཀ་བར་གསུམ་ཅན་ཡིན་ལ་ཀ་བར་གཉིས་བཟའ་མི་དག་སྡོད་ས་དང་།  གཡོན་ཕྱོགས་ཀྱི་ཀ་བར་གཅིག་ནས་ཆོད་བཅད་དེ་ཅ་ལག་བརྩིག་ས་དང་སྣོད་ཆས་ཙག་ཙིག་འཇོག་ས་བྱས་ཡོད།  ཁང་བའི་སྒོའི་ནང་ནས་ཡར་བུད་མཚམས་ནས་མདུན་ཕྱོགས་དང་གཡས་ཕྱོགས་ཀྱི་མཆོད་ཁྲིའི་བར་དུ་རྒྱ་ཁྲི་ཞེས་ཤིང་གིས་བཟོས་པའི་སྐུབ་སྟེགས་དང་ཉལ་ཁྲི་གང་རུང་བྱེད་ཆོག་པའི་མཐོ་དམན་རན་པ་ཞིག་ས་འདིའི་འབྲོག་པ་ཕལ་མོ་ཆེས་ལས་ཡོད།  རིན་རྡོར་བཟའ་ཟླ་གཉིས་དང་ཁྱོ་ག་སོགས་རྒྱ་ཁྲིའི་སྟེང་དུ་བསྡད་ནས་ཞོགས་ཇ་འཐུང་གིན་ཡོད།  བདེ་སྐྱིད་ནི་ཐབ་ཀའི་འགྲམ་ནས་ལངས་མ་ཙོག་གིས་ཇ་འཐུང་ཞོར་དང་མེ་འབུད་ཞོར།  ཁོ་ཚོ་ལ་ཇ་དང་ཐུག་པ་སྡུད་ཞོར་སོགས་བྲེལ་བ་ཤིན་ཏུ་ཆེ་ལ་ལག་པ་ནི་དེ་བས་མི་ཁོམ་ཞིང་བཙོག་པར་ཆགས་ཡོད་དེ།  སེན་མོ་དག་གི་འོག་ཏུ་དྲེག་པ་ནག་པོས་ཡོངས་སུ་བཟུང་ཡོད་པས་བདེ་སྐྱིད་ཀྱི་སེམས་སུ་སྔོན་ཆད་སློབ་གླིང་ནས་དགེ་རྒན་ཚོས་མི་ཞིག་གི་ལུས་པོ་ལས་ཉིན་རེར་ཐེངས་ཆེས་མང་པོར་གཙང་སྦྲ་དགོས་པ་ནི་ལག་པ་ཡིན།  རྒྱུ་མཚན་ནི་སླ་སྟེ།  ང་ཚོས་ཁ་ཟས་ཡོད་ཚད་ལ་ལག་པས་རེག་དགོས་ཕྱིར་ལག་པ་མ་གཙང་ཚེ་ཁ་ཟས་ཇི་ལྟར་གཙང་།  དེ་བས་རྒྱུན་དུ་ལག་པ་གཙང་བཀྲུ་བྱེད་པ་དང་སེན་མོ་བཏོག་པ་སོགས་ནི་འཕྲོད་བསྟེན་གྱི་མ་མཐའི་ཤེས་བྱ་རེད་ཅེས་རྒྱུན་དུ་བཤད་པ་དྲན་པ་དང་།  ལྷག་པར་དུ་ཉིན་ཞིག་འཛིན་བདག་དགེ་རྒན་གྱིས་དཔེ་ཆ་ཞིག་ང་ཚོར་བསྟན།  དེ་ནི་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་ས་ཁོངས་ཀྱི་མཐོ་འབྲིང་སློབ་གྲྭ་ཞིག་ཏུ་བཤད་པའི་གཏམ་བཤད་དུ།“ངའི་རེ་བ་ཡིན་ན་ཚང་མས་ལག་པ་བཀྲུ་བ་གོམས་གཤིས་སུ་ཆགས་པ་བྱ་རྒྱུ།”ཞེས་པའི་ཚིག་དུམ་དེ་ང་ཚོར་ཐད་ཀར་བསྟན་པ་དེས་ལག་པ་གཙང་བཀྲུ་བྱེད་པའི་བསམ་བློ་ཞིག་སེམས་གཏིང་དུ་བཞག་པ་སོགས་དྲན་ནས་རང་གི་ལག་པར་སྐྱུག་མེར་ལངས་དགོས་བྱུང་།  ཞོགས་ཇ་འཐུང་རྗེས་ཚེ་བཟང་གི་ཕ་མ་གཉིས་ཁྱིམ་མཚེས་ཚང་གི་རླངས་འཁོར་དུ་བསྡད་དེ་མདོ་རྒྱུད་དགོན་གྱི་ཆོས་ཚོགས་ལ་མཇལ་དུ་བུད་སོང་།  ཚེ་བཟང་གིས་ཁ་ལག་བཀྲུས།  གྱོན་པ་ཡག་ཤོས་རེ་གྱོན་ནས་འཕྲུལ་རྟ་ཞོན་ཏེ་རྡུལ་དཀར་པོ་ཞིག་བསྐྱིལ་ནས་ཁོ་ཚང་གི་མར་ཕྱོགས་ཀྱི་ལུང་མདོ་ནས་ཡལ་སོང་།  ཚེ་བཟང་ནམ་རྒྱུན་རྫོང་ཐོག་དང་དགོན་ཐོག  སྡེ་བ་གཞན་པའི་གཟེབ་གྲུག་དང་སྟེགས་གྲུག་འཕེན་ས་སོགས་སུ་སོང་ནས་ཉི་མ་སྐྱེལ་གྱིན་ཡོད་པས་དེ་རིང་ཡང་ཁོ་གང་ལ་འགྲོ་བ་སུས་ཤེས།  བདེ་སྐྱིད་ཀྱིས་ཁེར་རྐྱང་གིས་མནར་བའི་ལུས་སེམས་ཉོག་པོའི་ཚོར་བ་ལྗིད་སྟུག་གེ་བ་དེ་མར་མནན་ཞིང་།  དེ་རིང་གི་ལས་ཀ་ཆ་མེད་དེ་སེམས་ལ་འཁོར་བཞིན་ནོར་ལྷས་སུ་བུད་སོང་།
                               ༢༠༡༢ལོའི་སྤྱི་ཟླ་༣པའི་ཚེས་༢ཉིན་ཕ་ཡུལ་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་གྲྭ་ལས་བུད་རྗེས།

2012-03-18 ཚེ་དབང་རིག་འཛིན།༼མགོ་ལོག༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།