ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༦
དྲུག
ཟླ་གཅིག་མ་འགོར་བར་དོན་གྲུབ་དང་ཚེ་སྐྱིད་གཉིས་ཀྱིས་གཉེན་སྒྲིག་བྱས་པ་རེད་ལ། གཉེན་སྒྲིག་བྱས་པའི་དགོང་མོ་ཁོ་མོ་དང་མག་གསར་གཉིས་མལ་ཁྲི་གཅིག་གི་སྟེང་དུ་ཉལ་བའི་སྐབས་སུ་ཚེ་སྐྱིད་ལ་སེམས་འགུལ་ཐེབས་དྲགས་ཏེ་མིག་ལས་མཆི་མ་ཤོར་བར་གྱུར།
སྤྱིར་ཚེ་སྐྱིད་ཀྱི་བསམ་ཚུལ་ཡིན་ན་ཁོང་གཉིས་ཀྱིས་སྡེ་བའི་ནང་ནས་གཉེན་སྟོན་བྱས་ཏེ་ཁོ་མོར་ཕྲག་དོག་བྱེད་ཀྱིན་པའི་བུ་མོ་གཞན་དག་གི་ཁྲོད་ནས་རང་ཉིད་ཀྱི་ཁྱད་ཆོས་ངོམ་འདོད་ཡོད་མོད། དོན་གྲུབ་ཀྱིས་ནི་ཁོ་རང་གི་ཆུང་མ་སྔོན་མ་ལེན་དུས་ནི་སྡེ་བའི་ནང་ནས་སྟོན་མོ་བྱས་པ་ཡིན་པས་ད་ཐེངས་ཀྱང་སྡེ་བའི་ནང་ནས་གཉེན་སྟོན་བྱས་ན་ངོ་གནོང་གིན་འདུག་ཟེར་ནས་རྫོང་སྲིད་གཞུང་གི་གསོལ་ཁང་ཆེན་མོའི་ནང་དུ་གཉེན་སྟོན་བྱས་ཤིང་། རླངས་འཁོར་མངགས་ནས་ཕན་ཚུན་གྱི་ཡུལ་མི་དག་དང་མགྲོན་པོ་ཡོངས་རྫོགས་ལྷན་དུ་མགྲོན་བསུ་བྱས་པ་རེད། མག་གསར་དང་བག་གསར་གྱི་ཡུལ་མི་མང་པོ་མེད་ན་ཡང་། རྫོང་དང་ཡུལ་ཚོ་སོ་སོའི་དཔོན་པོ་དང་དོན་གྲུབ་ཀྱི་བཟང་གྲོགས་སོགས་ཕྱོགས་ཡོངས་ཀྱི་མགྲོན་པོ་ཧ་ཅང་མང་པོ་འདུག་པས་སྟོན་མོ་ཧ་ཅང་གཟབ་རྒྱས་ཆེ་བར་འདུག ཚེ་སྐྱིད་ཀྱིས་ལུས་ལ་རྒྱན་གོས་ལེགས་པོས་ཡོངས་སུ་སྤྲས་ཏེ་རྒྱ་ནག་གི་ལུགས་སྲོལ་ལྟར་དོན་གྲུབ་དང་ལྷན་དུ་མགྲོན་པོ་དག་ལ་ཆང་འདྲེན་བྱེད་དུས། མི་ཚང་མས་ཐེངས་གཅིག་མིན་པར་ཁོ་མོ་མཛེས་སྡུག་དང་མཆོར་སྒེག་ལ་བསྟོད་བསྔགས་བྱེད་ཀྱིན་འདུག་པས། སྐབས་དེའི་ཁོ་མོའི་སེམས་ཀྱི་སྤྲོ་སྣང་དང་བདེ་སྐྱིད་ནི་དེ་སྔོན་རང་ཉིད་ཀྱིས་རྨིས་པའི་རྨི་ལམ་དག་ལས་ཀྱང་ལྷག་པར་འདུག ཐ་ན་ཨ་ནེ་བཀྲ་ཁོ་ཡང་དགའ་དྲགས་ཏེ་ཐོག་མཐའ་བར་གསུམ་དུ་མིག་མཐའི་མཆི་མ་འབྱིད་ཀྱིན་འདུག གཉེན་སྟོན་གྱི་མཛད་སྒོ་མཇུག་རྫོགས་རྗེས་ཡུལ་མི་དག་སྔོན་ལྟར་རླངས་འཁོར་མངགས་ནས་ཡུལ་དུ་བསྐྱལ་ན་ཡང་། དོན་གྲུབ་ཀྱི་བཟང་གྲོགས་རྣམས་ཁོང་གཉིས་ཀྱི་ཁང་བའི་ནང་དུ་ཡོང་སྟེ་ཆང་འཐུང་བཞིན་དུ་རྒྱ་ནག་དཔེ་སྲོལ་ལྟར་བག་གསར་དང་མག་གསར་གཉིས་ལ་པྲ་ཚགས་བྱེད་པའི་རྩེད་མོ་སྣ་ཚོགས་རྩེས་ཏེ་ནམ་ཕྱེད་ཙམ་ལ་བསྡད་རྗེས་ཕྱིར་ལོག་པ་རེད།
ཁོ་མོ་དོན་གྲུབ་དང་ལྷན་དུ་འབོལ་ཞིང་སྙི་བའི་མལ་ཁྲིའི་ཐོག་ཏུ་བུད་དེ་ཐོག་མའི་དགའ་མགུར་ལོངས་སུ་སྤྱད་རྗེས་ཧ་ཅང་སེམས་འགུལ་ཐེབས་དྲགས་ཏེ་མིག་ཆུ་དབང་མེད་དུ་བཞུར་བྱུང་། ཁོ་མོར་དངོས་གནས་ཁག་ཅི་ཡོད་དེ། ལོ་ན་བཅུ་བདུན་ལ་བུད་པ་ནས་བཟུང་སྡེ་བའི་བུ་མོ་སྤྱི་དང་འདྲ་བར་ལས་བྱེད་པ་འམ་རླངས་འཁོར་གྱི་ཁ་ལོ་བ་ཞིག་གི་ཆུང་མར་འགྱུར་བའི་རེ་སྨོན་ཅི་འདྲ་བྱས་ཀྱང་མཇུག་འབྲས་ནི་མི་ཚེ་གང་བོར་འགྱོད་པའི་གཞིར་གྱུར་བའི་སྐྱོ་གར་ཞིག་ཏུ་གྱུར་བ་རེད། འོན་ཀྱང་ཁོ་མོ་ཡི་ཆད་ཀྱི་གཏིང་མཐར་ལྷུང་སྟེ་ཡིད་ཕམ་དང་ཁེར་རྐྱང་ངང་ལང་ཚོའི་མཛེས་སྡུག་ཟད་ལ་ཉེ་བའི་དུས་འདིར་གློ་བུར་དུ་ཆུང་དུས་ཀྱི་རྨི་ལམ་དེ་མངོན་འགྱུར་བྱུང་སོང་བ་སྟེ། ད་ལྟའི་རང་ཉིད་ཀྱི་ཁྱོ་ག་ནི་རླངས་འཁོར་གྱི་ཁ་ལོ་བ་དང་རང་བཞིན་གྱི་ལས་བྱེད་པ་དཀྱུས་མ་ལས་ཀྱང་རིང་དུ་འདས་པ་སྟེ། དེ་སྔ་རང་སྡེ་བུ་མོ་མང་པོ་ཞིག་གི་ཡིད་སེམས་འཕྲོག་མྱོང་ཞིང་ད་ལྟ་གར་འགྲོར་རང་ཉིད་ཀྱི་རླངས་འཁོར་ཡོད་པའི་མཁར་གྲོང་གི་དཔོན་པོ་ཞིག་ཡིན་པས་ཁོ་མོར་སེམས་འགུལ་མི་ཐེབས་པ་ག་ལ་སྲིད།
དོན་གྲུབ་ཀྱིས་ཁོ་མོའི་མིག་ཆུ་བཞུར་བཞིན་པ་མཐོང་ནས་དོན་དག་ཅི་ཞིག་བྱུང་སོང་བ་མ་ཤེས་པར་སྐད་འཇམ་པོས། “དགོངས་པ་མ་ཚོམ། ངས་ཁྱོད་རང་སེམས་སྡུག་ཏུ་བཅུག་སོང་བ་རེད་དམ་”ཞེས་དྲིས་བྱུང་།
ཚེ་སྐྱིད་ཀྱིས་མགོ་བོ་འཕྲེད་དུ་གཡུགས་ཀྱིན་དུ་“མ་རེད་”ཟེར་ནས་མིག་ཆུ་འབྱིད་པར་བྱེད། དོན་གྲུབ་ཀྱིས་ཡིད་མི་ཆེས་པའི་ངང་། “འོ་ན་ཁྱོད་ངུ་དོན་ཅི་ཡིན། མཁར་གྲོང་ལ་མི་ལོབས་པ་རེད་དམ་”ཞེས་འདྲི་བཞིན་ཁོ་མོའི་རྣམ་འགྱུར་ལ་ཞིབ་ལྟ་བྱེད།
ཚེ་སྐྱིད་ཀྱིས་མིག་ཆུ་འབྱིད་བཞིན་དུ་བགད་བྱུང་ལ། དགོད་བཞིན་དུ་མིག་ཆུ་སླར་ཡང་འགྲམ་ངོས་སུ་ཉིལ་བྱུང་།
དོན་གྲུབ་ནི་སྔར་བས་ཀྱང་ཐེ་ཚོམ་གྱི་ཁྱོགས་ལ་འཕྱང་བར་གྱུར་ནས། “ཁྱོད་ཀྱིས་གསང་དགོས་པ་མ་རེད། ད་ནས་བཟུང་སྡུག་ཡོད་ན་ངེད་གཉིས་ཀྱིས་མཉམ་འཁུར་བྱེད་དགོས་པ་རེད་པས་དོན་དག་ཅི་ཞིག་བྱུང་སོང་བ་ཤོད་དང་། ”ཞེས་ཧ་ཅང་ནན་ཏན་དུ་དྲིས་བྱུང་། ཁོའི་མིག་གི་མདངས་དང་། སྐད་ཀྱི་གདངས། ཐ་ན་དབུགས་ཀྱི་རྒྱུ་བ་རེ་རེའི་ཁྲོད་དུ་ཡང་ཁོ་མོར་བླ་ལྷག་གིས་སེམས་ཁུར་དང་གཅེས་སྐྱོང་བྱེད་ཀྱིན་པའི་བརྩེ་དུང་གིས་ཡོངས་སུ་ཁེངས་འདུག
ཚེ་སྐྱིད་ཀྱིས་མུ་མཐུད་དུ་སེམས་འགུལ་དྲག་པོ་གནོན་མ་ནུས་པར་དེ་མ་ཐག་ཏུ་དོན་གྲུབ་ཀྱི་མགྲིན་པར་འཁྱུད་སོང་། མགྲིན་པར་འཁྱུད་ནས་ཀྱང་ཁོ་རང་སླར་ཡང་རང་ཉིད་ཀྱི་གན་ནས་འགྲོ་བར་དོགས་པ་བཞིན་ངུ་ངག་དང་བཅས། “མེད། དོན་དག་ཅི་ཡང་བྱུང་མེད། ཁྱོད་ཀྱིས་སེམས་ཁྲལ་མ་བྱེད། ང་རང་དེ་རིང་ཧ་ཅང་དགའ་དྲགས་པས་རེད། དེ་རིང་ནས་བཟུང་ཁྱོད་ནི་ངའི་བདག་པོ་ཡིན། ངས་རང་ཉིད་ཀྱི་ཡོད་ཚད་ཁྱོད་ལ་སྤྲད་པ་ཡིན། ཚེ་གང་བོར་ཁྱོད་དང་ཁ་འབྲལ་མི་སྲིད། ནམ་ཡང་འདི་ལྟར་འདུག་རྒྱུ་ཡིན། ངོ་མ་ང་རང་དགའ་དྲགས་པ་རེད་པས་ཁྱོད་ཀྱིས་ཐུགས་དོགས་མི་གནང་རོགས་”ཟེར་བཞིན་མིག་ཆུའི་དོག་པ་རེ་རེ་འགྲམ་ངོས་བརྒྱུད་ནས་ཁྱོ་གའི་ཕྲག་པའི་སྟེང་དུ་བར་མེད་དུ་ཐིགས་བྱུང་ལ། དེ་ནི་ནང་སེམས་ཀྱི་རྣམ་དག་མཚོན་པར་བྱེད་པའི་གདངས་མེད་ཀྱི་རོལ་དབྱངས་ཇི་བཞིན་ཁྱོ་གའི་ལྭ་བ་དང་ཤ་སྐྱི་བརྟོལ་ནས་སེམས་ཀྱི་གཏིང་རུམ་དུ་སིམ་དུ་འཇུག་འདོད་པ་དང་གཉིས་སུ་མ་མཆིས།
ཁོ་མོའི་སྐད་ཆ་དེ་ཐོས་པས་དོན་གྲུབ་ཀྱང་སེམས་འགུལ་རབ་ཏུ་ཐེབས་བྱུང་བ་འདྲ། ཁོ་མོ་པང་དུ་བསྡམས་ནས་ངག་འཕྲོད་མི་འཕྲོད་ངང་ཕལ་ཆེར་རང་ཉིད་ཀྱིས་ཕྱི་གླིང་བའི་སྒྲུང་གཏམ་མམ་གློག་བརྙན་གང་ཞིག་ལས་ཐོས་མྱོང་བའི་སྐད་ཆ་དེ་བསྐྱར་བཤད་བྱས་པ་སྟེ། “ངས་ཁྱོད་ཀྱི་ཚེ་གང་བོར་བདེ་སྐྱིད་སྟེར་ངེས་”ཞེས་བཤད།
ནམ་ལངས་ཁར་ཚེ་སྐྱིད་ཐོག་མར་གཉིད་ལས་སད་བྱུང་། གཉིད་ལས་སད་ནས་ཀྱང་སྣང་བ་ཞིག་ལ་ཁོ་མོ་གཙང་བོའི་ལྟོངས་སུ་གཡེང་ཡོད་པ་ལྟ་བུའི་སྣང་བ་ཞིག་སྐྱེས་ནས་མིག་འབྱེད་མི་འདོད་པར་གྱུར། མཇུག་མཐར་རང་ཉིད་ད་ལྟ་ཉལ་ཡོད་ས་ནི་རང་ཁྱིམ་གྱི་ཚ་ཐབ་མ་ཡིན་པར་མཁར་གྲོང་གི་འབོལ་ཁྲི་ཡིན་པ་དྲན་ཞིང་། ཁ་སང་སྟོན་མོ་བྱས་པའི་གནས་ཚུལ་ཡོངས་རྫོགས་ཀྱང་ཆུ་ངོས་སུ་གཟུགས་བརྙན་ཤར་བ་བཞིན་ཡིད་ངོར་མག་མོག་པོར་དྲན་བྱུང་། དྲན་ནས་ཀྱང་འདི་ནི་མངོན་སུམ་ཡིན་ནམ་རྨི་ལམ་ཡིན་སྙམ་ལ། དེ་སྔ་ཡང་རང་ཉིད་ཀྱིས་མངོན་སུམ་ཡིན་ཡིན་པ་འདྲ་བའི་རྨི་ལམ་མང་པོ་རྨིས་མྱོང་ཡང་ནམ་ལངས་དུས་ཡོད་ཚད་འཇའ་ཚོན་བཞིན་ཡལ་འགྲོ་བ་དྲན་ནས་བཙན་ཚུགས་ཀྱིས་མིག་ཕྱེ་སྟེ་བལྟས་པ་ན། དོན་གྲུབ་ཁོ་མོའི་འཁྲིས་སུ་ཉལ་འདུག་པ་མཐོང་ནས་སེམས་བདེ་ལ་བབས་སོང་། ཁོ་མོར་མུ་མཐུད་དུ་གཉིད་མི་ཡོང་བར་འདུག་པས་ཕྱོགས་ཡར་མར་འདང་རྒྱག་བཞིན་དུ་སླར་ཡང་རང་ཉིད་ཆུང་ངུ་ཡིན་དུས་ཀྱི་དོན་དག་ཕྲན་ཚེགས་དག་ཕྱིར་དྲན་བྱས།
ཆུང་དུས་སུ། ཁོ་མོར་ཨ་ཕ་མེད་པའི་ཁར་གྱོན་གོས་ཧྲལ་ཧྲུལ་ཡིན་པས་ཁྱིམ་མཚེས་བྱིས་པ་དག་གིས་རྩེད་གྲོགས་སུ་མ་འདོད་པར་ཁྱོད་ནི་རྒྱ་སྤྲང་གི་བུ་མོ་ཡིན་པས་ང་ཚོའི་རྩེད་གྲོགས་སུ་མི་དགོས་ཞེས་གཅིག་པུར་ཕུད་འགྲོ་བས། ཁོ་མོ་ངུ་བཞིན་དུ་ཁྱིམ་དུ་ལོག་སྟེ་ཨ་མར་ཞུ་གཏུགས་བྱས་པ་ན་ཨ་མས་ཁོ་མོར་ཀ་ར་རེ་བྱིན་ཏེ་ངུ་ཁ་བླངས་རྗེས་བྱིས་པ་དེ་དག་གི་ཁྱིམ་ནང་དུ་ཤོར་སོང་སྟེ་བྱིས་པ་དེ་དག་ལ་སྡིགས་མོ་བྱེད་པ་ཡིན། ཐེངས་ཤིག་ཨ་མས་ཁོ་མོ་གྲམ་པའི་ནང་དུ་ཆུ་ལེན་དུ་འགྲོ་རུ་བཅུག ཁོ་མོས་ཆུ་ལེན་པའི་སྐབས་སུ་བྱིས་པ་མ་རབས་འགས་སྦལ་བ་གསོན་པོ་བཟུང་ཡོང་སྟེ་ཁོ་མོའི་སྟོད་གོས་དང་ལུས་པོའི་བར་དུ་བཏང་བས་ཁོ་མོ་སྐྲག་ཐག་ཆོད་དེ་ཨག་སྐད་འདོན་བཞིན་ས་ལྡིང་གནམ་ལྡིང་བྱས་མཐར་གཞི་ནས་སྦལ་བ་དེ་ལྭ་བའི་འདབས་གཤམ་ནས་སར་ལྷུང་བར་གྱུར་ཡང་། ཧ་ཅང་སྐྲག་དྲགས་པས་ཉིན་འགའ་ལ་ཚ་བ་རྒྱས་ཏེ་མལ་སའི་ནང་དུ་ཉལ་དགོས་བྱུང་། དེ་ནས་བཟུང་ཁོ་མོ་གཅིག་པུ་ཕྱི་རོལ་ཏུ་གཅིག་པུར་འགྲོ་བར་འཇིགས་སྐྲག་སྐྱེས་འོངས་ཤིང་། ཨ་མས་ཀྱང་ཁོ་མོ་སྐྲག་གིན་པ་ཤེས་ནས་གང་བྱུང་དུ་ཐག་རིང་ལ་ལས་བཅོལ་མི་བྱེད་པར་ཕོ་ལས་མོ་ལས་ཅི་ཞིག་བྱེད་ཀྱང་སྔར་བཞིན་ཁོ་མོ་རྗེས་སུ་ཁྲིད་ནས་འགྲོ་བར་བྱེད་པ་རེད། རིམ་བཞིན་ནར་སོན་པ་དང་བསྟུན་ནས་ཁོ་མོས་ཀྱང་ཨ་མའི་དཀའ་ངལ་ངེས་པར་གྱུར་བས་བྱིས་པ་བཞིན་ནམ་རྒྱུན་ཨ་མའི་རྗེས་ཁོ་ན་འབྲངས་ནས་སྡོད་མི་འོས་པ་རྟོགས་ཏེ། སྤོབས་པ་བསྐྱེད་དེ་ཨ་མས་ཁྱིམ་ལས་བྱེད་དུས་སུ་ཁོ་མོས་སྒོ་ཕྱིའི་ལས་ཀ་ལས་པ་དང་། ཨ་མ་ཆུ་ལེན་དུ་འགྲོ་ན་ཁོ་མོ་རི་མགོར་བུད་ཤིང་འཐུ་རུ་འགྲོ་སོགས་བྱས་པས་ཨ་མའི་ལས་ཀ་ཡང་མངོན་གསལ་དུ་ཇེ་ཡང་དུ་གྱུར། ཁོ་མོ་ལོ་ན་བཅོ་ལྔར་བུད་པ་ནས་བཟུང་སྡེ་བའི་བུད་མེད་དག་དང་ལྷན་དུ་དཔྱིད་ཀར་ཞིང་ནང་དུ་ལུད་སྐྱེལ་བ་དང་། དབྱར་ཁར་བུ་མོ་ལོ་གཞོན་དག་དང་ལྷན་དུ་ཞིང་ནང་དུ་ཡུར་མ་ཡུར་བ། སྟོན་ཁར་ཞིང་འབྲེག་པ་དང་ཤོག་སྐྱེལ་བ་སོགས་ཀྱང་བྱེད་ཐུབ་པར་མ་ཟད། ཐ་ན་སོས་ཀའི་མཚན་མོར་ཞིང་ནང་དུ་ཆུ་འདྲེན་དུ་ཡང་འགྲོ་ཕོད་པར་གྱུར། དེ་བས་ནམ་རྒྱུན་སྡེ་བ་ཕར་ཚུར་གྱི་གསར་བུ་ལོ་ཆུང་དག་གིས་ཆེད་དུ་ཁོ་མོའི་གན་དུ་ཡོང་ནས་ལས་ཀ་ལས་རོགས་བྱེད་ཀྱིན་དུ་ཁ་བརྡ་ཨེ་ཐུབ་ལ་རེ་བར་བྱེད། ཁོ་མོས་ཀྱང་བུ་མོ་ལོ་གཞོན་དག་གི་ཁ་ནས་བཤད་ཀྱིན་པའི་ཚིག་ལས་ཕོ་མོའི་བར་གྱི་འབྲེལ་བའི་ནང་དོན་ལ་གོ་བ་ཉུང་ཙམ་ལོན་གྱིན་ཡོད་པས་གསར་བུ་དེ་དག་གི་བསམ་དོན་ཅི་ལ་མི་རྟོགས། ཁོ་མོས་གསར་བུ་དེ་དག་ལ་གང་ལ་གང་འཚམ་གྱིས་ཀུ་རེ་སྣ་ཚོགས་ཀྱིས་ལན་བཏབ་ཙམ་བྱས་པ་ལས་ཚིག་དོན་ཅན་གཅིག་ཀྱང་ཁ་ནས་ཤོར་དུ་བཅུག་མ་མྱོང་། ཏག་ཏག་སྐབས་དེར་སྡེ་བའི་ནང་མོ་སྨན་དག་གི་ཁྲོད་དུ་སྡེ་བ་གང་ཞིག་གི་བུ་མོ་སུ་ཞིག་གྲོང་ཁྱེར་དུ་ཕྱིན་ནས་ལས་བྱེད་པ་ཞིག་གི་ཆུང་མར་གྱུར་པ་དང་། བུ་མོ་སུ་ཞིག་གི་ཁྱོ་ག་ཁ་ལོ་བ་ཞིག་ཡིན་ཡང་ད་ལྟ་ཁོ་མོའི་ཨ་མ་ཡང་མཁར་གྲོང་དུ་ཁྲིད་ནས་འཚོ་བ་སྐྱིད་པོ་རོལ་གྱིན་ཡོད་པ་སོགས་ཀྱི་སྐད་ཆ་མང་པོ་ཐོས་རྒྱུ་འདུག་པས། ཁོ་མོའི་སེམས་སུ་ཡང་གདོན་ཞུགས་པར་གྱུར་ཏེ་རང་ཉིད་ཀྱི་ཁ་སྒོ་སྐྱེ་འབྲས་ཀྱང་མི་ལེགས་རྒྱུ་མེད་པས་མཁར་གྲོང་དུ་ཕྱིན་ནས་ཁྱོ་ག་ལས་བྱེད་པའམ་ཅི་ཞིག་བཙལ་ནས་རྗེས་སོར་ཨ་མ་ཁྲིད་ནས་མཁར་གྲོང་དུ་འཚོ་བ་སྐྱིད་པོ་ཞིག་རོལ་ཏུ་གཞུག་པའི་རྨི་ལམ་རྨི་མགོ་བརྩམས། འོན་ཀྱང་་་་་་་འོན་ཀྱང་་་་་་་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཟེར་བ་དངོས་གནས་བདེན་པ་འདྲ། དེ་རྗེས་ཁོ་མོ་དང་བུ་མོ་གསུམ་ལྐོག་ཏུ་མཁར་གྲོང་དུ་བྲོས་པ་དང་། མཁར་གྲོང་དུ་ཟ་ཁང་དང་མགྲོན་ཁང་གི་ལས་གཡོག་བྱས་པ། གཞན་གྱིས་མགོ་སྐོར་བཏང་སྟེ་བརྙས་བཅོས་ཐེབས་པ་་་་་་་བྱིས་པ་ཁོག་ཏུ་ཁུར་ནས་ཕྱིར་ཕ་ཡུལ་དུ་ལོག་པ་་་་་་་་་་སྡེ་བའི་ནང་གི་མི་ཁ་དང་ཁྱིམ་ནང་གི་སྡུག་ལས་་་་་་་་་དེ་དག་ཡོད་ཚད་ཧ་ཅང་འཇིགས་སུ་རུང་བའི་རྨི་ལམ་ཞིག་དང་འདྲ་བར་ད་ལྟ་ཡང་ད་དུང་ཕྱིར་དྲན་བྱེད་མི་ཕོད་པ་ཞིག་རེད་ཨང་།
ཚེ་སྐྱིད་ཕྱིར་དྲན་ཀློང་ནས་ཕྱིར་སླེབས་དུས་ངོ་གདོང་དྲོད་ལམ་ལམ་བྱེད་ཀྱིན་འདུག་པས་གཞི་ནས་མིག་ཆུ་བཞུར་བ་ཡིན་པ་ཤེས་ཤིང་དོན་གྲུབ་ཀྱིས་ཚོར་བར་དོགས་ནས་མྱུར་དུ་གཙང་མར་ཕྱིས། སྐབས་དེར་ཕྱི་རོལ་ཏུ་ནམ་གསལ་ཐག་ཆོད་དུ་འདུག་པས་མལ་ལས་ལངས་རྩིས་ཀྱིས་མྱུར་མོར་ཡར་ཙོག་པས་དོན་གྲུབ་ཀྱང་གཉིད་ལས་སད་བྱུང་། ཅེ་རེར་ཚེ་སྐྱིད་ཀྱི་གདོང་ལ་ལྟ་བཞིན་དུ། “གཉིད་མི་ཡོང་བར་འདུག་གམ་”ཟེར་ནས་ཁོ་མོའི་ལག་པར་འཇུས་བྱུང་།
ད་ལྟ་ཚེ་སྐྱིད་ཀྱི་གདོང་གི་མིག་ཆུ་ཡང་ཡོངས་སུ་བསྐམས་འདུག་ཅིང་། མིག་ཆུ་བསྐམས་རྗེས་ཀྱི་ཁོ་མོའི་ངོ་མདངས་ནི་སྔར་བས་ཀྱང་ཉམ་ང་ཞིང་ཡིད་དུ་འོང་བར་གྱུར་འདུག ཁོ་མོ་འཛུམ་ཙམ་བྱས་ནས་“མདང་དགོང་གཉིད་པ་ཧ་ཅང་སྐྱིད། རང་ཉིད་ཀྱི་ཁྱོ་གའི་གན་དུ་མི་སྐྱིད་པར་གང་ནས་སྐྱིད་ཨང་”ཟེར་བཞིན་ཁོ་ལ་ཧ་ཅང་ཞིམ་པའི་འོ་ཞིག་བྱས།
དོན་གྲུབ་ཀྱིས་ཀྱང་ཧ་ཅང་ཡིད་ཚིམ་པའི་ངང་། “མདང་དགོང་ང་རང་གཉིད་པ་ཡང་ཧ་ཅང་སྐྱིད། ད་བར་དུ་འདི་འདྲའི་གཉིད་སྐྱིད་པོ་ཞིག་ཡོང་མ་མྱོང་བ་འདྲ་”ཟེར་ནས་སླར་ཡང་མིག་ཟུང་ཟུམ་ནས་གཉིད་རྩིས་བྱས་བྱུང་ན་ཡང་། ཕལ་ཆེར་ཁོ་རང་གཉིད་པའི་དུས་སུ་ཁོ་མོ་རང་ཉིད་དང་བྲལ་འགྲོ་བར་དོགས་པ་ལྟར་ཁོ་མོའི་ལག་པ་གློད་ཀྱིན་མི་འདུག
སྐབས་དེར་ཁོ་མོའི་སེམས་ལ་གློ་བུར་བའི་དྲི་བ་ཞིག་འཁོར་བྱུང་བ་སྟེ། དྲི་བ་དེ་ནི་རི་གཟར་ནས་ཐོན་པའི་ཤྭ་འོད་ཇི་བཞིན་ཁོ་མོའི་མགྲིན་པའི་ཆུ་རགས་བརྟོལ་ནས་ཤོར་སོང་། ཁོ་མོས་སྐད་དམའ་མོས་“ཁྱོད་ཀྱིས་ད་བར་དུ་ང་རང་མ་མཐོང་བ་མིན་ཨང་། སྔ་མོ་ནས་མི་ལེན་དོན་ཅི་ཡིན་”ཞེས་དྲིས། དང་ཐོག་དྲི་བ་དེ་བཏོན་པ་ཅུང་ཐལ་དྲགས་ཨེ་སོང་སྙམ་མོད་སླར་ཡང་སེམས་ལ་ད་ནི་ཁྱོ་ཤུག་ཕན་ཚུན་ལུས་སེམས་འདྲེས་ཟིན་པས་ངོ་གནོང་དགོས་དོན་ཅི་ཡང་མི་འདུག་སྙམ།
བཟའ་ཟླ་མོ་གསར་བའི་དྲི་བ་དེས་དོན་གྲུབ་ཀྱི་མིག་ཟུང་ཡང་བསྐྱར་ཕྱེ་རུ་བཅུག་སོང་། ཁོས་ཀྱང་ཁོ་མོས་རང་ཉིད་ཀྱི་བཟའ་ཟླ་སྔོན་མ་དེར་ཕྲག་དོག་བྱེད་ཀྱིན་པ་ཤེས་ནས་འཛུམ་ཙམ་བྱས་ཤིང་། སླར་ཡང་མིག་ཟུང་ཟུམ་ནས་གཉིད་སྡོད་པ་ལྟར། “ངས་སྔོན་ཆད་ཀྱི་བྱ་བ་གླེང་མི་འདོད་”ཟེར།
ཁོ་མོས་གཅེར་ལངས་ཀྱི་ཚུལ་དུ་ལུས་པོ་ཁོའི་ཁོག་སྟོད་ལ་བསྙེས་ནས། བྱིས་པ་ཞིག་དང་འདྲ་བར། “མི་ཆོགཁྱོད་ཀྱིས་ངེས་པར་དུ་ང་ལ་བཤད་དགོས། མ་བཤད་ན་ངས་ཉིན་གང་བོར་ཁྱོད་རང་ལངས་སུ་མི་འཇུག”ཞེས་བཤད།
དོན་གྲུབ་ཀྱིས་ཁོང་དགོད་ཅིག་བྱས་ནས་སྔོན་ལྟར་མིག་མི་འབྱེད་པར། “དེ་གསལ་བོར་བཤད་དགོས་ཀྱི་འདུག་གམ། ང་རང་སྔོན་ལ་ཁོ་མོར་འཕྲད་པས་རེད་”ཟེར།
ཁོའི་ཚིག་དེས་ཁོ་མོས་མུ་མཐུད་དུ་ཅི་ཞིག་རྟོགས་འདོད་ཀྱི་འདུན་པ་དེ་ཇེ་དྲག་ཏུ་གྱུར་སོང་། སླར་ཡང་ལག་པ་གཉིས་ཀྱིས་ཁོ་རང་བསྒུལ་ཏེ་ཡང་བསྐྱར་མིག་འབྱེད་དུ་བཅུག་སོང་། “འོ་ན་ཁྱོད་གཉིས་གཉེན་འཐོར་བྱེད་དོན་ནི་ཁོ་མོར་བྱིས་པ་བཙའ་བའི་ནུས་བ་མེད་པ་དེ་ཁོ་ན་ཡིན་ནམ། ཁྱོད་ཀྱིས་ང་ལ་དྲང་བོར་བཤད་དགོས་”ཞེས་དྲིས་བྱུང་ལ། འདྲི་དུས་ཀྱི་སྐད་ཆར་ཉན་ཚེ་ངོ་མ་ཉེན་རྟོག་པས་ཉེས་ཅན་ཞིག་ལ་འདྲི་གཅོད་བྱེད་པ་དང་ཀུན་ནས་མཚུངས།
དོན་གྲུབ་ཀྱིས་ད་སོ་མར་ཁོ་མོ་གན་དུ་ཡོད་པ་ཚོར་བ་ལྟར་མིག་ཕྱེ་ནས་ཚེ་སྐྱིད་ལ་ཞིབ་ལྟ་ཞིག་བྱས་རྗེས། ངུ་དགོད་ཅིག་བྱས་ནས་“ད་ནི་དེ་ཁོ་ན་ཡིན་མིན་ལ་རྩད་གཅོད་བྱེད་དོན་ཅི་ཞིག་ཡོད་དམ་”ཟེར་ནས་ཅུང་སེམས་མི་སྐྱིད་པར་གྱུར་ཏེ་འདས་པའི་དོན་དག་ཡོད་ཚད་ད་ལྟ་རང་ཉིད་དང་འབྲེལ་བ་ཅི་ཡང་མེད་པ་ལྟ་བུའི་རྣམ་འགྱུར་ཞིག་བསྟན་ནས་སྡོད།
ཁོའི་རྣམ་འགྱུར་དེ་མཐོང་བས་ཚེ་སྐྱིད་བགད་བྱུང་ལ། དགོད་བཞིན་དུ་ཁྱོ་གའི་སྣ་མགོར་མཛུབ་མོས་གནོན་ཙམ་བྱས་ཏེ་ཀུ་རེ་དང་དོན་གཏམ་འདྲེས་མའི་ངང་། “བྱིས་པ་མི་བཙའ་བ་དེ་ནི་ཁྱོད་རང་ཉིད་ཀྱི་སྐྱོན་ཡིན་ཡང་སྲིད་པ་མ་རེད་དམ་”ཞེས་བཤད།
ཁྱོ་གར་ཡང་གདེང་ཚོད་ཆེན་པོ་མི་འདུག་པ་འདྲ། ལུས་པོ་ཡར་དགྱེ་སྟེ་སྔས་གྱང་ལ་ཁེན་ནས་ལག་པ་གཡས་པས་ཁོ་མོ་བྲང་ཁར་བསྡམས་ཤིང་ཅུང་ཡིད་ཕངས་པའི་རྣམ་འགྱུར་གྱིས“དེང་ཐོག་ཁོ་མོས་ཀྱང་དེ་ལྟར་སྙམ་གྱིན་ཡོད་པ་རེད། དེ་བས་ཁོ་མོས་ལྐོག་ནས་གཞན་ལ་བྱིས་པ་བསླངས་པ་རེད། དེ་ལྟར་བྱས་ཏེ་བྱིས་པ་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་ངས་དང་ལེན་བྱེད་ནུས་སམ། ངོ་མ་འཆལ་སྤྱོད་རེད་”ཟེར།
ཚེ་སྐྱིད་ཀྱིས་ཁོའི་སྐད་ཆའི་ཧ་མ་གོ་བར་མགོ་བོ་རྨོངས་པར་གྱུར་སོང་། མགོ་བོ་དགྱེ་སྟེ་དོན་གྲུབ་ཀྱི་གདོང་ལ་ཅེར་བཞིན་“གཞན་ལ་བྱིས་པ་བསླངས་ཟེར་བ་ཅི་རེད་”ཅེས་དྲིས།
དོན་གྲུབ་ཀྱིས་ཡང་བསྐྱར་ངུ་དགོད་ཅིག་བྱས་ནས་མགོ་བོ་འཕྲེད་དུ་གཡུགས་ཀྱིན་དུ། “ཁོ་མོར་བྱིས་པ་མ་བཙས་པས་གཤིས་ཀ་ཇེ་བཙོག་ཏུ་གྱུར་ནས་ནམ་རྒྱུན་བཟའ་འཁོན་བྱེད་ཀྱིན་འདུག དེར་ངས་ཅི་ཡང་མ་བཤད། བུད་མེད་ཅིག་ལ་མཚོན་ན་བྱིས་པ་བཙའ་བའི་ནུས་བ་མེད་པ་ལས་ལྷག་པའི་མནར་གཅོད་ཅི་ཞིག་ཡོད་དམ། འོན་ཀྱང་བསྡད་ཀྱིན་དུ་ཁོ་མོས་བྱིས་པ་ཞིག་ལུས་ལ་ཨེ་འཁོར་ལ་རེ་སྟེ་ལྐོག་ཏུ་སྐྱེས་པ་གཞན་དང་ལུས་འབྲེལ་བྱས་པ་རེད་”ཟེར།
ཚེ་སྐྱིད་ཀྱིས་མུ་མཐུད་དུ་སྐད་ཆ་འདྲི་མི་ཕོད་པར་གྱུར། འོན་ཀྱང་དོན་གྲུབ་ཀྱིས་མུ་མཐུད་དུ་ཁོའི་སྐད་ཆའི་མཇུག་བསྐྱངས་ཏེ། “ངས་ཀྱང་ཁོ་མོས་རང་ཉིད་ལ་བྱིས་པ་བཙའ་བའི་ནུས་པ་མི་འདུག་པ་ཤེས་འཕྲལ་མྱུར་མོར་ཡི་ཆད་པར་འགྱུར་ངེས་རེད་སྙམ་ནས་དེ་དག་ལ་ཁ་ཡ་མ་བྱས། འོན་ཀྱང་བསྡད་ཀྱིན་དུ་སྐྱེས་པ་གཞན་དང་ལུས་འབྲེལ་བྱེད་རྒྱུ་དེ་ཁོ་མོའི་ཆེད་ལས་ལྟ་བུར་གྱུར་སོང་བས་ངེད་གཉིས་རང་རང་སར་སྡོད་དགོས་བྱུང་བ་རེད”ཟེར་ནས་ཧ་ཅང་ཐང་ཆད་པ་ལྟ་བུའི་དངན་པ་རིང་བོ་ཞིག་འཐེན་བྱུང་།
ཚེ་སྐྱིད་ཀྱི་ཁ་འདུག་མ་ཐུབ་པར་“ཆེད་ལས་ཟེར་བ་ཅི་རེད་”ཅེས་དྲིས་རྗེས་རང་ཉིད་ཧ་ཅང་ཐལ་དྲགས་སོང་སྙམ་སྟེ་སྐད་དམའ་མོས་“དགོངས་པ་མ་ཚོམ་”ཟེར།
དོན་གྲུབ་ཀྱིས་ཁོ་མོའི་རྣམ་འགྱུར་དེ་མཐོང་འཕྲལ་ད་སྔོན་གྱི་སྐྱོ་སྣང་དེ་དག་བརྗེད་པ་ལྟར་གྱུར་ཏེ་བགད་བྱུང་། ཁོ་མོར་འོ་ཞིག་བྱས་ཏེ་འགྲེལ་བཤད་ཀྱི་ཚུལ་དུ་“འདི་དག་ཡོད་ཚད་འདས་ཟིན་པའི་བྱ་བ་རེད་པས་ཁྱོད་ཀྱིས་དགོངས་པ་མ་ཚོམ་ཟེར་དགོས་དོན་ཅི་ཡོད། ཆེད་ལས་ཞེས་པ་ནི་རང་ཉིད་ཕྱོགས་གང་ལ་མཁས་ཤིང་གོམས་པར་གྱུར་བའི་བྱ་བ་དེ་ལ་ཟེར་བ་རེད། དཔེ་བཞག་ནས་བཤད་ན་ཞིང་ལས་པ་ཞིག་ཡིན་ན་ཁོའི་ཆེད་ལས་ནི་ཞིང་འདེབས་རྒྱུ་དེ་ཡིན་པ་དང་། ཕྱུགས་ལས་པ་ཞིག་ཡིན་ན་ཁོའི་ཆེད་ལས་ནི་ཕྱུགས་འཚོ་རྒྱུ་དེ་ཡིན་པ་ལྟ་བུ་རེད་”ཅེས་བཤད།
ཁོ་མོ་ཁ་ཟུམ་མ་ཐུབ་པར་བགད་བྱུང་། དགོད་བཞིན་དུ་“ད་ནི་ངས་ཤེས་སོང་”ཟེར།
དོན་གྲུབ་ཀྱིས་ཁོ་མོའི་རྒྱུན་ལྡན་མ་ཡིན་པ་ལྟ་བུའི་དགོད་སྲོལ་དེ་མཐོང་ནས་ཅུང་ངོ་གནོང་བར་གྱུར་ཅིང་། “ཁྱོད་དགོད་དོན་ཅི་ཞིག་ཡིན། ང་ལ་འཕྱ་སྨོད་བྱེད་པ་ཡིན་ནམ་”ཞེས་དྲིས།
ཁོ་མོ་མུ་མཐུད་དུ་དགོད་བཞིན་དུ། ཁོའི་གདོང་ལ་ལྟ་ཙམ་བྱས་ཏེ་“མ་རེད། ངས་ཀྱང་ངའི་ཆེད་ལས་ཅི་ཞིག་ཡིན་པ་ཤེས་སོང་”ཟེར།
དོན་གྲུབ་ཀྱིས་ཁོ་མོའི་སྐད་ཆའི་ནང་དོན་མ་གོ་བར་ཁོ་མོའི་རྣམ་འགྱུར་ལ་བརྟག་བཞིན་དུ། “ཁྱོད་ཀྱི་ཆེད་ལས་ཅི་ཞིག་ཡིན་པ་རེད་”ཅེས་དྲིས་བྱུང་།
ཁོ་མོའི་ངོ་མདངས་མཚལ་གྱིས་བྱུགས་པ་ལྟར་དམར་བོར་འགྱུར་བཞིན་དུ་“ངའི་ཆེད་ལས་ནི་རང་ཉིད་ཀྱི་བྱིས་པ་བཙས་ཏེ་ཚེ་གང་བོར་ཁྱོད་ལ་སྲི་ཞུ་བསྒྲུབ་རྒྱུ་དེ་ཡིན་པ་མ་རེད་དམ་”ཟེར།
ཚིག་དེས་དོན་གྲུབ་ཀྱི་སེམས་ཀྱང་རབ་ཏུ་བཟི་བར་གྱུར་སོང་། དགོད་བཞིན་དུ། “བྱིས་པ་བཙའ་ན་ཡང་ཞིང་འདེབས་པ་དང་གཅིག་འདྲ་རེད། ཐོག་མར་ས་བོན་གཏོར་དགོས་པ་རེད་”ཅེས་བཤད་བཞིན་འགྲེ་ལོག་ཅིག་བརྒྱབ་སྟེ་ཁོ་མོ་ལུས་འོག་ཏུ་མནན་བྱུང་།
ཚེ་སྐྱིད་ཀྱང་དགོད་མཚམས་ཆད་དེ་མ་རབས་ཀྱི་མིག་མདངས་དང་བཅས་ཐ་ཚིག་སྒྲོག་པའི་ཚུལ་དུ་“འོན་ཀྱང་ཁྱོད་ཀྱིས་ཀྱང་སེམས་ཆུང་བྱེད་དགོས། ཕྱིན་ཆད་ཁྱོད་ཀྱིས་ཕྱི་རོལ་ནས་བུད་མེད་གཞན་པ་བཙལ་ཚེ་ངས་ཁྱོད་ཀྱི་འདོམས་ཀྱི་དབང་བོ་འབལ་ཡང་སྲིད་”ཅེས་བཤད།
དོན་གྲུབ་ཀྱིས་ལྡབ་ལྡིབ་ངང་“ངའི་འདོམས་ཀྱི་དབང་བོ་མེད་ན་ཁྱོད་ལ་བྱིས་པ་བཙའ་ནུས་སམ་”ཟེར།
ཁྱོ་ཤུག་གསར་བ་གཉིས་ཀྱིས་ཕན་ཚུན་ལ་འོ་བྱེད་བཞིན་དུ་ལུས་ཀྱི་རྔུལ་ཆུ་བརྡོལ་བར་གྱུར། གློ་བུར་དུ་ཚེ་སྐྱིད་ཀྱི་སེམས་ལ་ཅི་ཞིག་དྲན་པ་ལྟར་ཁྱོ་ག་ཕྱིར་བཀྱེད་དུ་བཅུག་ནས། “འོན་ཀྱང་བྱིས་པ་བཙའ་མི་ནུས་པ་དེ་ཁྱོད་ཀྱི་སྐྱོན་ཡིན་ན་ཅི་བྱེད་རྒྱུ་“ཞེས་དྲིས་ནས་ཁོས་ཅི་ཟེར་ལ་ཉན།
དོན་གྲུབ་ཀྱིས་སྔར་བཞིན་འོ་བྱེད་བཞིན་དུ་ཁོ་མོའི་གཏིང་རུམ་དུ་ཞུགས་པར་བྲེལ་བཞིན་ཡོད་པས་སྐད་ཆ་མང་པོ་བཤད་མི་འདོད་པར་“དེ་ཡིན་མི་སྲིད་”ཟེར།
རྩོམ་ཁུངས། ངེད་དྲ་བ།