ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༤
བཞི།
མཚོ་བོད་མཐོ་སྒང་གི་ནམ་ཟླ་ནི་དངོས་གནས་འདི་འདྲ་ཞིག་རེད། གྲང་ངར་ཆེ་བའི་དགུན་ཁའི་དུས་ཡུན་ཧ་ཅང་རིང་ཞིང་མཛེས་སྡུག་གི་དཔྱིད་དཔལ་ཤར་དུས་དབྱར་ཟླ་འབྲིང་བོ་ཚེས་ཟིན་པར་འདུག་པ་དང་དབྱར་ཟླ་ཐ་མ་ཕར་ཡོལ་མ་ཐག་སླར་ཡང་ཡུན་ཐུང་བའི་སྟོན་ཁའི་དུས་ཀྱི་མགོ་བརྩམས་ཟིན་པ་རེད། རྨ་ཆུའི་སྟོད་རྒྱུད་ཀྱི་ལུང་གོག་དོག་པོ་ན་ཡོད་པའི་ཡུལ་ཚོ་འདིར་མཚོན་ན་སྡེ་བ་བཅུ་གྲངས་ཤིག་གིས་གྲུབ་ཡོད་ཅིང་། དེ་དག་ཀྱང་ལུང་མཐིལ་དོག་པོ་འདི་ན་གྱ་གྱུར་འབབ་ཀྱིན་པའི་གཞུང་ཆུའི་གཡས་གཡོན་དུ་ཁལ་གཡག་རྡང་ལ་བཏགས་པ་ལྟར་ཅུང་ཐར་ཐོར་དུ་ཆགས་ཡོད། ནམ་རྒྱུན་དབྱར་ཟླ་འབྲིང་བོར་སླེབས་པ་ན་སྡེ་བའི་ནང་གི་སྡོང་བོའི་གཡུ་ལོ་རྣམ་པར་གྲོལ་ཏེ་གྲོང་སྡེ་ཧྲིལ་བོ་བསྒྲིབས་པར་བྱེད་པ་ཡིན་པས་རྒྱང་ནས་བལྟས་ན་སྔོ་ལྗང་ལྗང་གི་སྡོང་ར་རེ་རེ་ཡིན་པའི་སྣང་བ་སྟེར་ལ། སྡེ་བ་དང་སྡེ་བའི་བར་མཚམས་སྦྲེལ་བྱེད་དུ་གྱུར་བའི་ཞིང་སའི་རེའུ་མིག་གི་ནང་དུ་གྲོ་ཞིང་དང་ཀེ་ཙེའི་མེ་ཏོག་བསྡེབས་མར་བསྣོལ་ཏེ་ཡོད་པས་གསེར་སྐུད་ཀྱི་རི་མོས་བརྒྱན་པའི་ཟ་འོག་གི་གོས་ཆེན་ལྗང་ཁུ་ཞིག་བཏིང་བ་ལྟར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་མོད། འོན་ཀྱང་ད་ལྟ་ས་ཞིང་བཏབ་མ་ཐག་པའི་སྐབས་ཡིན་པས་བལྟས་ཚོད་དུ་ལུང་བའི་ནང་ཡོངས་རྫོགས་ད་དུང་སྐྱ་གོག་གེར་སྣང་ན་ཡང་། ཞིབ་ཏུ་བལྟས་ན་སྦྱར་སྡོང་རེ་རེའི་ཡལ་གའི་སྟེང་དུ་མྱུ་གུའི་མཆེ་བ་ཕྲ་མོ་དག་འཇབ་བུའི་ཚུལ་གྱིས་འབུས་ཀྱིན་འདུག་ཅིང་། ཉིན་འགའི་སྔོན་ལ་འདི་གར་ཁ་ཆར་འདྲེས་མ་ཞིག་བབས་པས་ས་ངོས་ཀུན་ཏུ་སོས་བུད་ཟིན་པ་ལྟ་བུའི་དྲོད་གཤེར་གྱི་མཁའ་དབུགས་མཐུག་པོ་ཞིག་གིས་ཁྱབ་འདུག་པ་དང་། ཡུལ་ཚོ་སྟེ་ལྷས་ར་སྡེ་བའི་ཕྱོགས་སུ་འཐེན་ཡོད་པའི་རྡོ་ལམ་རྙིང་བ་འདིར་ཡུན་རིང་བོར་བསྐྱར་ལས་བཟོ་སྐྲུན་བྱས་མ་མྱོང་བའི་རྐྱེན་གྱིས་ངོས་མི་སྙོམ་པར་གྱུར་ཡོད་ན་ཡང་། རྡོ་ལམ་གྱི་འགྲམ་གཉིས་ཀྱི་དྲོད་ཁུག་དག་ཏུ་ད་སོ་མར་ས་ཁར་བུད་པའི་འཇག་མ་ཚོམ་བུ་ཁ་ཤས་ཞོགས་རླུང་གིས་གཡོས་ཏེ་ཧ་ཅང་ཉམ་ཆུང་ངང་འདར་ཤིག་ཤིག་བྱེད་ཀྱིན་འདུག
ཞོགས་པའི་ཉི་འོད་འོག་ཏུ། ཚེ་སྐྱིད་ཀྱིས་ནང་གོས་སྔོ་སྐྱ་ཞིག་གི་ཐོག་ཏུ་ཐེར་མའི་བོད་ལྭ་ཐགས་སུ་བབ་པ་ཞིག་གོན་ནས་རྡོ་ལམ་འདི་དེད་ནས་ལྷས་ར་སྡེ་བའི་ཕྱོགས་སུ་འགྲོ་བཞིན་འདུག ཁོ་མོ་ལམ་དུ་འགྲོ་བཞིན་དུ་སེམས་ལ་འཆར་སྣང་སྣ་ཚོགས་སྐྱེས། ལན་རེར་རང་ཉིད་དོན་གྲུབ་ཀྱི་ཆུང་མར་གྱུར་ན་ཡང་ནམ་ཞིག་རང་ཉིད་ཀྱང་ཁོའི་ད་ལྟའི་ཆུང་མ་ལྟར་དོར་ཨེ་འགྲོ་ལ་སེམས་ཁྲལ་བྱེད་པ་དང་། ལན་རེར་ཁོ་རང་རང་ཉིད་ལས་ལོ་ན་ཆེ་བ་ཡོད་པས་ཁ་ཡ་ན་ཟླ་དག་གིས་འཕྱ་སྨོད་བྱས་ཨེ་ཡོང་ལ་ཡང་སྐྲག་ཡོང་། འོན་ཀྱང་དོན་དག་དེ་དག་ཙམ་གྱིས་ཁོ་མོའི་བསམ་གཞིགས་ལ་རྡུང་རྡེག་ཅི་ཡང་བྱེད་མ་ཐུབ། “ཧིན། རྒད་པོ་ཁྱོད་ཀྱིས་ང་རང་དོར་འདོད་ཀྱང་ང་རང་ཁྱོད་ཀྱི་ད་ལྟའི་ཆུང་མ་ལྟ་བུ་ཞིག་ཨེ་རེད་ལྟོས་”ཞེས་སྙམ་པ་དང་། ཁོ་རང་ལོ་ན་ཆེ་བའི་ཐད་ནས་ཀྱང་སྐྲག་དོན་ཅི་ཡང་མི་འདུག “ཁྱོ་ག་རྒན་པའི་ལོགས་ནས་ཆུང་མ་སྐྱིད་ཟེར་སྲོལ་ཡོད་པ་ལྟར་ངས་ནི་རང་ཉིད་ཀྱི་བདེ་སྐྱིད་འཚོལ་བ་ཡིན་པས། ཁྱོད་ཚོ་མ་དགའ་དབུས་སུ་ཕྱིན་ཏེ་མ་མཇལ་ཕྱིར་ལ་ཡོང་ཡང་སྡུག་གྱོང་རེད་”སྙམ་ནས་ཁོ་མོའི་ད་སྔོན་གྱི་སེམས་ཁྲལ་དེ་དག་གློ་བུར་དུ་ཤུལ་མེད་རྗེས་མེད་དུ་གྱུར་སོང་། ཡང་སྐབས་རེར་ཁོ་མོའི་སེམས་སུ་ད་སྔོན་གྱི་དེ་དག་ལས་ཀྱང་ཧ་ཅང་འཇིགས་སུ་རུང་བའི་དོན་ཞིག་དྲན་བྱུང་བ་སྟེ། དེ་ནི་གལ་ཏེ་དོན་གྲུབ་རང་ཉིད་ཡིད་འཐད་མ་ཡིན་ཚེ་ཅི་བྱ་ཅེས་པ་དེ་རེད། ཁོ་མོའི་སེམས་ལ་ཉིན་དེར་ཨ་ཁུ་དབང་ལོས་ཀྱང་“དེར་ཁོ་རང་ཅི་ལ་མི་འཐད་”ཅེས་རང་ཉིད་ཀྱི་བསམ་ཚོད་ལྟར་སྐད་ཆ་ཞིག་བཤད་པ་ལས་“ཁོ་རང་ཡང་ཡིད་འཐད་རེད་”ཅེས་པའི་ཐག་ཆོད་རང་བཞིན་གྱི་སྐད་ཆ་ཞིག་མི་འདུག་པ་སེམས་སུ་དྲན། “གལ་ཏེ་ཁོ་རང་ཡིད་འཐད་མིན་ཚེ་ཅི་ཞིག་བྱ། ཁོས་ང་ལ་ཁོ་མོ་ལྟ་བུ་ཞིག་མི་དགོས་ཞེས་བཤད་ཀྱང་སྲིད་ངེས་རེད། ཁོ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་པར་མ་ཟད་དཔོན་པོ་ཞིག་ཀྱང་རེད། འོན་ཀྱང་ང་ནི་་་་་”རང་གིས་རང་ཉིད་ལ་འཕངས་པའི་དྲི་ཚིག་དེས་ཁོ་མོ་རྩ་བ་ནས་ཕམ་པར་བྱས་སོང་། སེམས་ནས་“ཧིན། ཁྱོད་ཀྱང་མི་བཟང་བོ་ཞིག་མ་རེད། རྒན་མོ་གཅིག་ལ་འཐོར་ཟིན་པ་མིན་ནམ་”ཞེས་བཤད་ངེས་ཀྱང་། དེས་ཀྱང་ཁོ་མོའི་སེམས་གཏིང་གི་དོགས་པའི་མདུད་པ་ཅི་ཡང་བཀྲོལ་མ་ཐུབ། ཁོ་མོའི་སེམས་ལ་“གལ་ཏེ་ཁོས་ད་བར་དུ་རང་ཉིད་ལ་དོ་སྣང་ཅི་ཡང་བྱས་མེད་ཚེ། ད་ལྟ་གློ་བུར་དུ་རང་ཉིད་མཐོང་འཕྲལ་ཚིག་ཐག་ཆོད་པའི་ངང་‘ང་ལའང་ལ་རྒྱ་ཞིག་དགོས་པས་ཁོ་མོ་ལྟ་བུ་ཞིག་ལེན་མི་སྲིད་’ཅེས་བཤད་ཚེ་ཇི་ལྟར་བྱ་”སྙམ་བཞིན་སེམས་མི་བདེ་ལྷང་ངེར་གྱུར། ཁོ་མོས་མུ་མཐུད་དུ་ཆིག་ལབ་རྒྱག་པའི་ཚུལ་དུ་“ཧིན། ཁྱོད་ཀྱང་ལོ་ཆུང་ཞིག་མ་རེད། ང་ལྟ་བུའི་ཆུང་མ་ཞིག་ལོན་ན་ཡག་པའི་ནང་གི་རྒྱན་རེད། ”ཞེས་ཟེར། ཡིན་ན་ཡང་ཁོ་མོའི་སེམས་སུ་དྲན་པ་སྣ་ཚོགས་ཞིག་རྒྱས་པའི་མོད་ལ་སེམས་པ་ཇེ་འཚབ་དང་གོམ་པ་ཇེ་མྱུར་དུ་གྱུར་ཏེ་ལེ་དབར་ཉི་ཤུ་ལྷག་གི་ལམ་ཐག་སྟེ་ལྷས་ར་སྡེ་བར་ཇི་ལྟར་སླེབས་པ་ཡང་མ་ཤེས།
ལྷས་ར་སྡེ་བ་ནི་ལུང་གོག་འདིར་མཚོན་ན་དཔའ་སྟོབས་དང་རྒྱུ་སྟོབས་ཅི་ཡང་མེད་ན་ཡང་། ཡུལ་ཚོའི་སྲིད་གཞུང་གནས་འདིར་ཆགས་པ་ནས་བཟུང་ཁྱི་ངན་ནང་སྒོའི་ཁར་བཙན་ཞེས་པའི་དཔེ་ལྟར། སྡེ་བའི་ནང་གི་གསར་བུ་མ་རབས་དག་དཔུང་བསྒྲིགས་བྱས་ཏེ་ཡུལ་ཚོའི་ནང་དུ་དོན་དག་བསྒྲུབས་པར་ཡོང་བའི་མཐའ་འཁོར་གྱི་སྡེ་བའི་གསར་བུ་མིག་ལ་མི་རན་པ་དག་གི་སྟེང་ལ་དམག་རྒྱག་བྱས་ཏེ་ཁོ་ཚོ་ལ་ཆང་དང་དུ་བ་ཉོ་རུ་འཇུག་གིན་ཡོད་ཅིང་། གལ་ཏེ་ཁོ་ཚོའི་ལག་ཏུ་སྒོར་མོ་མེད་པ་ཡིན་ན་བརྙས་བཅོས་ཀྱིས་གཅར་རྡུང་བྱེད་ཀྱིན་ཡོད་པས། སྡེ་བ་གཞན་པའི་གསར་བུ་ལོ་ཆུང་གི་སྐོར་དག་གང་བྱུང་ངང་ལྷས་ར་སྡེ་བར་ཡོང་བར་སྐྲག་སྣང་བྱེད་ཀྱིན་ཡོད། སྡེ་བའི་ནང་གི་ཁྱིམ་བདག་རྒན་པོ་དག་གིས་ཀྱང་གསར་བུ་ཚོའི་ཚུལ་མིན་གྱི་སྤྱོད་སྟངས་དེ་རིགས་སྡེ་བའི་ལ་རྒྱ་ཞིག་ཏུ་བསམ་ནས་རྒྱ་ཡན་དུ་བཏང་བར་མ་ཟད་། ད་དུང་སྡེ་བ་གཞན་གྱི་མི་དག་ལ་ཡང་ཁོ་ཚོའི་གསར་བུ་ཚོ་རྒོད་པོ་མཐུར་མེད་ཤ་སྟག་ཡིན་པས་ཚང་མས་གཟབ་གཟབ་བྱ་དགོས་ཟེར་ནས་སྐྲག་ཕུད་པར་བྱེད། དེར་བརྟེན་གསར་བུ་ལོ་ཆུང་དེ་དག་སྔར་བས་ཀྱང་རྒྱ་ཡན་དུ་གྱུར་ཅིང་ཁོ་ཚོས་རང་ཉིད་ཚོར་“ལྷས་རའི་ཨ་མེས་བཅུ་གསུམ་”ཞེས་པའི་ནག་ཚོགས་ཀྱི་མིང་ཞིག་བཏགས་ཏེ་མ་རབས་ཐ་ཤལ་གྱི་ལས་སྣ་ཚོགས་ཀྱིས་ཉི་མ་གཏོང་བཞིན་ཡོད།
ཚེ་སྐྱིད་ལྷས་ར་སྡེ་བར་ཐོན་མ་ཐག་རང་ཉིད་ཀྱི་དངུལ་བུན་འཇལ་བྱེད་ཀྱི་སྒོར་མོ་དག་“ཨ་མེས་བཅུ་གསུམ་”གྱིས་འཕྲོག་ཨེ་འགྲོ་ལ་སྐྲག་གིན་ཡོད་པས་ཐད་ཀར་ཡུལ་ཚོའི་ཡིད་རྟོན་ཁང་དུ་སོང་བ་ན། སྟབས་ལེགས་པ་ཞིག་ལ་ཡིད་རྟོན་ཁང་གི་མགོ་གཙོ་ཡང་ད་སོ་མར་གཞུང་ལས་ཁང་དུ་ཐོན་པའི་སྐབས་ཡིན་འདུག
ཁོས་ཧུར་རེར་ཚེ་སྐྱིད་ལ་བལྟས་ཏེ། “ཁྱོད་ལ་དོན་དག་ཅི་ཞིག་ཡོད་”ཟེར།
ཚེ་སྐྱིད་ཀྱིས་རང་ཉིད་ཀྱི་ཡོང་དོན་བཤད་པ་ན། ཁོས་སླར་ཡང་“ཨ་ནེ་བཀྲ་ཁོ་ཚང་གི་དངུལ་བུན་ལོ་ཕྱེད་ཕར་འདའ་འདུག་པས་ཆད་པ་སྟེར་དགོས་”ཟེར།
འདི་གའི་ཡིད་རྟོན་ཁང་གིས་རང་ཉིད་ཀྱི་ཁེ་ཕན་གང་ཞིག་ལ་དམིགས་ཀྱིན་པ་མི་རྟོགས་མོད། ནམ་རྒྱུན་དངུལ་བུན་བསྐྱི་བའི་དུས་སུ་དངུལ་བུན་ལས་ལོ་གཅིག་གི་སྐྱེད་ཀ་སྔོན་ལ་འཐེན་གྱིན་ཡོད་པས། ཚེ་སྐྱིད་ཀྱིས་ཀྱང་ཐབས་བཀོད་ཅིག་འཐེན་དགོས་སྙམ་སྟེ་སྒོར་སྟོང་གཅིག་རྐྱང་རྐྱང་དེ་རུམ་ནས་བླངས་ཏེ། “ང་ནི་ཁོང་ཚང་གི་མིན། ཁོང་ཚང་ལ་དངུལ་བུན་འཇལ་དུ་ཡོང་མཁན་མི་འདུག་པས་ད་ནངས་ང་ལ་བསྐུར་བ་རེད། ”ཅེས་རྫུན་བཤད་དགོས་བྱུང་།
མགོ་གཙོ་དེས་གནས་ལུགས་བཤད་རྒྱུ་མེད་པའི་ཚུལ་གྱིས། “མི་ཆོགཆད་པ་ངེས་པར་དུ་སྟེར་དགོས། འདི་ནི་གཏན་འཁེལ་བྱས་པའི་དོན་རེད་པས་བསྒྱུར་མི་ཕོད་”ཟེར།
ཚེ་སྐྱིད་ཀྱིས་ཀྱང་གནས་ལུགས་བཤད་རྒྱུ་མེད་པའི་ངང་། “དེར་ང་ལ་ཐབས་བཀོད་ཅི་ཞིག་ཡོད་དམ། འོ་ན་ངས་ཁྱེར་ནས་ཁོང་ཚང་ལ་ཕྱིར་སྟེར་དགོས་སམ་”ཞེས་བཤད།
མགོ་གཙོ་དེས་དེ་མུར་དུ་བ་འཐེན་བཞིན་ཅུང་ཙམ་ལ་འདང་ཞིག་བརྒྱབ་པ་དང་། དེ་མུར་ཁྲོ་ཚུལ་གྱིས་ཁོ་མོའི་ལག་ནང་གི་སྒོར་མོ་ཕར་བླངས་ཏེ་བརྩི་ཙམ་བྱས་རྗེས་འཕྲོད་ཡིག་བྲིས་བྱུང་།
ཚེ་སྐྱིད་ཡིད་རྟོན་ཁང་ནས་ཕྱིར་བུད་རྗེས་སེམས་ལ་སྤྲོ་བ་བླ་ལྷག་ཏུ་སྐྱེས་བྱུང་། དོན་ངོ་མར་ད་ནངས་ཡུལ་ནས་ཡོང་དུས་སུ་ཨ་མ་བཀྲ་ཁོས་ཁོ་མོར་ལྭ་བ་ཉོ་སྤྱད་ཀྱི་སྒོར་བརྒྱ་ཡི་ཁར་ད་དུང་དངུལ་བུན་གྱི་ཆད་པའི་སྒོར་བརྒྱ་ཡང་བྱིན་ཡོད་པ་ཡིན་ལ། ད་ལྟ་དངུལ་བུན་གྱི་ཆད་པ་སྤྲོད་མ་དགོས་པ་བྱུང་སོང་བས་དེ་དག་གིས་རང་ཉིད་ཀྱི་བློར་འབབ་པའི་ལྭ་བ་ཡག་པོ་ཞིག་ཉོས་ཆོག་ཆོག་རེད། ཁོ་མོ་ཤ་རེར་ཕ་རོལ་གྱི་སྒེར་ཚོང་ཁྲོམ་རའི་ནང་དུ་ཕྱིན།
སྒེར་ཚོང་ཁྲོམ་ར་ནི་ཡུལ་ཚོའི་སྲིད་གཞུང་གི་རྒྱ་སྒོའི་ཁ་གཏད་དུ་ཡོད་པའི་ལྷས་སྐོར་དེ་ཡིན་ཞིང་། དེའི་ནང་དུ་ཡང་ས་ཆུའི་ཚོད་ཀྱི་རི་དྭགས་ཞེས་པའི་དཔེ་ལྟར་ཡུལ་ཚོ་འདི་ལ་རན་པའི་ཟ་ཁང་གཉིས་དང་དུ་ཆང་གི་ཚོང་ཁང་གསུམ། གྱོན་གོས་ཚོང་ཁང་གཉིས་མ་གཏོགས་མེད་ལ། གྱོན་གོས་ཚོང་ཁང་གཉིས་ཀ་ནི་སྲིབ་ངོས་ཀྱི་ཁ་ཆེའི་ཟ་ཁང་གི་འགྲམ་ལོགས་སུ་གཤིབ་སྟེ་ཡོད་འདུག ཁོ་མོ་དྲང་ཐད་དུ་གྱོན་གོས་ཚོང་ཁང་དུ་ཕྱིན་པ་ན། ནང་དུ་ཚོང་རྒྱག་ཁ་ཆེ་བུད་མེད་དེ་མ་གཏོགས་མི་འདུག་པས་སེམས་ལྷོད་པོའི་ངང་གྱོན་གོས་རེ་རེ་རང་ཉིད་ལ་འཚམ་མིན་དང་རྒྱུ་སྤུས་ལེགས་མིན་ལ་བལྟས། དོན་ངོ་མར་བཤད་ན་ཚོང་ཁང་འདི་དག་གི་ནང་དུ་ཡོད་པའི་ལྭ་བ་དག་ནི་གྲོང་ཁྱེར་གྱི་ཚོང་ཁང་ཆེན་མོའི་ནང་དུ་ཡོད་པ་དག་དང་འདྲ་བའི་སྤུས་ལེགས་པའི་གྲས་ག་ལ་ཡིན་ཏེ། ལུང་གྲོག་འདིའི་ནང་དུ་ཡོད་པའི་མི་དག་གི་འཚོ་བའི་ཆུ་ཚད་དང་མཐུན་པའི་རིན་གོང་ཧ་ཅང་སླ་བའི་སྐོར་ཤ་སྟག་རེད་ཅིང་། དེ་ཡང་འདི་གའི་མི་དག་གིས་ནི་གྲོང་ཁྱེར་གྱི་ལྭ་བ་དེ་དག་ཇི་ལྟར་ཧ་ཅང་གཙང་དག་གིས་གོན་ན་ཡང་ཁོ་ཚོ་ནམ་ཡང་གྲོང་ཁྱེར་གྱི་མི་རུ་འགྱུར་མི་སྲིད་དེ། རྒྱུ་མཚན་ནི་ཁོ་ཚོའི་ལུས་སྟེང་དུ་རང་བཞིན་གྱིས་སིམ་ནས་ཡོད་ཅིང་ཅི་ཞིག་གིས་ཀྱང་བསྒྱུར་ཏུ་མེད་པའི་ཧ་ཅང་བབ་ཆགས་ལ་ཞི་ཞིང་དུལ་བའི་ཞིང་བའི་སྣང་བརྙན་རྣམ་དག་དེ་ཡོད་པས་རེད།
ཁ་ཆེ་བུད་མེད་དེས་ཚེ་སྐྱིད་ཀྱིས་ལྭ་བ་ཅི་ཞིག་གོན་ན་ཡང་གཡས་ལྟ་གཡོན་ལྟ་བྱེད་བཞིན་ཧ་ཅང་རན་ཞིང་ཡག་ཚུལ་བཤད་དེ་ཁོ་མོའི་མོས་པ་འགུགས་ཅི་ཐུབ་བྱེད་ཀྱིན་འདུག་ན་ཡང་། ཚེ་སྐྱིད་ལ་མཚོན་ན་རང་ཉིད་ཀྱི་ཀུན་རྟོག་ངོས་སུ་གསལ་བའི་ལྭ་བ་དེ་འདྲ་གཅིག་ཀྱང་མི་འདུག་པས་སླར་ཡང་སྒོར་བུད་དེ་གྱོན་གོས་འཚོང་ཁང་གཞན་དེའི་ནང་དུ་སོང་།
ཚོང་ཁང་གཞན་དེའི་ཚོང་བདག་ནི་བོད་རིགས་བུ་མོ་ལོ་ཆུང་ཞིག་རེད་འདུག་ཅིང་ནང་དུ་བཀལ་ཡོད་པ་དག་ཕལ་ཆེ་བ་ལྷ་སའི་ལུགས་ཀྱི་བོད་ལྭའི་ཕྱི་གོས་དང་ནང་གོས་དག་རེད་ཅིང་། ལོགས་ཤིག་ཏུ་ཚོང་ཁང་གཞན་དེའི་ནང་གི་རྒྱ་ལྭའི་སྟོད་གོས་དང་རྐང་སྣམ་ལ་རིགས་འདྲ་བ་འགའ་ཡང་འདུག ཁོ་མོ་འགྲོ་དུས་ཚོང་ཁང་ནང་དུ་ད་དུང་གསར་བུ་གཉིས་ཀྱིས་ཝུ་ཆང་འཐུང་བཞིན་དུ་ཚོང་བདག་བུ་མོ་དེར་འདོད་གཏམ་སྣ་ཚོགས་བཤད་བཞིན་པའི་སྒང་རེད། ཚེ་སྐྱིད་གློ་བུར་ནང་དུ་ཡོང་བ་དེས་གསར་བུ་དེ་གཉིས་ཀྱི་དམིགས་པ་ཡང་རང་བཞིན་གྱིས་ཁོ་མོའི་སྟེང་དུ་གཏད་བྱུང་བ་སྟེ་ཧ་ཅང་རྣོ་བའི་མིག་འོད་ཀྱིས་ཁོ་མོའི་མགོ་མཇུག་བར་གསུམ་ལ་ཞིབ་ལྟ་བྱེད་ཀྱིན་འདུག་པས། ཚེ་སྐྱིད་ནི་ཅུང་དོགས་མི་བདེ་བར་གྱུར་ཏེ་མྱུར་མོར་ཁ་ཕར་འཁོར་ནས་ལྭ་བ་དག་ལ་ཞིབ་ལྟ་བྱེད་བཞིན་སེམས་ལ་ཁོ་ཚོ་ནི་ཨ་མེས་བཅུ་གསུམ་ཟེར་བ་དེ་དག་ཨེ་ཡིན་སྙམ་ནས་སྐྲག་སྣང་ཞིག་སྐྱེས། སྐབས་དེར་རྒྱབ་ཕྱོགས་ནས་གསར་བུ་དེ་གཉིས་ཀྱི་གཅིག་གིས། “ཡ་གསར་མོ། ལྭ་བ་ཞིག་ཉོ་རྒྱུ་ཡིན་ནམ་”ཟེར་བ་ན། གསར་བུ་ཅིག་ཤོས་དེས་ཀྱང་དེར་མཐུད་ནས་“ཁྱོད་ཀྱིས་ལྭ་བ་ཉོ་ན་ཕུ་བོ་འདི་ལ་དྲིས་དང་། ཁོ་ནི་ངོ་མ་ལྭ་བར་བལྟས་ན་མཁས་པ་ཞིག་ཡིན་”ཟེར།
ཚེ་སྐྱིད་ཀྱིས་ཁོ་གཉིས་ལ་ཁ་ཡ་བྱེད་མ་ཕོད་པར་ལྭ་བ་ཁོ་ནར་བལྟས་ནས་བསྡད། ལྟ་ཕྱོགས་ཤིག་གིས་ཕ་རོལ་ན་བོད་ལྭའི་ནང་གོས་གློ་ཁ་ཞིག་ཡོད་པ་དེས་ཁོ་མོའི་ཡིད་དབང་རབ་ཏུ་འཕྲོག་པར་གྱུར་ནས་ཚོང་བདག་བུད་མེད་དེར་བལྟས་ཏེ། “གན་གྱི་རིན་གོང་སྒོར་དུ་རེད་”ཅེས་དྲིས།
བུད་མེད་དེས་ཧ་ཅང་ལྡེམ་མྱུར་ལྡན་པའི་ངང་ལྭ་བ་དེ་བླངས་ནས་ཁོ་མོར་སྟོན་བཞིན། “འདི་ནི་ད་ལོ་གསར་དུ་དར་བ་ཞིག་ཡིན་ལ་རྒྱུ་སྤུས་ཀྱང་ཧ་ཅང་ལེགས། སེམས་ཅན་ལ་སྒོར་ལྔ་བཅུ་ལྟར་བཙོངས་པ་ཡིན་མོད། ཁྱོད་ཀྱིས་ཉོ་ན་སྒོར་བཞི་བཅུ་བྱོས་”ཟེར།
སྐབས་དེར་རྒྱབ་རོལ་གྱི་གསར་བུ་ཞིག་གིས། “ཁྱོད་ཀྱི་བློར་འབབ་ན་ཕུ་བོས་ཁྱོད་ལ་ཉོས་ཆོགཕུ་བོར་སྒོར་མོ་མང་བ་ཡིན་”ཟེར།
ཚེ་སྐྱིད་ཀྱིས་མུ་མཐུད་དུ་ཚོང་བདག་མར་རིན་གོང་གཏམས་མ་ཕོད་པར། མྱུར་མོར་རུམ་ནས་སྒོར་བཞི་བཅུ་བླངས་ནས་བྱིན་རྗེས་ནང་གོས་དེ་ཁུག་མའི་ནང་དུ་བཅུག་ནས་ཕྱི་སྒོར་བུད།
ཚེ་སྐྱིད་སྒེར་ཚོང་ཁྲོམ་རའི་སྒོ་ཁར་ཐོན་ལ་ཉེ་དུས་གསར་བུ་དེ་གཉིས་ཀས་ཀྱང་ཝུ་ཆང་ཤེལ་དམ་གང་རེ་ལག་ཏུ་བཟུང་ནས་ཕན་ཚུན་ལ་ཤབ་ཤུབ་ཅིག་བཤད་བཞིན་ཁོ་མོའི་རྗེས་བསྙེགས་ནས་ཐོན་བྱུང་བས། ཁོ་མོ་ནི་ཤྭ་ཁྱིས་དེད་པའི་རི་དྭགས་བཞིན་འཚབ་མ་དངངས་ཀྱིས་ཕྱིར་ཡུལ་དུ་འགྲོ་བའི་ལམ་དུ་ཁ་ཕྱོགས་ནས་བྲེལ་བྲེལ་གྱིས་སོང་། ཁོ་མོ་སྡེ་བའི་མཐའ་རུ་མ་བུད་པའི་ཡར་སྔོན་དུ་གསར་བུ་དེ་གཉིས་ཀྱིས་དམིགས་ཡུལ་མེད་པའི་ཚུལ་གྱིས་ཝུ་ཆང་འཐུང་བཞིན་ཡོང་གིན་འདུག་ན་ཡང་། སྡེ་བའི་མཐའ་རུ་བུད་དེ་མར་ཞོལ་གྱི་ས་སྟོང་དུ་ཐོན་མ་ཐག་ཁོང་གཉིས་གོམ་འགྲོས་གློ་བུར་དུ་ཇེ་མགྱོགས་སུ་བཏང་ནས་ཁོ་མོའི་རྗེས་བསྙེགས་ནས་ཐོན་བྱུང་། ཚེ་སྐྱིད་ཀྱི་སྙིང་ནི་ལུ་གུ་རྩེ་བ་ལྟར་གྱུར་ཏེ་རང་ཉིད་མ་བྲོས་ན་ཁོ་གཉིས་ཀྱིས་རྗེས་ཆོད་འགྲོ་བ་དང་བྲོས་ན་ཡང་ཐར་དཀའ་བས་ཅི་བྱ་སྙམ་ནས་ཕྱིར་ལྟ་ཞིག་བྱེད་པའི་ཚེ། གསར་བུ་དེ་གཉིས་ཁོ་མོའི་རྗེས་ཕྱོགས་སུ་བརྒྱུགས་ནས་ཡོང་གིན་འདུག་པ་མཐོང་། གསར་བུ་དེ་གཉིས་ཀྱིས་ཚེ་སྐྱིད་ཀྱི་རྗེས་ཆོད་ལ་ཉེ་བའི་དུས་སུ་གློ་བུར་དུ་ཁོང་གཉིས་ཀྱི་རྒྱབ་ཕྱོགས་ནས་རླངས་འཁོར་ཆུང་བ་ཞིག་ཐོན་བྱུང་ལ། རླངས་འཁོར་དེ་སྐད་ཅིག་ཉིད་ལ་མི་དེ་གཉིས་ཀྱི་སྔོན་དུ་བུད་དེ་ཁོ་མོའི་འགྲམ་དུ་ཐོན་བྱུང་བས། ཁོ་མོ་ལམ་འགྲམ་དུ་ལངས་ནས་ལག་བརྡ་བསྟན་ཏེ་རླངས་འཁོར་དེ་འདུག་པའི་རེ་བ་ཞུས།
རླངས་འཁོར་དེ་དེང་ཐོག་འདུག་རྩིས་མ་བྱས་ཀྱང་མར་ཙམ་སོང་རྗེས་གློ་བུར་དུ་ཏན་སེ་བསྡད་བྱུང་། ཁོ་མོ་མྱུར་མོར་རླངས་འཁོར་གྱི་གན་དུ་བརྒྱུགས། སྐབས་དེར་རླངས་འཁོར་དེ་ལས་ཨ་ཁུ་དབང་ལོ་ཚང་གི་དོན་གྲུབ་སར་བབས་བྱུང་ལ། ཁོས་ཚེ་སྐྱིད་ངོས་ཟིན་ཏེ། “ཁྱོད་གང་ལ་སོང་བ་ཡིན། ཁྱོད་ཀྱིས་འདི་ན་ཅི་ཞིག་བྱེད་ཀྱིན་ཡོད་”ཞེས་དྲིས་བྱུང་།
སྐབས་དེར་ཁོ་མོའི་རྗེས་འདེད་བཞིན་པའི་མི་དེ་གཉིས་ཀ་ཡང་གློ་བུར་དུ་བརྒྱུགས་མཚམས་བཞག་སྟེ་དེ་གར་ཏན་སེ་བསྡད་བྱུང་།
ཚེ་སྐྱིད་ཀྱིས་ཕྱི་མིག་གིས་མི་དེ་གཉིས་ལ་ལྟ་ཙམ་བྱས་རྗེས་“ང་རང་ཡིད་རྟོན་ཁང་དུ་དངུལ་བུན་སྤྲོད་དུ་སོང་བ་ཡིན་མོད། ཕྱིར་ཡོང་དུས་མི་འདི་གཉིས་ཀྱིས་རྗེས་འདེད་ཀྱིན་འདུག་”ཟེར་ནས་གློ་ལུ་འགའ་བྱས་བྱུང་།
དོན་གྲུབ་ཀྱིས་ཀྱང་མི་དེ་གཉིས་ལ་ལྟ་ཙམ་བྱས་རྗེས་དགོད་བཞིན་དུ་གཡས་འགྲམ་ནས་ཁ་ལོ་བའི་འགྲམ་གྱི་སྡོད་སའི་སྒོ་ཕྱེ་སྟེ་“རླངས་འཁོར་ནང་དུ་བུད་ཅིག”ཟེར། ཁོ་མོ་རླངས་འཁོར་ནང་དུ་འབུད་དུ་བཅུག་རྗེས་སྒོ་ཁྲོག་གེར་བརྒྱབ་བྱུང་།
ཚེ་སྐྱིད་རླངས་འཁོར་ནང་དུ་བུད་རྗེས་གཞི་ནས་རླངས་འཁོར་དུ་མི་གཞན་མེད་པར་ཁ་ལོ་བསྐོར་མཁན་དོན་གྲུབ་ཁོ་རང་ཉིད་ཡིན་པ་ཤེས། ཁོ་མོ་ཁ་ལོ་བའི་གམ་གྱི་སྡོད་ས་དེའི་སྟེང་དུ་བསྡད་པ་ན་ཧ་ཅང་མི་འོས་པ་ཞིག་ཏུ་སྣང་ཡང་ཧ་ཅང་སྐྱིད་སྣང་ཞིག་ཀྱང་སྐྱེས།
དོན་གྲུབ་ཀྱིས་སླར་ཡང་ཁོ་མོར་ཞིབ་ལྟ་ཞིག་བྱེད་དུས། དཀར་ཞིང་དམར་མདངས་རྒྱས་པའི་གདོང་དུ་ད་དུང་ལང་ཚོའི་གཞོན་ཤ་མ་ཡལ་བར་བཀྲག་མདངས་འཚེར་གྱིན་འདུག་ཅིང་། ཐ་ན་ཁྲ་ཆུང་མིག་ཟུང་གི་འདབས་སུ་བརྐྱངས་པའི་སྨིན་མའི་གཤོག་ཟུང་ཡང་གྲོང་ཁྱེར་བུ་མོ་ཚོ་ལྟར་བྲིས་པ་མ་ཡིན་པར་རང་བཞིན་གྱིས་མཛེས་ཤིང་སྡུག་ལ། ད་དུང་མར་གྱིས་ལས་འདྲའི་སྣ་གདོང་དང་མེ་ཏོག་འཛུམ་འདྲའི་མཆུ་སྒྲོས། བུམ་པ་ལྟ་བུའི་མགྲིན་པ། རྦབ་ཆུ་དང་མཚུངས་པའི་སྐྲ་ལོ་་་་་ཁོའི་སེམས་གཏིང་ནས་ངོ་མ་ཅི་འདྲའི་བུ་མོ་ཡག་མ་ཞིག་ཨང་སྙམ་པ་དང་དེ་སྔོན་ཨ་ཕས་ཁ་པར་ལས་སྐད་ཆ་བཤད་པ་དག་ཡིད་ལ་ཤར་བས་ཁོ་མོར་ཡང་ཡང་བལྟ་ཙམ་བྱེད་དགོས་པར་གྱུར།
ལམ་ནང་ནས་ཡོང་ཞོར་དུ་ཁོ་མོས་ད་སྔོན་གྱི་དོན་དག་དེས་ཁོའི་སེམས་ལ་དོགས་པ་སྐྱེས་ཨེ་ཡོད་དམ་སྙམ་སྟེ། “སྡེ་བ་འདིའི་སྐྱེས་པ་དག་ལ་ངོ་མ་ངོ་ཚ་མི་འདུགཚོང་ཞིག་ཀྱང་རྒྱག་ཏུ་མི་འཇུག་པར་འདུག ངས་ནི་འཕྲོག་བཅོམ་བྱེད་རྒྱུ་རེད་སྙམ་བྱུང་། ”ཞེས་བཤད།
དོན་གྲུབ་ཀྱིས་ཁོ་མོར་བལྟས་ཏེ་དགོད་བཞིན་དུ། “དེར་སྐྱོན་ཅི་ཡོད། ཡག་མོ་སྒོ་ཡོད་ན་གསར་བུ་དག་གིས་རྗེས་སུ་འདེད་ངེས་པ་ནི་དཔེ་རེད་”ཟེར།
ཚེ་སྐྱིད་དེང་ཐོག་ཁ་སྐྱེངས་པའི་ཚུལ་གྱིས་དགོད་ཙམ་བྱས་ཤིང་། སླར་ཡང་ཁོའི་སྐད་ཆར་ཡང་དམིགས་ཡུལ་ཡོད་པར་འདུག་སྙམ་སྟེ་སྤོབས་པ་བསྐྱེད་དེ“ཁྱོད་ཀྱིས་ཁ་ཡག་བཤད་པ་རེད། ཁྱོད་ཀྱི་ཆུང་མ་ཡང་ཧ་ཅང་ཡག་མ་ཞིག་ཡོད་པ་མིན་ནམ། ཁོ་མོའི་རྗེས་སུ་སྐྱེས་པ་གཞན་གྱིས་དེད་ན་ཁྱོད་ཀྱིས་སྐྱོན་མི་འདུག་ཨེ་ཟེར་རམ་”ཟེར་ནས་ལྷང་ལྷང་དུ་བགད་བྱུང་།
དོན་གྲུབ་ཀྱིས་ཁོ་མོས་དེ་ལྟར་བཤད་ཡོང་བ་ཡིད་དུ་ཡང་དྲན་མེད་པས་ཁོ་མོར་སླར་ཡང་ཞིབ་ལྟ་ཞིག་བྱེད་དགོས་བྱུང་། སྐབས་དེར་ཚེ་སྐྱིད་ཀྱི་གདོང་ཡང་དམར་བོར་གྱུར་ཏེ་ཟུར་མིག་རྣོན་པོས་ཁོ་རང་ལ་བལྟ་བཞིན་འདུག ཧ་ཅང་རྒྱུན་ལྡན་མིན་པའི་མིག་འོད་གཉིས་ལྷན་དུ་འཕྲད་འཕྲལ་རང་རང་སར་ཅུང་དོགས་མི་བདེ་བར་གྱུར།
དོན་གྲུབ་ཀྱིས་ཅུང་ཙམ་ལ་འདང་རྒྱག་བཞིན་སྡོད་པ་དང་། དེ་ནས་ཧ་ཅང་ལྕི་མོའི་གདངས་ཀྱིས་“ང་དང་ཆུང་མ་གཉིས་འཐོར་ཟིན། ཁ་སང་འཐོར་བ་ཡིན་”ཞེས་བཤད་བྱུང་།
ཚེ་སྐྱིད་ཀྱིས་ཀྱང་ཁོའི་དོན་དག་དེའི་ཕྱོགས་ཙམ་ཐོས་ཡོད་ན་ཡང་། རེ་ཞིག་ཅི་ཞིག་བཤད་དགོས་པ་ཡང་མ་ཤེས་པར་ཧ་ལས་མདོག་གིས། “ཨ་ཙི། ངོ་མ་ཟེར་རམ། ཁྱོད་གཉིས་ཀ་དོན་མེད་དུ་འཐོར་དོན་ཅི་ཡོད་དམ་”ཟེར་དགོས་བྱུང་།
དོན་གྲུབ་ཀྱིས་ངུ་དགོད་ཅིག་བྱས་ནས་མགོ་བོ་འཕྲེད་དུ་གཡུག་བཞིན། “ཁོ་མོར་བྱིས་པ་བཙའ་བའི་ནུས་པ་ཤོར་ཡོད་པ་ད་བར་དུ་ང་ལ་སྦ་གསང་བྱས་པ་རེད་”ཟེར་ནས་རླངས་འཁོར་གྱི་ཁ་ལོ་བསྒྱུར་བྱེད་ཀྱི་སྟེང་ལ་ཁུ་ཚུར་གྱིས་རྡེག་ཙམ་བྱེད། ཕར་བལྟས་ཚོད་དུ་ཁོང་གཉིས་ལ་བྱིས་པ་མེད་པ་དེས་ཁོའི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་ཤེས་ནས་ཚེ་སྐྱིད་ཀྱིས་ཀྱང་མུ་མཐུད་དུ་སྐད་ཆ་གཞན་བཤད་རྒྱུ་མ་རྙེད་པར་ཁ་རོག་གེར་འདུག་དགོས་བྱུང་།
ཁོང་གཉིས་ཀ་རང་རང་སར་ཁ་རོག་གེར་ཡོང་ཙམ་བྱས་རྗེས་སླར་ཡང་ཚེ་སྐྱིད་ཀྱི་ཁ་གྲགས་བྱུང་། ཁོ་མོས་ངག་ཧ་ཅང་འཇམ་པོའི་ངང་“ཁྱོད་ལ་ཁ་ལོ་བ་མེད་དམ་”ཟེར།
དོན་གྲུབ་ཀྱིས་ཁོ་མོས་ཅི་ཞིག་བཤད་ཀྱིན་པ་མ་ཤེས་པར། དགོད་བཞིན་དུ་“ཅི་རེད། ཁྱོད་ཀྱིས་ངས་རླངས་འཁོར་བསྐོར་ཤེས་ཀྱིན་མི་འདུག་སྙམ་པ་ཡིན་ནམ་”ཟེར།
ཚེ་སྐྱིད་ཀྱི་མགོ་བོ་དུད་ཅིང་སྐད་གདངས་དམའ་མོས། “ད་ལྟ་ཁྱོད་ཀྱི་སེམས་ཁམས་སྐྱིད་ཀྱིན་མི་འདུག་པས་་་་་་་་སྐབས་འདིར་རླངས་འཁོར་བསྐོར་ན་ཉེན་ཁ་ཆེ་ངེས་རེད་”ཟེར།
དོན་གྲུབ་ཀྱིས་ཁོ་མོའི་སྐད་ཆ་དེ་ཐོས་འཕྲལ་ཅུང་ཙམ་ལ་ཁོ་མོར་ཅེར་ནས་འདུག་ལ། གློ་བུར་དུ་རླངས་འཁོར་གྱི་འགག་ཟྭ་བསྡམས་པས་ཙིར་སྒྲ་ཞིག་དང་ལྷན་དུ་བསྡད་བྱུང་བས། ཁོང་གཉིས་ཀྱི་མགོ་ནི་ཨེན་ཙམ་གྱིས་མདུན་གྱི་ཤེལ་སྒོ་ལ་བརྡབས་བྱུང་། ཚེ་སྐྱིད་ཀྱིས་དོན་དག་ཅི་ཞིག་བྱུང་སོང་བ་མ་ཤེས་པར་སྐྲག་ཐག་ཆོད་དེ་ཧུར་རེར་དོན་གྲུབ་ཀྱི་གདོང་ལ་ཅེར་ནས། “དོན་དག་ཅི་ཞིག་བྱུང་སོང་བ་རེད་”ཟེར།
དོན་གྲུབ་ཀྱིས་ཧ་ཅང་སེམས་འགུལ་ཐེབས་པའི་ངང་ལག་པ་བསྲིངས་ནས་ཁོ་མོའི་ལག་པར་འཇུས་བྱུང་བས། ཚེ་སྐྱིད་ཀྱི་དབུགས་སྟོད་དུ་འཚངས་བྱུང་ཡང་འགོག་རྒོལ་ཅི་ཡང་བྱེད་མི་ཕོད་པར་དེ་མུར་ངོ་མདངས་དམར་བོར་གྱུར་ཏེ་མགོ་བོ་དུད་ནས་བསྡད་བྱུང་།
དོན་གྲུབ་ཀྱིས་ཧ་ཅང་ནན་ཏན་ངང་། “ང་དང་ཆུང་མ་གཉིས་ལོ་བཅུ་ཙམ་ལ་ལྷན་དུ་བསྡད་ཀྱང་། ཁོ་མོས་ད་བར་དུ་ང་ལ་འདི་འདྲ་བའི་སེམས་ཁུར་ཙམ་ཡང་བྱེད་མ་མྱོང་། ཁྱོད་ངའི་ཆུང་མ་བྱེད་རྒྱུར་ཡིད་འཐད་ཨེ་ཡིན་”ཞེས་དྲིས་བྱུང་།
ཚེ་སྐྱིད་ཀྱི་ངོ་མདངས་སྔར་བས་དམར་བོར་གྱུར་སོང་། ཁོ་མོར་དོན་གྲུབ་ལ་ལན་འདེབས་པའི་སྤོབས་པ་མི་འདུག“ང་རང་ཁྱོད་ཀྱི་ཆུང་མ་བྱེད་འདོད་”ཅེས་བཤད་སྲོལ་མི་འདུག་ཀྱང་ཁོའི་ཆུང་མ་བྱེད་འདོད་ཀྱིན་པ་ནི་ཁ་ནས་མ་བཤད་ཀྱང་ངོ་ཐོག་ལ་ཤར་ཡོད་པ་རེད། འོན་ཀྱང་བུད་མེད་དག་གི་བློ་རིག་ནི་སྐྱེས་པ་དག་ལས་རྒོད་ཟེར་བ་ཡང་དངོས་གནས་བདེན་པ་འདྲ། མཇུག་མཐར་ཁོ་མོས་བཤད་སྟངས་བསྒྱུར་ཏེ“འོ་ན་རྗེས་ཕྱོགས་ཁྱོད་ཀྱིས་ང་རང་ཡང་ཁྱོད་ཀྱི་ཆུང་མ་སྔོན་མ་དེ་དང་འདྲ་བར་དོར་ཚེ་ཅི་བྱའམ་”ཟེར།
དོན་གྲུབ་ཀྱིས་ཁོ་མོའི་སྐད་ཆའི་ཧ་གོ་སྟེ་དྲང་ཐད་དུ་ལན་མི་འདེབས་པར་། “འོ་ན་ཁྱོད་ཀྱིས་ཀྱང་སྔོན་གྱི་ཆུང་མ་ལྟར་ང་ལ་མགོ་སྐོར་གཏོང་རྒྱུ་ཡིན་ནམ་”ཞེས་དྲིས་པས། ཚེ་སྐྱིད་ཀྱིས་ཁོ་ལ་ལན་མི་གདབ་པར་ཤུབ་ཤུབ་ངང་བགད་བྱུང་།
རླངས་འཁོར་སླར་ཡང་ལམ་ལ་ཞུགས་ཏེ་མར་ཕྱོགས་སུ་ཤར་རེར་བསྐྱོད་སོང་།
རྩོམ་ཁུངས། ངེད་དྲ་བ།