ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༢
གཉིས།
ཨ་ཁུ་དབང་ལོས་རྫོང་མཁར་དུ་ཡོད་པའི་ཁོང་ཚང་གི་བུ་དོན་གྲུབ་ལ་བོང་རྒན་ཤི་ཚུལ་གྱི་ཁ་པར་བཏང་བ་ནི་ཉིན་འགའ་འགོར་བའི་རྗེས་ཀྱི་བྱ་བ་རེད། ལུང་གོག་འདིར་མཚོན་ན་ལྷས་རའི་(ཡུལ་ཚོའི་སྲིད་གཞུང་ཆགས་ཡོད་པའི་སྡེ་བའི་མིང་)ཡུལ་ཚོའི་གཞུང་ལས་ཁང་གཅིག་པུར་མ་གཏོགས་ཁ་པར་མེད་པས། འདི་གའི་ཡུལ་མི་དག་རྒྱུན་དུ་དེ་གར་སོང་སྟེ་གྲོང་ཁྱེར་དང་གྲོང་བརྡལ་དུ་བྱ་བ་བསྒྲུབས་ཀྱིན་པ་དང་སློབ་གཉེར་བྱེད་ཀྱིན་པའི་རང་ཉིད་ཀྱི་བུ་ཕྲུག་དང་ཉེ་འབྲེལ་དག་ལ་ཁ་པར་གཏོང་གིན་ཡོད། སྤྱིར་ན་ཉིན་འདིར་ཁོ་རང་ཡུལ་ཚོའི་ཡིད་རྟོན་ཁང་དུ་བུ་ལོན་བླངས་པའི་དོམ་འཇལ་དུ་ཡོང་བ་ཡིན་པས་བུ་དོན་གྲུབ་ལ་ཁ་པར་གཏོང་དོན་གཞན་ཅི་ཡང་མེད་ལ་གཏོང་རྩིས་ཀྱང་མེད་མོད། འོན་ཀྱང་ཡིད་རྟོན་ཁང་གི་མགོ་གཙོ་མི་འདུག་པས་ཅུང་ཙམ་ལ་སྒུག་དགོས་ཟེར་། དེ་གར་བསྒུགས་ནས་འདུག་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་རེད་པས་ཡུལ་ཚོའི་གཞུང་ལས་ཁང་དུ་སོང་ནས་དྲུང་ཡིག་བཀྲ་ཤིས་དང་ཁ་བརྡ་ཞིག་བྱེད་སྙམ། དྲུང་ཡིག་བཀྲ་ཤིས་ནི་དེ་སྔ་བུ་དོན་གྲུབ་དང་ལྷན་དུ་ཁྱིམ་ནང་དུ་ཡོང་མྱོང་བས་ཁོ་རང་དང་ཆ་རྒྱུས་གསལ་བོ་ཡོད།
ཨ་ཁུ་དབང་ལོས་གཞུང་ལས་ཁང་གི་སྒོ་ཕྱེ་ནས་ནང་དུ་འགྲོ་དུས་ཏག་ཏག་ཡུལ་གཙོ་ཀྲང་ལགས་ཀྱང་ནང་དུ་འདུག་ཅིང་། ཁོ་དང་ལས་བྱེད་པ་གཞོན་ནུ་འགས་དེ་གར་དོན་དག་གཞན་མེད་པ་ལྟར་ཡུལ་གཙོ་ལ་གུས་བཀུར་སྦྲགས་མའི་ཀུ་རེ་ལབ་གླེང་བྱས་ནས་འདུག་པ་མ་གཏོགས་ཁོས་འཚོལ་གྱིན་པའི་དྲུང་ཡིག་བཀྲ་ཤིས་མི་འདུག་པས་ཁོ་རང་ཅུང་རྟབ་རྟབ་པོར་གྱུར་སོང་།
ཡུལ་གཙོ་འཁོར་དང་བཅས་པས་ཨ་ཁུ་དབང་ལོ་གློ་བུར་དུ་གཞུང་ལས་ཁང་ནང་དུ་འཚངས་བྱུང་བ་མཐོང་འཕྲལ་ཅུང་མཚར་སྣང་གི་རྣམ་འགྱུར་དང་བཅས་ཅེར་ནས་སྡོད་ཅིང་། ཁོ་ཚོའི་ཁྲོད་ཀྱི་གསར་བུ་ཞིག་གིས་ཅུང་མ་རངས་པའི་རྣམ་འགྱུར་དང་བཅས་“ཁྱོད་ལ་བྱ་བ་ཅི་ཞིག་ཡོད་དམ་”ཅེས་དྲིས་བྱུང་།
ཨ་ཁུ་དབང་ལོ་སྔར་བས་འཚེར་སྣང་དང་བཅས་རེ་ཞིག་སྐད་ཆ་ཅི་ཞིག་བཤད་དགོས་པའང་མ་ཤེས་པར་དགོད་ཙམ་བྱས་ཏེ་“ངས་ཁ་པར་ཞིག་རྒྱག་སྙམ་པ་ཡིན་”ཞེས་བཤད།
ཡུལ་གཙོ་ནི་བག་ལྷོད་པོའི་ངང་སྐད་ཆ་ཅི་ཡང་མི་བཤད་པར་བསྡད་བྱུང་བས། གསར་བུ་ཁ་ཡག་ཞིག་གིས་ཧ་ཅང་སེམས་ཁུར་བྱེད་པའི་རྣམ་འགྱུར་གྱིས། “ད་དུང་དྲུང་ཡིག་མི་འདུག་པས་ཁྱོད་ཅུང་ཙམ་བསྡད་དེ་ཤོག་”ཟེར།
ཁོ་རང་ཕྱིར་གཞུང་ལས་ཁང་གི་སྒོར་བུད་མ་ཐག་ལྟག་རྒྱབ་ཏུ་སླར་ཡང་གསར་བུ་ཁ་ཡག་དེས་བཤད་པའི་སྐད་ཆ་ཞིག་ཐོས་བྱུང་བ་སྟེ། “མི་འདི་དག་ལ་སྐད་ཆ་ཡག་པོ་བཤད་དེ་ཕྱིར་འབུད་བྱས་ན་བཟང་”ཞེས་ཟེར་བ་ཐོས། ཁྱད་གསོད་ཀྱི་སྐད་ཆ་དེ་ཐོས་མ་ཐག་ཨ་ཁུ་དབང་ལོས་ཀྱང་གཞི་ནས་རང་གི་བུ་དོན་གྲུབ་ཀྱང་དཔོན་པོ་ཞིག་ཡིན་པ་དྲན་དུ་བཅུག་ཅིང་། ཁོ་ཚོའི་མདུན་དུ་ཁོ་ལ་ཁ་པར་ཞིག་བཏང་སྟེ་རང་ཉིད་ཀྱི་ཆེ་བ་ངོམ་འདོད་ཀྱི་འདུན་པ་དེ་སྐྱེས་པ་རེད། ཁོ་རང་ཕྱི་སྒོ་དང་ཐག་མི་རིང་བའི་སར་ཕྱིན་ནས་བསྒུགས་ནས་བསྡད། ཅུང་མ་འགོར་བར་ཁོའི་འདོད་མོས་མངོན་འགྱུར་བྱུང་སོང་བ་སྟེ་དྲུང་ཡིག་བཀྲ་ཤིས་ནི་ཕ་རོལ་ཞིག་ནས་གཞུང་ལས་ཁང་གི་ཕྱོགས་སུ་འགྲོ་བ་མཐོང་བྱུང་།
ཁོ་རང་ཡང་བསྐྱར་ཡུལ་ཚོའི་གཞུང་ལས་ཁང་གི་ནང་དུ་འཛུལ་བ་ན། ཡུལ་གཙོ་ཀྲང་དང་བཅས་པ་སྔོན་ལྟར་བསྡད་འདུག་ཅིང་། ཁོ་རང་གཞུང་ལས་ཁང་དུ་ཡོང་བར་མིག་ཟུར་གྱིས་ལྟ་ཙམ་བྱས་པ་ལས་དོ་སྣང་ཅི་ཡང་བྱས་མ་སོང་བས། ད་སྔོན་གྱི་གསར་བུ་ཁ་ཡག་དེས་ཕ་རོལ་ཏུ་ཡིག་ཆ་ཞིག་འཚོལ་བཞིན་ཡོད་པའི་དྲུང་ཡིག་བཀྲ་ཤིས་ལ་མཛུབ་མོས་སྟོན་བཞིན་“ཁོ་ནི་དྲུང་ཡིག་རེད་”ཅེས་བཤད་རྗེས་སླར་ཡང་གཞན་དག་གི་ཁ་བརྡར་གཡེང་སོང་།
“ཨ་ཙི། ཨ་ཁུ་དབང་ལོ་ཡིན་ནམ། ”བར་དེར་དྲུང་ཡིག་བཀྲ་ཤིས་ཀྱིས་ཨ་ཁུ་དབང་ལོ་ཡིན་པ་ངོ་ཤེས་ཏེ་མདུན་དུ་བརྒྱུགས་ནས་ཐོན་ཏེ་ལག་འཇུ་ཡང་བྱས་སོང་།
“ང་ནི་ངེད་ཚང་གི་དོན་གྲུབ་ལ་ཁ་པར་ཞིག་གཏོང་དུ་ཡོང་བ་ཡིན། ”ཨ་ཁུ་དབང་ལོས་ཁོ་ལ་འཚམས་འདྲི་བྱེད་རྒྱུ་ཡང་བརྗེད་དེ་ཐོག་མར་རང་ཉིད་ཀྱི་ཡོང་དོན་བཤད་དགོས་བྱུང་།
དྲུང་ཡིག་བཀྲ་ཤིས་ཀྱིས་སྔར་བས་ཀྱང་གུས་བཀུར་དང་བཅས་། “དོན་པུའུ་ཀྲང་ལ་ཁ་པར་རྒྱག་ཟེར་བ་ཡིན་ནམ། ངས་ཁྱོད་ལ་འབྲེལ་གཏུག་བྱེད་”ཟེར་ནས་ཁ་པར་ཨང་གྲངས་ཀྱང་བཤད་མ་དགོས་པར་ཕ་རོལ་ཏུ་སོང་ནས་ཁ་པར་བླངས་ཤིང་འབྲེལ་གཏུག་བྱེད་པའི་ལས་ལ་ཞུགས་སོང་བས། ཡུལ་ཚོའི་ལས་བྱེད་པ་དག་གིས་ཀྱང་དྲུང་ཡིག་བཀྲ་ཤིས་ཀྱི་སྐད་ཆ་དེ་ཐོས་འཕྲལ་རེ་ཞིག་སྐད་ཆ་བཤད་མཚམས་བཞག་སྟེ་ཁུ་སིམ་མེར་ཨ་ཁུ་དབང་ལོར་བལྟས་ཏེ་བསྡད་བྱུང་།
དྲུང་ཡིག་བཀྲ་ཤིས་ཀྱིས་དེ་མ་ཐག་ཏུ་འབྲེལ་གཏུག་བྱས་ཏེ་ཁ་པར་ཁོའི་ལག་ཏུ་གཏད་རྗེས་“འབྲེལ་གཏུག་བྱས་ཟིན། ཁྱོད་ཀྱིས་ཁ་པར་ཐོངས་དང་ང་ཅུང་ཙམ་གྱིས་ཐོན་ངེས་”ཞེས་བཤད་རྗེས་ཡིག་ཆ་དེ་ཁྱེར་ནས་ཕྱི་རོལ་ཏུ་བུད་སོང་།
ཨ་ཁུ་དབང་ལོས་རེ་ཞིག་སྐད་ཆ་ཅི་ཞིག་བཤད་དགོས་པ་ཡང་ཡིད་དུ་མ་དྲན་པར་ཕ་རོལ་བོའི་སྐད་ཆར་ཉན་ནས་སྡོད་དགོས་བྱུང་། ཡུལ་གཙོ་དང་ལས་བྱེད་པ་དེ་དག་སླར་ཡང་ཁ་བརྡ་བྱས་བྱུང་བས་ཁོས་སྐད་ཆེན་པོས། “ཝེ། རྫོང་རྩ་འཛུགས་པུའུ་ཨེ་ཡིན་”ཞེས་དྲིས།
ཕ་རོལ་བོ་ནས་“ཁྱོད་ལ་དོན་དག་ཅི་ཡོད་”ཅེས་ལྡོག་འདྲི་བྱས་སོང་། ཁོས་གསལ་བཤད་ཀྱི་ཚུལ་དུ། “ང་ནི་དོན་པུའུ་ཀྲང་གི་ཨ་ཕ་ཡིན། ཁོ་ཨེ་འདུག་”ཅེས་དྲིས། ཁོའི་སྐད་མགོ་ཧ་ཅང་མཐོ་བས་མཐའ་འཁོར་གྱི་འུར་ཟིང་ཡོངས་རྫོགས་གློ་བུར་དུ་ཁུ་སིམ་མེར་གྱུར་སོང་།
ཕ་རོལ་བོ་ནས་“ཁྱོད་ཀྱིས་ཅུང་ཙམ་སྒུགས་རོགས། ཁ་པར་ཁོང་གི་ལག་ཏུ་འཇོག་”ཟེར།
ཨ་ཁུ་དབང་ལོས་མཐའ་འཁོར་གྱི་རྣ་བ་ཡོད་ཚད་རང་ཉིད་ལ་གཏད་འདུག་པ་མཐོང་འཕྲལ་སེམས་ལྷོད་དུ་བབས་ནས་ཁ་པར་བཏང་། “ཝེ། དོན་བྷོ་ཡིན་ནམ། ང་ནི་ཨ་ཕ་ཡིན་”ཞེས་བཤད།
ཕ་རོལ་བོ་ནས་སྐད་གསལ་ལྷང་བའི་ངང་། “ཨ་ཕ་ཡིན་ནམ། ཡུལ་ནས་ཚང་མ་བདེ་མོ་ཡིན་ནམ་”ཞེས་འཚམས་འདྲི་བྱས་སོང་།
ཨ་ཁུ་དབང་ལོས་སྐད་ཆ་གསལ་ཐག་ཆོད་པོའི་ངང་“ཡུལ་ནས་ཚང་མ་བདེ་མོ་ཡིན་མོད། འོན་ཀྱང་ཁེ་ཉིན་ཞིག་ལ་འུ་ཚང་གི་བོང་རྒན་ཤི་སོང་”ཞེས་བཤད།
ཕ་རོལ་བོ་ནས་དགོད་ཙམ་བྱས་ཏེ་“ཇི་ལྟར་ཤི་བ་རེད་”ཟེར།
ཨ་ཁུ་དབང་ལོས་ཧ་ཅང་ནན་ཏན་ངང་“ཇི་ལྟར་ཤི་བ་ངས་ཀྱང་གསལ་བོ་མ་ཤེས། བོང་རྒན་སྔ་དགོང་མོ་ཡུལ་དུ་མ་ཡོང་ཐལ། ང་ཚོས་ནི་སུ་ཚང་ཞིག་གི་གཡུལ་ཁའི་ནང་དུ་ལྡིང་བ་ཨེ་ཡིན་ནམ་སྙམ་སྟེ་བཙལ་དུ་མ་སོང་། ཁྱོད་ཀྱི་ཨ་མས་ཀྱང་བཙལ་དུ་འགྲོ་ག་ལ་དགོས་ཟེར། འོན་ཀྱང་དེ་དུས་སོང་ཡོད་རྒྱུ་ན་སྐྱོན་ཡོད་རྒྱུ་མ་རེད། ”ཅེས་བཤད།
ཕ་རོལ་བོ་ནས་དགོད་ཙམ་བྱས་པ་ལས་ཅི་ཡང་བཤད་མ་བྱུང་།
ཨ་ཁུ་དབང་ལོས་བུའི་རྣར་འགྲོ་གྱིན་མི་འདུག་སྙམ་པ་ལྟར། “ངས་ངོ་མ་བཤད་པ་ཡིན། བོང་རྒན་ནི་ནམ་རྒྱུན་དགོང་མོར་ཡུལ་དུ་ཡོང་གིན་ཡོད་པས་ང་ཚོས་ཀྱང་ཁ་ཡ་མ་བྱས་པ་ཡིན། འོན་ཀྱང་ཕྱི་ཉིན་དགོང་མོ་ཡང་ཡུལ་དུ་ཐོན་མ་བྱུང་། དེ་བས་ང་རང་སོང་སྟེ་ཨ་ནེ་བཀྲ་ཁོ་ཚང་གི་སྐྱ་བྷོ་ལ་དྲིས་པ་ཡིན། སྡེ་བའི་མི་ཚང་མས་སྐྱ་བྷོ་ལ་མཁྱེན་པ་འདུག་ཟེར་གྱིན་འདུག་”ཅེས་བཤད།
ཕ་རོལ་བོ་ནས་སྔར་བཞིན་དགོད་ཙམ་བྱེད།
རྒད་པོས་ད་དུང་ཡང་བུ་ཡིད་ཆེས་ཀྱིན་མི་འདུག་སྙམ་ནས་མིག་ཅེར་ཅེར་ངང་ཧ་ཅང་ནན་ཏན་གྱིས་“ངས་ངོ་མ་ཟེར་བ་ཡིན། ངོ་མ་སྐྱ་བྷོ་ལ་མཁྱེན་པ་ཡོད་པ་དང་གཅིག་མཚུངས་རེད། ཁོས་ཡར་རོལ་གྱི་ལུང་བའི་ནང་ན་ཤི་འདུག་ཟེར། དེང་ཐོག་ང་རང་ཡིད་མ་ཆེས། འོན་ཀྱང་ཚོད་ལྟ་ཞིག་བྱེད་དགོས་སྙམ་ནས་སོང་བ་ན། ཨ་ཙི། ལུང་བའི་ནང་དུ་གྲོག་ཤུར་ཟབ་མོ་ཞིག་ཡོད་ཨང་། དེ་ན་འོབས་དོང་དུ་ལྷུང་ནས་ཤི་འདུག་”ཅེས་གསལ་ཐག་ཆོད་པོའི་ངང་བཤད།
ཁང་བའི་ནང་ཡོངས་ནི་ཨ་ཁུ་དབང་ལོའི་སྐད་ཆ་ཁོ་ནས་ཁེངས་འདུག་པས། མཐའ་འཁོར་དུ་ཡོད་པའི་ཡུལ་གཙོ་སོགས་ཀྱི་ཁ་བརྡ་བྱེད་མཚམས་རང་ཤུགས་ཀྱིས་ཆད་ཅིང་ཡུན་རིང་ཙམ་ལ་དབུགས་ཐུམ་མེར་བསྡད་རྗེས། ཡུལ་གཙོ་གཞི་ནས་ཡར་ལངས་ཏེ་ཁོ་ལ་ད་དུང་བྱ་བ་ཞིག་ཡོད་ཟེར་ནས་ལས་བྱེད་པ་དེ་དག་ལ་གྱེས་ཕྱག་གཏོང་ཙམ་བྱས་རྗེས་ཕྱི་རོལ་ཏུ་བུད་སོང་བས། ཤུལ་དུ་ཡོད་པའི་ལས་བྱེད་པ་དག་ཀྱང་སྔ་གཞུག་ལྟར་རང་རང་སར་འཐོར་ཏེ་ཨ་ཁུ་དབང་ལོ་གཅིག་པུ་ལུས་སོང་།
ཨ་ཁུ་དབང་ལོས་རང་ཉིད་ཀྱི་ཐབས་བཀོད་དེས་ཁོ་ཚོ་ཚང་མའི་ཟིལ་ཤུགས་མནན་སོང་བ་མཐོང་ནས་གདོང་ལ་རང་བཞིན་དུ་རྒྱལ་ཁའི་འཛུམ་ཞིག་ལངས་ཤིང་། མིག་གིས་ཕྱི་སྒོར་བུད་ཟིན་པའི་མི་དག་གི་རྗེས་སུ་ལྟ་བཞིན་ཁ་པར་རྣ་བར་གཏད་དེ་སྐད་མགོ་ཇེ་དམར་བཏང་སོང་། “བོང་རྒན་ཤི་སོང་བ་ནི་བདེན་པ་ཡིན་མོད་ངས་ཁྱོད་ལ་ཁ་པར་གཏོང་དོན་གཙོ་བོ་ནི་དེ་བཤད་བསམ་པ་མིན། ད་དུང་ཁྱོད་ལ་གྲོས་བྱེད་རྒྱུ་ཞིག་འདུག”ཅེས་བཤད།
ཕ་རོལ་བོས་“ཅི་ཞིག་གྲོས་བྱེད་དགོས་”ཞེས་དྲིས་བྱུང་། ཨ་ཁུ་དབང་ལོས་སླར་ཡང་གཡས་གཡོན་དུ་ལྟ་ཙམ་བྱས་རྗེས་སྐད་མགོ་སྔར་བས་ཀྱང་དམའ་བར་བྱས་ནས་“དྲང་མོར་ཤོད་དང་། ཁྱོད་དང་ཆུང་མ་གཉིས་དངོས་གནས་འགྲིག་ཐབས་མི་འདུག་གམ། ད་ནི་ཇི་ལྟར་བྱེད་བསམ་གྱིན་ཡོད་”ཅེས་དྲིས།
ཕ་རོལ་ནས་ཅུང་མ་མོས་པའི་རྣམ་འགྱུར་གྱིས་“དོན་འདི་ཁ་པར་ནང་ནས་བཤད་དགོས་དོན་མི་འདུག རྗེས་ནས་ང་ཡུལ་དུ་ཡོང་ངེས་ཡིན་”ཞེས་ཟེར།
ཨ་ཁུ་དབང་ལོས་གོམ་གང་མདུན་སྤོས་ཀྱིས་“ངའི་གན་དུ་མི་གཅིག་ཀྱང་མེད་པས་དྲང་མོར་ཤོད་དང་ཆོག ངོ་མ་ཇི་ལྟར་བྱེད་རྩིས་ཡོད་”ཅེས་དྲིས།
ཕ་རོལ་ནས་ཡུན་རིང་ཙམ་ལ་ཁ་མི་གྲགས་བསྡད་རྗེས་། རེ་ཞིག་ནས་ཚིག་ཐག་ཆོད་པའི་ངང་“ཁོ་མོ་དང་ལྷན་དུ་སྡོད་ཐབས་མི་འདུག ད་ནི་ཅི་བྱེད་དགོས་པའང་མི་ཤེས་པར་འདུག དེ་ལས་ལས་ཀ་མེད་པའི་བུད་མེད་ཅིག་ཁྱིམ་ཐབ་ཏུ་བླངས་ནས་བག་ལྷོད་པོས་རང་ཁྱིམ་ལ་བདག་བྱེད་དུ་བཅུག་ན་བཟང་བ་འདྲ་”ཟེར།
སྐད་ཆ་དེ་ཏག་ཏག་ཨ་ཁུ་དབང་ལོའི་བསམ་ཐོག་ཏུ་ཁེལ་བྱུང་འདྲ། ཅུང་འཚབ་འཚུབ་ངང་“ངས་ཀྱང་དེ་ལྟར་སྙམ་པ་ཡིན་”ཞེས་བཤད་མ་ཐག་རང་ཉིད་ཀྱི་སྐད་གདངས་ཧ་ཅང་མཐོ་སོང་བ་ཤེས་ནས་མྱུར་དུ་གཡས་ལྟ་གཡོན་ལྟ་ཞིག་བྱས་ཤིང་། སླར་ཡང་ཅུང་ཤབ་ཤུབ་ངང་། “ཁྱོད་ཀྱིས་བལྟས་ན་ཨ་ནེ་བཀྲ་ཁོ་ཚང་གི་ཚེ་སྐྱིད་ཅི་འདྲ་རེད། ཁོ་མོར་ལག་ལས་ཀ་ཡོད་པར་མ་ཟད་སྡེ་བ་ཕར་ཚུར་དུ་ཁོ་མོ་ལྟ་བུའི་ཡག་མོ་སྒོ་ཅན་ཞིག་གཏན་ནས་མེད་པ་ཁྱོད་ཀྱིས་ཀྱང་ཤེས་པ་ལྟར་རེད། ”ཟེར།
དོན་དེ་ཕ་རོལ་བོའི་བསམ་ཡུལ་ལས་འདས་པ་ལྟར་གྱུར་ཅིང་ཐེ་ཚོམ་ཅི་ཡང་མེད་པར། “ཁོ་མོ་ནི་ང་དང་བསྡུར་ན་ལོ་ཧ་ཅང་ཆུང་བ་མ་ཡིན་ནམ་”ཟེར།
ཨ་ཁུ་དབང་ལོས་ཅི་མི་སྙམ་པའི་ངང་། “ཆུང་རྒྱུ་ཅི་ཡོད། ད་ནི་ལོ་ཉེར་ལྔ་ཉེར་དྲུག་ལ་བུད་ཟིན་པ་རེད། ཁ་དཔེར་ཡང་མོ་སུམ་ཅུ་ཆུང་རྒྱུ་མེད་ལ་ཕོ་ལོ་བཞི་བཅུ་ཆེ་རྒྱུ་མེད་ཟེར་བ་མ་ཡིན་ནམ། བུ་མོ་ཚོར་མཚོན་ན་ལོ་སུམ་ཅུར་སོན་ཚེ་རྒས་སོང་བ་རེད”ཟེར།
ཁ་པར་ལས་དེ་འཕྲལ་ཅི་ཡང་བཤད་མ་བྱུང་ལ། ཅུང་ཙམ་ནས་སླར་ཡང་། “ཁོ་མོར་ད་དུང་བྱིས་པ་ཞིག་ཀྱང་ཡོད་པ་མ་རེད་དམ། ”ཟེར།
ཨ་ཁུ་དབང་ལོས་སྔོན་ལྟར་འཛེམ་དོགས་ཅི་ཡང་མེད་པར་བདེན་ཅོག་ཅོག་ངང་། “དེར་སྐྱོན་ཅི་ཡོད། ཨ་ནེ་བཀྲ་ཁོ་ཡོད་པས་ཁོ་མོས་བདག་སྐྱོང་བྱེད་ངེས་རེད། ཁྱོད་གཉིས་ལ་བདག་བྱེད་དུ་གཞུག་མི་སྲིད་”ཟེར།
ཕ་རོལ་ནས་སླར་ཡང་ཅུང་ཙམ་ལ་འདང་རྒྱག་པ་ལྟར་སྡོད་ཅིང་། མཇུག་མཐར་ཅུང་ཐེ་ཚོམ་གྱི་ངང་ནས། “དོན་དག་འདི་རྗེས་ནས་ཡུལ་དུ་ཐོན་རྗེས་གྲོས་བསྡུར་བྱེད། ཉིན་འདི་དག་ལ་བྱ་བར་ལས་བྲེལ་ཧ་ཅང་ཆེ་”ཟེར།
“འོ་ན་དེ་བྱ། ”ཨ་ཁུ་དབང་ལོ་ཡུལ་ཚོའི་གཞུང་ལས་ཁང་ལས་ཕྱིར་འབུད་དུས་དོན་དག་གལ་ཆེན་ཞིག་འགྲུབ་སོང་ལྟ་བུའི་སྣང་བ་སྐྱེས། ཁོས་རྫུ་འཕྲུལ་བསྟན་པ་ལྟ་བུའི་ད་སྔོན་གྱི་དོན་དག་དེ་ཚོར་ཕྱིར་དྲན་ཞིག་བྱས་རྗེས་རང་དབང་མེད་པར་ཁོང་དགོད་ཅིག་ཤོར་ཞིང་སྣ་གླུ་ཐུང་ཐུང་ཞིག་ལེན་བཞིན་ཤར་རེར་ཡིད་རྟོན་ཁང་གི་ཕྱོགས་སུ་ཕྱིན། འགྲོ་ཞོར་དུ་ཁོའི་སེམས་ལ་ཉིན་དེར་ཁོས་བོང་རྒན་གྱི་སྐད་ཆ་འདྲི་རུ་འགྲོ་དུས་ཨ་ནེ་བཀྲ་ཁོའི་བུ་མོ་ཚེ་སྐྱིད་མཐོང་བའི་སྣང་ཚུལ་དག་སླར་ཡང་མིག་ལམ་དུ་ཤར་བྱུང་། ཁོའི་སེམས་ལ་ངོ་མ་ད་བར་དུ་སྡེ་བ་གཅིག་གི་ནང་དུ་ཡོད་ཀྱང་ཁོ་མོ་འདི་འདྲའི་མཛེས་མ་ཞིག་ཡིན་པར་མཉམ་འཇོག་ཅི་ཡང་མ་བྱས་པར་འདུག་སྙམ།
ཁོ་རང་ཡིད་རྟོན་ཁང་གི་སྒོ་ནང་དུ་འཛུལ་བ་ན་ཡིད་རྟོན་ཁང་གི་འགོ་གཙོ་ནི་དངུལ་བུན་བསྐྱི་དུས་སུ་བཙན་པོ་གཞི་བདག་ལྟར་ཡོད་ཀྱང་དངུལ་བུན་འཇལ་དུས་ནི་ཁ་ངོ་འཛུམ་གྱིས་ཁེངས་འདུག ཁོས་ཨ་ཁུ་དབང་ལོ་དངུལ་བུན་འཇལ་དུ་ཡོང་བ་ཤེས་འཕྲལ་ཧ་ཅང་དགའ་བའི་ངང་ནས། “ཨ་ཁུ་ནི་ངོ་མ་མི་སྔོན་ཐོན་ཅན་ཞིག་རེད། འདི་ལྟར་བུ་ལོན་དུས་ལྟར་འཇལ་ན་རྗེས་ཕྱོགས་ཀྱང་དངུལ་བུན་བསྐྱི་སླ་བ་རེད་”ཟེར།
ཨ་ཁུ་དབང་ལོའི་སེམས་ནས་དངུལ་བུན་འཇལ་དུས་ཁྱོད་ཚོར་ལྟག་སྒོ་བརྒྱུད་དགོས་པ་མིན་ནམ་སྙམ་ཡང་ངག་ནས་དགོད་བཞིན་དུ་“དེ་ལོས་ཡིན། དེ་ལོས་ཡིན། ཁྱོད་ཚོས་ཀྱང་ནམ་རྒྱུན་དུས་ལྟར་འཇལ་ན་བསྐྱི་རྒྱུར་སེམས་ཚེགས་བྱེད་མི་དགོས་ཟེར་བ་མིན་ནམ་”ཞེས་བཤད་རྗེས། སྒོར་མོ་ཕར་སྤྲད་དེ་འགྲོ་ལུགས་ཀྱི་རྩིས་ཐོ་བརྒྱབ་ཚར་མཚམས་ཁ་ཕྱིར་འཁོར་ནས་འགྲོ་རྩིས་བྱས།
“ཁྱེད་ཀྱིས་ཅུང་ཙམ་སྒུག་དང་། ”ཡིད་རྟོན་ཁང་གི་མགོ་གཙོས་དེ་ལྟར་བཤད་མ་ཐག་ཨ་ཁུ་དབང་ལོས་ད་དུང་དོན་དག་ཅི་ཞིག་ཡོད་པ་ཡིན་ནམ་སྙམ་སྟེ་ད་ཕྱིར་འཁོར་ནས་ཁོའི་གདོང་ལ་ཅེར་ནས་“ད་ནི་དོན་དག་ཅི་ཞིག་ཡོད་དམ་”ཅེས་དྲིས།
ཡིད་རྟོན་ཁང་གི་མགོ་གཙོས་“ཁྱོད་ལ་དོན་དག་མེད་མོད། ངས་ཁྱོད་ལ་སྐད་ཅིག་བསྐུར་དགོས་པས་ང་ཚོར་རོགས་རམ་ཞིག་བྱོས་”ཟེར་བཞིན་མྱུར་མོར་འབྲི་དེབ་ཅིག་ཕར་སློག་འགའ་བྱས་རྗེས་དེ་མ་ཐག་ཏུ་རང་ཉིད་ཀྱི་དམིགས་བྱ་རྙེད་བྱུང་། “ཨ་ནེ་ཚེ་སྐྱིད་ཀྱང་ཁྱོད་ཚོའི་སྡེ་བའི་ཡིན་ཨང་། ཁོ་མོས་གཞིས་ནིང་ལོར་བསྐྱིས་པའི་སྒོར་སྟོང་གཅིག་གི་དངུལ་བུན་ད་དུང་ཡང་འཇལ་མི་འདུག ཁོང་ཚང་གིས་མྱུར་མོར་མི་འཇལ་ན་ཆད་པ་ལྕི་མོ་སྟེར་དགོས། ཁ་སང་དེ་རིང་ལ་འཇལ་ན་ཆད་པ་ཇེ་ཡང་དུ་བཏང་ཆོག་ཟེར་རོགས། ཁྱེད་ཀྱིས་སྐད་འདི་འཕྲོད་དུ་འཇུག་རོགས་”ཟེར།
“རེད་ཀྱང་ཁོང་ཚང་ལ་དཀའ་ངལ་ཡོད་པ་རེད་ཡ། ”ཨ་ཁུ་དབང་ལོས་ཁ་སང་དེ་རིང་འཕྲོད་པར་ཅུང་གདེང་ཚོད་མེད་པའི་ཉམས་ཀྱིས་“ཆད་པ་མ་བཅད་ན་ཨེ་ཆོག་གམ་”ཞེས་ཞུས།
མགོ་གཙོ་དེས་ཅི་མི་སྙམ་པའི་ངང་ཁུག་མ་ལས་དུ་བ་རྐང་གཅིག་བླངས་ཏེ་མེ་སྒོ་བཞིན་དུ་ན་རེ། “དཀའ་ངལ་ཡོད་ཀྱང་ཐབས་བཀོད་འཐེན་ཏེ་དངུལ་བུན་འཇལ་རྗེས་སླར་ཡང་དངུལ་བུན་བླངས་ཆོག་པ་མ་རེད་དམ་”ཅེས་ཟེར།
“ངས་སྐད་འཕྲོད་དུ་འཇུག་ངེས། ”
ཨ་ཁུ་དབང་ལོས་ནི་ཡུལ་ཚོའི་སྲིད་གཞུང་ནས་ཕྱིར་སྡེ་བའི་ནང་དུ་ཡོང་བའི་ལམ་བར་ཧྲིལ་བོར་བུ་དོན་གྲུབ་དང་ཚེ་སྐྱིད་གཉིས་ཇི་ལྟར་ཁྱིམ་གཅིག་ཏུ་འདུ་བར་བྱེད་པའི་ཕྱོགས་ཁོ་ན་ལ་བསམ་བློ་བཏང་སྟེ་ཇི་ལྟར་ཡུལ་དུ་ཐོན་པའང་མ་ཤེས།
རྩོམ་ཁུངས། ངེད་དྲ་བ།