ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡
གཅིག
ཨ་ཁུ་དབང་ལོ་ཚང་གི་བོང་རྒན་ཡར་རོལ་གྱི་ལུང་བའི་གྲོག་མོའི་ནང་དུ་ཤི་འདུག་པ་ཐོག་མར་མཐོང་མཁན་ནི་སྐྱ་བྷོ་རེད། སྐྱ་བྷོ་ནི་ཨ་ནེ་བཀྲ་ཁོ་ཚང་གི་བུ་མོ་ཚེ་སྐྱིད་ཀྱི་བྱིས་པ་ཡིན་ཞིང་། ད་ལྟ་ལོ་ན་བརྒྱད་ལ་སོན་ཡང་ཁོའི་ཀླད་པའི་དབང་རྩ་རྒྱུན་ལྡན་མིན་པས་ནམ་རྒྱུན་གཅིག་པུར་ག་ས་གང་དུ་དམིགས་ཡུལ་མེད་པར་ཁེར་འགྲོ་བྱེད་ཀྱིན་ཡོད་ཅིང་། འགྲོ་སར་ཡང་ངེས་གཏན་མེད་པར་སྡེ་བའི་སྲང་གོག་རེ་རེའི་ནང་དང་སྡེ་བའི་མར་ཞོལ་གྱི་གྲམ་པའི་ནང་། སྡེ་བའི་ཕར་ཁའི་ཞིང་སའི་མཐའ་འཁོར་རམ་ཐ་ན་ཡར་རོལ་གྱི་ལུང་བའི་གྲོག་མོ་རེ་རེའི་ནང་ཀུན་སོགས་མི་འགྲོ་ས་གཅིག་ཀྱང་མེད་པས། སྡེ་བའི་ནང་གི་མི་སུས་ཀྱང་མ་མཐོང་བའི་དོན་དག་རྣམས་ཀྱང་སྐྱ་བྷོས་མཐོང་གིན་ཡོད་ཅིང་སུས་མ་ཤེས་པ་དག་ཀྱང་སྐྱ་བྷོས་ཤེས་ཡོད་པ་སྟེ། སུ་ཚང་གི་བྱིས་པ་རྩེ་རུ་སོང་ནས་ཕྱིར་མ་ཐོན་པའམ་སུ་ཚང་གི་ཕྱུགས་ཟོག་གང་ཞིག་དགོང་མོ་ཕྱིར་ལྷས་ལ་མ་ཐོན་ནའང་ཚང་མས་སྐྱ་བྷོ་ལ་དྲིས་དང་མཐོང་ཡོད་ངེས་རེད་ཟེར་ལ། སྐྱ་བྷོས་ཀྱང་དེ་དག་ལ་ཡིད་ཁེངས་པའི་ལན་རེ་གདབ་ངེས་རེད།
ཨ་ཁུ་དབང་ལོས་བོང་རྒན་ཉིན་གཉིས་ལ་ཡུལ་དུ་ཡོང་རྒྱུ་མ་བྱུང་བ་མཐོང་ནས་ཡིད་མ་བདེ་བར་ཤ་རེར་ཨ་ནེ་བཀྲ་ཁོ་ཚང་ལ་ཡོང་ཞིང་། ཁོ་རང་རྒྱ་སྒོའི་ནང་རོལ་གྱི་ཁྱམས་རའི་དཀྱིལ་དུ་ཐོན་འཕྲལ་གོམ་པ་སྤོ་མཚམས་བཞག་སྟེ། “སྐྱ་བྷོ་ཡུལ་དུ་ཨེ་འདུག”ཅེས་བོས་བྱུང་།
ཕྱི་རོལ་ནས་མི་ཞིག་གིས་འབོད་ཀྱིན་པ་ཐོས་འཕྲལ་ཚེ་སྐྱིད་མྱུར་མོར་ཇ་ཁང་གི་སྒོར་བུད་བྱུང་། ཨ་ཁུ་དབང་ལོས་ཚེ་སྐྱིད་མཐོང་འཕྲལ་ཅི་བྱུང་མེད་པར་རེ་ཞིག་ལ་ཧད་ནས་བསྡད་བྱུང་བ་དང་། རེ་ཞིག་ནས་རང་ཉིད་ཀྱི་ཡོང་དོན་གཞི་ནས་དྲན་པ་ལྟར་ཡང་བསྐྱར་“སྐྱ་བྷོ་ཡུལ་ན་ཨེ་འདུག་”ཟེར།
ཚེ་སྐྱིད་ཀྱིས་“ཨ་ཙི། ཨ་ཁུ་དབང་ལོ་ཡིན་ནམ། སྐྱ་བྷོ་ཡུལ་དུ་འདུགཁྱིམ་དུ་འགྲོ་”ཞེས་བཤད་རྗེས་ཁ་ཕྱིར་འཁོར་ཏེ་“སྐྱ་བྷོ། ཁྱོད་ཨ་ཁུ་དབང་ལོས་འབོད་ཀྱིན་འདུག”ཅེས་བོས་བྱུང་།
ཁྱིམ་ནང་ནས་སྐྱ་བྷོ་ཡོང་རྒྱུ་མི་འདུག་མོད་ཀྱང་ནང་སྒོ་བརྒྱུད་ནས་སྐད་ཆ་ལྡབ་ལྡིབ་ཅིག་ཕྱིར་གྲགས་ཡོང་བ་ནི། “ཁྱོད་ཚང་གི་བོང་རྒན་ཤི་འདུག་”ཅེས་པ་དེ་རེད། ཚེ་སྐྱིད་ཀྱིས་དེ་ཐོས་པས་ཅུང་འཚེར་སྣང་སྐྱེས་པར་གྱུར་ཏེ། “ཨ་ཙི། ཁ་འཁྱག་འདིས་ཅི་ཟེར། ཁྱོད་ཀྱིས་བོང་རྒན་ཤི་འདུག་ཟེར་བ་ཅི་ཡིན། ཁྱོད་མྱུར་མོར་སྒོར་ཤོག་དང་”ཟེར།
དེ་མུར་སྐྱ་བྷོ་ཡང་ནང་སྒོའི་ཁ་རུ་མངོན་བྱུང་། ད་སོ་མར་གཉིད་ལས་སད་པ་ལོས་ཡིན་སྙམ་པའི་ཉམས་ཤིག་མངོན་བཞིན་ལག་པའི་ཕྱི་རྒྱབ་ཀྱིས་མིག་འབྱིད་ཙམ་བྱས་ཤིང་། ཁང་བའི་ནང་ནས་གློ་བུར་དུ་ཕྱིར་བུད་པས་དཀར་ངོགས་མིག་ལ་བསྣད་དེ་མིག་འབྱེད་དཀའ་བས་སྣ་སྙེར་ཏེ་ལྡབ་ལྡིབ་ངང་“ཁྱོད་ཀྱིས་བོང་བུ་བཙལ་གྱིན་པ་མིན་ནམ་”ཟེར།
ཨ་ཁུ་དབང་ལོས་ད་སྔོན་གྱི་སྐད་ཆ་རྣ་བས་མ་ཐོས་པ་ལྟར་ཡང་བསྐྱར། “སྐྱ་བྷོ། ཁྱོད་ཀྱིས་ངེད་ཚང་གི་བོང་བུ་མཐོང་བྱུང་ངམ་”ཞེས་དྲིས་བྱུང་།
སྐྱ་བྷོས་སྔོན་ལྟར་ལྡབ་ལྡིབ་ངང་“ཁྱོད་ཚང་གི་བོང་བུ་ཤི་འདུག་”ཟེར།
ཨ་ཁུ་དབང་ལོ་ཡང་དེ་མུར་ཡིད་མི་ཆེས་པར་གྱུར་སོང་། ཚེ་སྐྱིད་ཀྱིས་ད་སྔོན་སྐྱ་བྷོར་སྡིགས་པའི་སྐད་ཆར་ལད་མོ་བྱེད་པ་ལྟར། “ཁ་འཁྱགས་འདིས་ཅི་ཟེར། གང་ཞིག་ན་ཤི་འདུག”ཅེས་སྐད་དྲག་པོས་དྲིས་བྱུང་བས། སྐྱ་བྷོ་དེ་མ་ཐག་ཏུ་ངུས་བྱུང་།
སྐྱ་བྷོ་ངུས་བྱུང་བ་དེས་ཁྱིམ་ནང་དུ་སྡོམ་པ་སྲུང་སྟེ་གུང་ཚིགས་འཐུང་བཞིན་པའི་ཨ་ནེ་བཀྲ་ཁོ་རླུང་གིས་ཕུད་པ་ལྟར་སྒོར་ཐོན་བྱུང་། ཁོ་མོས་མྱུར་མོར་སྐྱ་བྷོའི་མགོ་བོར་ལག་པས་བྱིལ་བྱིལ་བྱེད་བཞིན་དུ་ཕྱིར་འཁོར་ནས་ཨ་ཁུ་དབང་ལོར་བལྟས་ཏེ་འཁང་རའི་ཚུལ་དུ། “ཁྱོད་ཀྱིས་བྱིས་པར་སྐྲག་བསླངས་ནས་ཅི་བྱེད། སྐད་ཆ་ཡོད་ན་དྲང་མོར་དྲིས་ན་མི་ཆོག་གམ་”ཟེར།
ཨ་ཁུ་དབང་ལོས་ཀྱང་དེ་མུར་ཅུང་འཚེར་སྣང་དང་བཅས་ཏེ། “ངས་་་ངས་་་་ཁོས་དོན་ངོ་མར་ངེད་ཚང་གི་བོང་བུ་མཐོང་ཡོད་མེད་དྲིས་པ་ཡིན། ”ཟེར་ནས་ད་དུང་ཡང་སྐྱ་བྷོའི་གདོང་ལ་ཅེར་ཏེ་ཅི་ཞིག་ཨེ་བཤད་ལ་རེ་འདུག
ཨ་ནེ་བཀྲ་ཁོ་ཐོན་བྱུང་བས་སྐྱ་བྷོ་ཡང་མུ་མཐུད་དུ་མི་ངུ་བར་སྔར་བས་ཀྱང་ལྡབ་ལྡིབ་ངང་། “གྲོག་མོའི་ནང་དུ་ཤི་འདུག ང་ཡར་ལ་འགྲོ་དུས་ཤི་འདུག མར་ལ་ཡོང་དུས་ཀྱང་ཤི་འདུག རྡོ་བས་བརྒྱབ་ན་ད་དུང་ཡང་ཤི་འདུགངས་ཤི་རུ་བཅུག་པ་མིན་”ཟེར་ནས་སླར་ཡང་ངུ་སྔངས་ལན་འགའ་བྱས་བྱུང་།
ཨ་ནེ་བཀྲ་ཁོས་སྔར་བཞིན་ཁོའི་མགོ་བོར་བྱིལ་བྱིལ་བྱེད་བཞིན་དུ་ངག་འཇམ་པོས། “ཁྱོད་ཀྱིས་ཤི་རུ་བཅུག་པ་ག་ལ་ཡིན། ངའི་གཅེས་ཕྲུག་མ་ངུ་ཨང་”ཟེར།
ཨ་ཁུ་དབང་ལོས་ཀྱང་ད་སྔོན་སྐྱོན་ཆ་དེ་འདྲ་ཡང་བསྐྱར་འབྱུང་བར་དོགས་པ་ལྟར་དལ་བྲེལ་མེད་པའི་ཚུལ་དུ། “རེད་ཡ། ཁྱོད་ཀྱིས་ཤི་རུ་བཅུག་པ་ག་ལ་ཡིན། ཁྱོད་ཀྱིས་ཤོད་དང་། གྲོག་མོ་གང་གི་ནང་དུ་ཤི་འདུག་”ཅེས་ནན་ཏན་དུ་དྲིས་བྱུང་།
སྐྱ་བྷོས་ནི་མུ་མཐུད་དུ་ཁོ་ལ་སྐད་ཆ་གསལ་བོ་བཤད་མ་འདོད་པ་འདྲ། ལག་གཡས་པའི་གུང་མཛུབ་ཀྱིས་རྒྱབ་ཕྱོགས་ཀྱི་ལུང་བའི་ཕྱོགས་སུ་སྟོན་ཙམ་བྱས་ཏེ། “གན་ན་འདུག་”ཅེས་བཤད་རྗེས་འཕྱི་བ་ཁུང་དུ་འཛུལ་བ་ལྟར་ཕྱིར་ཇ་ཁང་ནང་དུ་འཛུལ་སོང་བས། ཁྱམས་རའི་ནང་གི་མི་གསུམ་པོས་རང་དབང་མེད་པར་ཕན་ཚུན་གྱི་གདོང་ལ་ཅེར་ཏེ་བསྡད་འདུག
ཨ་ཁུ་དབང་ལོ་ཕྱིར་ལོག་འཕྲལ་མ་སྨད་གསུམ་ག་སླར་ཡང་ཇ་ཁང་ནང་གི་ཚ་ཐབ་ཀྱི་སྟེང་ཤོད་བྱས་ནས་བསྡད་བྱུང་། ཚ་ཐབ་སྟེང་དུ་སྡོད་མཁན་ནི་ཨ་ནེ་བཀྲ་ཁོ་དང་ཚ་བོ་གཉིས་ཀ་ཡིན་ཞིང་། ཚེ་སྐྱིད་ཀྱིས་ཐབ་ཀའི་མདུན་དུ་ཀེ་རྩྭ་བརྫངས་ཏེ་ཇ་བསྐོལ་བཞིན་འདུགདེ་རིང་ནི་ཚེས་གཅིག་ཉིན་ཡིན་པས་ཨ་ནེ་ཚེ་སྐྱིད་ཀྱིས་སྡོམ་པ་སྲུང་གིན་ཡོད་ལ། ད་སྔོན་ཨ་ཁུ་དབང་ལོ་ཡོང་བའི་དུས་སུ་ཁོ་མོས་གུང་ཚིགས་འཐུང་གིན་ཡོད་ཅིང་སྐྱ་བྷོས་ཀྱང་ཁོ་མོའི་གུང་ཚིགས་ལ་“རམ་འདེགས་”བྱེད་ཀྱིན་ཡོད་མོད། ཨ་ཁུ་དབང་ལོའི་དྲི་བ་དང་ཚེ་སྐྱིད་ཀྱི་སྐད་འགྲགས་ཀྱིས་སྐྱ་བྷོ་ངུ་བཅུག་པས་ཁོ་མོས་ཆབ་ལེན་རྒྱུ་ཡང་བརྗེད་དེ་བརྒྱུགས་ནས་སྒོར་ཡོང་བ་རེད། ད་ལྟ་ཁོ་མོས་གཞི་ནས་ད་སྔོན་ཆབ་མ་བླངས་པ་དྲན་ནས་བློ་འགྱོད་ཅིང་“ཨོབཛྲསཱཏྭ་”ཞེས་འགྱོད་བཤགས་ལན་འགའ་བྱས་རྗེས། སླར་ཡང་ངག་ནས་མ་ནི་ཡིག་དྲུག་ཟློ་བཞིན་ལག་གཡོན་པའི་ནང་གི་མུ་ཏིག་རྫུན་མའི་ཕྲེང་བ་དེ་ཉུག་ཙམ་ཉུག་ཙམ་གྱིས་འདྲེན་བཞིན་འདུག་ལ། མིག་གིས་སྔ་གཞུག་ཀུན་ཏུ་འགྲམ་རོལ་ན་ཅི་ཞིག་ལ་འདང་རྒྱག་གིན་པ་ལྟར་བསྡད་ཡོད་པའི་ཚ་བོ་སྐྱ་བྷོ་ལ་ཅེར་ནས་འདུག
ཨ་ནེ་བཀྲ་ཁོའི་ཁྱོ་ག་ནི་རིག་གསར་སྐབས་སུ་ཐོན་སྐྱེད་རུ་ཁག་གི་རུ་གཙོ་ཡིན་མོད། ཆིག་སྟོང་དགུ་བརྒྱ་བདུན་ཅུ་ལོར་བུ་མོ་ཚེ་སྐྱིད་བཙས་ནས་ཅུང་མ་འགོར་བར་གློ་ནད་བྱུང་སྟེ་ཡུན་རིང་བོར་མལ་སའི་ནང་དུ་ལྷུང་ཞིང་མཇུག་མཐར་ཚེ་ལས་འདས་པར་གྱུར། བུ་མོ་ཚེ་སྐྱིད་ནི་རིམ་བཞིན་ནར་སོན་པར་གྱུར་བ་དང་བསྟུན་ནས་ཁ་སྒོ་སྐྱེ་འབྲས་གཞན་ལས་མཚར་བས་མི་ཐམས་ཅད་ཀྱིས་གླེང་གཞིར་གྱུར་ཅིང་། མོ་ལོ་བཅོ་ལྔར་སོན་པ་ནས་བཟུང་ཁྱིམ་མཚེས་གཡས་གཡོན་དང་ཕར་ཚུར་གྱི་སྡེ་བ་དག་ནས་མནའ་མར་སློང་མཁན་མང་པོ་བྱུང་བས། སྤྱིར་ཨ་ནེ་བཀྲ་ཁོས་སེམས་པའི་འཆར་གཞི་ནི་རྗེས་སོར་བུ་མོར་མག་པ་བཟང་བོ་ཞིག་བླངས་ཏེ་ཁྱིམ་ཚང་འདིའི་གཞིས་འཛིན་དུ་འཇུག་རྒྱུ་དེ་ཡིན་མོད། འོན་ཀྱང་རང་ཉིད་ཀྱིས་བློར་འབབ་པའི་མག་པ་བཟང་བོ་ཞིག་ལག་ཏུ་ཡོང་མིན་མི་ཤེས་པ་དང་བུ་མོར་གནས་བདག་མང་དུས་སུ་གནས་ལ་མ་བྱིན་ན་རྗེས་ནས་འགྱོད་ངེས་པའི་ཁ་དཔེ་ཡང་ཡོད་པས་རང་ཉིད་ཀྱི་སྐྱིད་སྡུག་ལ་བལྟས་ཏེ་བུ་མོ་གཅིག་པུ་སྡུག་ཏུ་འཇུག་མི་རུང་སྙམ་ནས་གནས་ལ་སྟེར་རྩིས་ལན་འགར་བྱས་ཀྱང་བུ་མོ་ཚེ་སྐྱིད་གཏན་ནས་ཡིད་འཐད་མ་བྱུང་། དེའི་རྐྱེན་གྱིས་སྡེ་བའི་མི་རྣམས་ཀྱིས་ཁོ་མོས་ཨ་མ་གཅིག་པུ་ཤུལ་དུ་བསྐྱུར་བར་བློས་མ་ཐོངས་པ་ཡིན་རྒྱུ་རེད་སྙམ་སྟེ་“ཅི་འདྲའི་བུ་མོ་ཁྲེལ་ཡོད་ཅིག་ཨང་”ཟེར་ནས་སྔར་བས་ཀྱང་ཚང་མའི་སྨོན་གཞིར་གྱུར།
སྟག་གི་རི་མོ་ཕྱི་དང་མི་ཡི་རི་མོ་ནང་ཞེས་ཟེར་བ་ཅི་མ་བདེན། ཚེ་སྐྱིད་མོ་ལོ་བཅོ་བརྒྱད་ལ་སོན་པའི་ལོ་དེར། ཁོ་མོ་དང་སྡེ་བའི་ནང་གི་བུ་མོ་གཉིས་ཀྱིས་གྲོས་བྱས་ཏེ། ད་ལྟ་སྡེ་བ་གཞན་གྱི་བུ་མོ་དག་མཁར་གྲོང་དུ་ཕྱིན་ནས་ལས་བྱེད་པ་དང་རླངས་འཁོར་ཁ་ལོ་བ་སོགས་ཀྱི་ཆུང་མ་བྱས་ཏེ་སྐྱིད་པོ་བྱས་ནས་བསྡད་ཡོད་སྐད་འདུག་པས། ང་ཚོས་ཀྱང་ལུང་གོག་སྐམ་པོ་འདིར་ཚེ་གང་བོར་སྡུག་མྱངས་ནས་སྡོད་པ་ལས་མཁར་གྲོང་དུ་ཕྱིན་ན་རླངས་འཁོར་ཁ་ལོ་བ་ཆུང་མ་བྱེད་ཞིག་གི་མི་ཐུབ་ཀྱང་དགེ་རྒན་ཞིག་ལག་ཏུ་ལོས་ཡོང་ཞེས་གྲོས་བྱས་ཤིང་དུས་བཏབ་རྗེས། མཚན་མོ་ཞིག་ལ་ཁོང་གསུམ་གས་ཡུལ་ནས་སྒོར་མོ་ཉུང་ཙམ་རེ་བརྐུས་ཏེ་ལུང་གོག་འདི་དང་གཉེན་ཚན་དག་ལ་ཁ་གྱེས་པ་རེད། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཟེར་བ་ལྟར་ལོ་གཅིག་གི་རྗེས་ནས་ཚེ་སྐྱིད་ཕྱིར་ཡུལ་དུ་ཐོན་དུས་ཕོ་བ་ཆེ་རུ་སྦོས་འདུག་པ་སྟེ། ཁོ་མོའི་ཁ་ལོ་བའམ་དགེ་རྒན་ཞིག་གི་ཆུང་མ་བྱེད་རྒྱུ་མ་བྱུང་བའི་ཁར། དེ་ལས་ལྡོག་སྟེ་ཕོ་བའི་ནང་དུ་ཨ་ཕ་སུ་ཡིན་མི་ཤེས་པའི་བྱིས་པ་ཞིག་ཆགས་འདུག་པ་དེ་རེད། སྐྱ་བྷོ་བཙས་ནས་ལོ་གསུམ་ལ་སོན་པའི་དུས་སུ་ཡང་ད་དུང་ཙོག་པུར་འདུག་མི་ནུས་པས་ཨ་ནེ་བཀྲ་ཁོས་བྱིས་པ་འདི་རྒྱུན་ལྡན་མིན་པ་ཤེས་ཏེ་ཕྱོགས་ཡར་མར་གྱི་སྨན་ཁང་དུ་ཁྱེར་ནས་ནད་བརྟག་བྱེད་དུ་བཅུག་ན་ཡང་། སྨན་པས་ཀྱང་བརྟག་དཔྱད་ཡང་ཡང་བྱས་རྗེས་གདེང་ཚོད་ཆེན་པོ་མེད་པའི་སྒོ་ནས་ཕལ་ཆེར་བྱིས་པ་མངལ་དུ་ཡོད་དུས་ཨ་མས་ཆང་འཐུང་རྒྱུ་མང་སོང་བ་འདྲ་ཟེར་ནས་སྨན་བཅོས་བྱེད་བློ་ཅི་ཡང་མ་བྱུང་། ཡིན་ན་ཡང་སྐྱ་བྷོ་རིམ་བཞིན་ནར་སོན་གྱིན་དུ་ཙོག་ཐུབ་པར་མ་ཟད་ཡར་ལངས་ནས་འགྲོ་ཡང་ནུས་བར་གྱུར་མོད་ཀླད་པའི་དབང་རྩ་ནི་རྒྱུན་ལྡན་མ་ཡིན་པ་འདི་ལྟ་བུ་ཞིག་རེད། ཇི་ལྟར་བཤད་ཀྱང་ཨ་ནེ་བཀྲ་ཁོ་ལ་མཚོན་ན་བྱིས་པ་འདི་ཉིད་རང་གི་ཚ་བོ་ཡིན་པས་ཆུང་ངུའི་དུས་ནས་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་ཀྱིན་ཡོད་ལ། གཞིས་ནིང་དགུན་ཁར་སྐྱ་བྷོ་ལ་གློ་བའི་གཉན་ཚད་བྱུང་སྟེ་ཨེན་ཙམ་གྱིས་ལག་ནས་ཤོར་ལ་ཉེ་བ་བྱུང་བས་དངུལ་ཁང་ནས་དངུལ་བུན་བསྐྱིས་ཏེ་སྨན་ཁང་དུ་བསྐྱལ་ནས་སྲོག་བླུས་པ་རེད། དེ་ནས་བཟུང་སྐྱ་བྷོ་ནི་ཁྱིམ་ནང་འདིའི་རིན་པོ་ཆེ་ལྟ་བུར་གྱུར་ཏེ་ཐ་ན་ཚེ་སྐྱིད་ཀྱིས་ཁོ་རང་ལ་སྡིགས་མོ་ཙམ་བྱས་ན་ཡང་དེ་མ་ཐག་ཏུ་ཨ་ནེ་བཀྲ་ཁོ་ཚ་བོའི་རྒྱབ་རྩ་ནས་ལངས་ཏེ་ཁོ་མོར་གཤེ་གཤེ་གཏོང་གིན་ཡོད།
ཚེ་སྐྱིད་ལ་མངོན་སུམ་གྱི་གཏམ་རྒྱུད་དེ་འདྲ་ཞིག་བྱུང་བ་ནས་བཟུང་སྔོན་ཆད་ལྟར་ཁོ་མོ་གཉེན་སློང་དུ་ཡོང་མཁན་མེད་པར་མ་ཟད། ཨ་ནེ་བཀྲ་ཁོས་ཕྱོགས་ཡར་མར་ལ་ཕན་བཞག་སྟེ་མག་པ་ཞིག་ལག་ཏུ་ཨེ་ཡོང་ལ་ཧུར་ཐག་བྱས་ཀྱང་གསར་བུ་དག་གིས་ཚེ་སྐྱིད་ལ་དབང་རྩ་རྒྱུན་ལྡན་མིན་པའི་བྱིས་པ་ཐང་ལ་ཞིག་ཡོད་པར་རྐྱེན་བྱས་ཏེ་རེ་བ་དོན་ཐོག་ཏུ་འཁྱོལ་བའི་སྐལ་བ་མ་བྱུང་བར་ད་བར་དུ་ལུས་སོང་། དུས་ཚོད་རིམ་བཞིན་དུ་ཕར་འདས་པ་དང་བསྟུན་ནས་ཨ་ནེ་བཀྲ་ཁོ་ཡང་ཡི་ཆད་དང་འུ་ཐུག་ལྷན་དུ་སྐྱེས་པའི་ཁར་གཤིས་ཀ་ཡང་ཇེ་སྡུག་ཏུ་གྱུར་ཅིང་། ཚེ་སྐྱིད་ཀྱི་བྱུང་འདས་ཀྱི་ལོ་རྒྱུས་ལ་ཁག་འགེལ་བྱས་ནས་དུས་རྒྱུན་ཁོ་མོར་སྡིགས་མོ་སྣ་ཚོགས་བྱེད་ཀྱིན་ཡོད་པར་མ་ཟད། ལན་རེར་མི་གཞན་ལ་ཚེ་སྐྱིད་ཀྱི་སྐོར་ཁ་བརྡ་བྱེད་དུས་ཀྱང་མིང་ངོ་མ་ནས་མི་འབོད་པར་“ངེད་ཚང་གི་བླུན་རྒན་མ་”ཞེས་ཟེར་གྱིན་འདུག་པས། མི་སུ་ཡིན་ཡང་ཚེ་སྐྱིད་ཀྱི་ད་ལྟའི་སེམས་ཀྱི་སྡུག་བསྔལ་དེ་ཅི་ལ་མི་རྟོགས། ཞོགས་པར་ཁོ་མོ་གཅིག་པུ་རི་སྒང་དུ་ཕྱིན་ནས་གྲ་མའི་རྩད་པའི་བུད་ཤིང་འཐུ་བའི་དུས་དག་དང་། དགོང་དྲོ་རང་ཉིད་གཅིག་པུ་གྲམ་གཞུང་དུ་སོང་སྟེ་ཆུ་ཟོ་ནང་དུ་ཆུ་འཆུ་བའི་དུས་དག་ཏུ། ཧ་ཅང་ཁེར་རྐྱང་དང་དབེན་ཐིང་ངང་མདངས་ཡལ་ཏེ་ཡོད་པའི་ལུང་གོག་སྐམ་པོ་འདི་དང་གྲོང་ཚོ་ཐར་ཐོར་འདི་དག་ལ་ལྟ་བཞིན། དང་ཐོག་རང་ཉིད་ཀྱི་སེམས་སུ་རུ་མ་ལྟར་བསྙལ་བའི་མཛེས་སྡུག་གི་རེ་སྨོན་དང་། བར་དུ་མཛེས་པའི་རེ་སྨོན་མཐའ་དག་ཆར་རྗེས་ཀྱི་འཇའ་ཚོན་བཞིན་ཡལ་ནས་སྡུག་བསྔལ་གྱི་ས་བོན་དུ་གྱུར་ཚུལ། ད་ལྟ་རང་ཁྱིམ་དུ་གོ་རྒས་སུ་གྱུར་བའི་ཁར་ནམ་རྒྱུན་གྱི་རྣ་བར་གཟན་པའི་ཨ་མའི་ངན་སྨྲས་དང་ཁག་འགེལ་དག་ཡིད་ལ་འཁོར་གྱིན་སེམས་ཧ་ཅང་སྐྱོ་སྟེ་རང་ཉིད་གཅིག་པུས་སུས་ཀྱང་མི་ཚོར་བའི་ངང་མིག་ཆུ་བཏོན་པའང་ཉུང་ཉུང་ག་ལ་ཡིན། ཡིན་ན་ཡང་ལས་ཀྱིས་བཀོད་པར་བཟློག་ཐབས་མེད་ཟེར་བ་ལྟར་ཁོ་མོས་ཀྱང་འདི་དག་ཡོད་ཚད་རང་ཉིད་ཀྱི་ལས་དབང་ཞིག་ཏུ་ངོས་འཛིན་བྱས་ཏེ་དང་ལེན་མི་བྱེད་རང་དབང་བྲལ།
ཨ་ནེ་བཀྲ་ཁོས་འགྲམ་དུ་ཅི་ཞིག་ལ་བསམ་བློ་གཏོང་བ་ལྟར་སྡོད་པའི་ཚ་བོ་ལ་ཡུན་རིང་ཙམ་ལ་བལྟས་རྗེས། གདོང་གི་གཏིང་རུམ་དུ་འཛུམ་མདངས་ཤིག་མངོན་བཞིན་དུ་ཧ་ཅང་གཅེས་པའི་ངང་། “སྐྱ་བྷོ། ད་སྔོན་ཁྱོད་ངུ་དོན་ཅི་ཡིན་”ཞེས་དྲིས་བྱུང་།
སྐྱ་བྷོས་ཉམས་ཅི་ཡང་འཇོག་གིན་མེད་པ་ལྟར་སྔར་བཞིན་ཅི་ཞིག་ལ་བསམ་བློ་གཏོང་གིན་འདུགཕལ་ཆེར་ཨ་ཡེ་ཡིས་བཏོན་པའི་དྲི་བ་དེ་ནི་ཁོའི་རྣ་ལམ་དུ་སྡོང་མགོར་གང་བྱུང་དུ་རྩེན་པའི་བྱེའུ་དག་སྐད་ཀྱུར་དང་ཁང་བའི་ནང་གི་ཅི་དགར་གཡེང་གིན་པའི་སྦྲང་ནག་དག་གི་ཟིར་སྒྲ་ཙམ་ལས་ནང་དོན་ཅི་ཡང་མེད་པ་འདྲ།
ཨ་ནེ་བཀྲ་ཁོ་སླར་ཡང་དགོད་ཙམ་བྱས་ཏེ་ལག་གཡས་པས་ཚ་བོའི་མགོ་རུ་བྱིལ་བྱིལ་ཞིག་བྱས་ཏེ། “སྐྱ་བྷོ། ཨ་ཁུ་དབང་ལོ་ཚང་གི་བོང་བུ་དངོས་གནས་ཤི་འདུག་གམ། ཁྱོད་ཀྱིས་རྫུན་གཏམ་པ་མིན་ནམ། ”ཞེས་དྲིས།
སྐྱ་བྷོས་གཞི་ནས་མིག་རྡེབ་ཙམ་བྱས་ཤིང་གློ་རྡེག་ལ་ཨ་ཡེ་ཡི་གདོང་ལ་བལྟས་ནས། “ཨ་ཡེ། ཨ་ཁུ་དབང་ལོ་ཡང་ཤི་སོང་བ་རེད་དམ་”ཟེར།
“ཁ་འཁྲུལ། ”ཨ་ནེ་བཀྲ་ཁོས་ཅུང་མ་རངས་ཉམས་ཤིག་བསྟན་ནས། “དེ་ལྟར་ཟེར་མི་རུང་། གཞན་གྱིས་ཁྱོད་ལ་འཕྱ་སྨོད་བྱེད་ངེས་”ཞེས་བཤད་བྱུང་།
སྐྱ་བྷོས་སྔར་བཞིན་ཁོ་མོའི་སྐད་ཆ་གོ་ཡིན་མེད་པ་ལྟར། “ཁོས་ང་ལ་འདྲི་དུས་ཀྱི་ངོ་གདོང་ཡང་བོང་བུ་ཤི་བའི་ངོ་གདོང་དང་འདྲ་འདུག་”ཟེར།
རྩོམ་ཁུངས། ངེད་དྲ་བ།