སྒུག
སྨག་མུན་གྱི་ཡོལ་རས་ས་ཆེན་ཁྱོན་ལ་བཀབ་ཀྱང་སྣ་ཚོགས་གློག་མདངས་ཀྱིས་གྲོང་ཁྱེར་འདིར་སླར་ཡང་ནམ་གསར་བ་ཞིག་ལངས་སུ་བཅུག
གྲོང་ཁྱེར་གྱི་ཉིན་མོ་ནི་འདུ་འཛིས་ཁེངས་ཡོད་ལ་མཚན་མོ་ཡང་འཁྲུག་ལོང་རྒོད་པས་མཚན་མོ་སླེབས་མ་ཐག་གྲོང་ཁྱེར་འདིར་སླར་ཡང་འཁྲུག་ཆ་གསར་པ་ཞིག་གི་འགོ་ཚུགས་སོང་། རླུང་བསིལ་ཞིག་དལ་གྱིས་ལྡང་ཡོང་བས་ཉིན་མོའི་ཚ་བ་དག་ཀྱང་སྐད་ཅིག་ཉིད་ལ་མེད་པར་གྱུར། གནམ་གཤིས་ནི་མི་ཚོའི་སེམས་ཁམས་བསྟུན་ཤེས་པ་དང་ཅི་འདྲའི་འདྲ།
ཁོ་མོ་ཡང་བྲེལ་འཚུབ་འཚུབ་ངང་སློབ་གླིང་གི་ནུབ་སྒོའི་གཡས་ཕྱོགས་ཀྱི་ལྕང་རྭ་ཆུང་ཆུང་དེར་བསྐྱོད་ཀྱིན་འདུག ལྕང་རྭ་དང་ཇི་ཙམ་ཉེ་བར་བཅར་ན་གློག་མདངས་ཀྱང་དེ་ཙམ་མག་མོག་ཏུ་འགྱུར་འགྲོ གློག་འོད་ཇི་ཙམ་མག་མོག་ཏུ་གྱུར་བ་དང་བསྟུན་ནས་ཁོ་མོའི་མགོ་བོ་ཡང་རིམ་བཞིན་མཐོ་རུ་འདེགས་ཡོང་། དལ་གྱིས་ཉན་ཚེ་ཁོ་མོའི་གོམ་སྟབས་ཀྱང་ཇེ་དལ་རེད། ཕལ་ཆེར་ཁོ་མོའི་སེམས་པ་ཡང་ཇེ་ལྷོད་དུ་འགྲོ་བ་རྟོགས་ཐུབ།
ཁོ་མོ་ལྕང་རྭར་སླེབས་སོང་། ལྕང་རྭ་ཡོངས་ནག་མོག་གེར་འདུག བར་ཐག་ཅུང་ཆོད་ཡོད་པའི་ཐོག་བརྩེགས་ཁང་ཆེན་དག་གི་སྒེའུ་ཁུང་ནས་གློག་འོད་ལྡོམ་པོ་རེ་ལྕང་རྭར་འཕྲོས་ཡོད་ཀྱང་། ལོ་འདབ་སྟུག་པོ་མཐོ་རུ་གཟེང་བའི་ལྕང་མ་དག་གི་འོག་ཏུ་སྔར་བཞིན་མུན་ནག་རེད། རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་མཚམས་རེར་གློག་འོད་ཕྲ་མོ་རེ་ལོ་མའི་བར་གསེང་བརྟོལ་ནས་འཕྲོ་ཐུབ་ཀྱང་མྱུར་མོར་མེད་པར་འགྱུར་འགྲོ དྲང་མོར་བཤད་ན་དུས་སྐབས་འདིར་ལྕང་རྭར་ཡོང་མཁན་དག་ནི་མུན་ནག་ལ་དགའ་བ་ཡིན་མིན་མི་ཤེས་ཀྱང་མུན་ནག་མཁོ་བ་དག་ཡིན་པས། རང་ལ་མཁོ་བའི་ཁོར་ཡུག་དེ་ནས་རང་གི་འདུན་པ་ཞིག་སྒྲུབ་རྒྱུ་དེ་ཅིས་ཀྱང་སྐྱིད་ཀྱིས་ཁེངས་ཡོད་ངེས།
ཁོ་མོ་གོམས་ལོབས་སུ་གྱུར་ཡོད་པ་བཞིན་ལྕང་རྭའི་ནུབ་ངོས་ཀྱི་རྒྱ་ལྕང་སྡོང་པོ་ཆེན་པོ་དེའི་ཕྱོགས་སུ་ཕྱིན། གློ་བུར་དུ་ཁོ་མོ་འགྲོ་མཚམས་བཞག་སོང་། ཐུར་དུ་དཔྱང་བའི་རྒྱ་ལྕང་གི་ལོ་མའི་གསེབ་ནས་ལྕང་མའི་འགྲམ་དུ་གྲིབ་གཟུགས་ནག་རིལ་ཞིག་ཡོད་པ་མཐོང་ཡོང་ལ། ཞིབ་ཏུ་ཉན་ཚེ་རྐང་པ་ས་ལ་རྡེབ་པའི་སྒྲ་ཞིག་ཀྱང་ཐོས་ཐུབ། དོ་ནུབ་ཁོ་སྔ་པོ་འདི་འདྲར་སླེབས་པ་ཡིན་ནམ། ཡིན་ཡང་སྲིད། ཁོ་མོའི་སེམས་དགའ་ལྷང་ངེར་བུད་ཡོང་། གློ་བུར་བའི་སྟོབས་ཤུགས་ཤིག་གིས་ཕལ་ཆེར་གོམ་ཁ་སྔར་བས་ཤུགས་ཆེ་བ་ལྟར་སྣང་། རླུང་བུས་རྒྱ་ལྕང་གི་ལོ་མ་སྒུལ་ཚུལ་ཡང་ཕལ་ཆེར་རང་ཉིད་ལ་ལག་གཡུག་བྱེད་པ་དང་མཚུངས། ཁོ་མོ་གྲིབ་གཟུགས་དང་ཉེ་བར་བཅར་བཞིན་འདུག གློ་བུར་དུ་འཕར་འཚག་ཅིག་དང་བཅས་ཕྱི་ནུར་བྱས་བྱུང་། ཁོ་ནོར་དགའ་རེད་མི་འདུག རྒྱ་མིའི་སློབ་གྲོགས་ཤིག་འདུག ཕལ་ཆེར་ཁོས་ཀྱང་འདི་ནས་ཅི་ཞིག་ལ་སྒུག་ཡོད་ཤས་ཆེ། འཚུབ་སྣང་དང་བཅས་ཕྱིར་བྲོས་ཐེངས་ཤིག་རྒྱབ་རྗེས་ད་གཟོད་ཁོ་མོ་རྒྱ་ལྕང་སྡོང་པོ་དེ་དང་ཉེ་བའི་འདུག་སྟེགས་ཤིག་གི་སྟེང་བསྡད་སོང་།
“དགོང་མོ་ཆུ་ཚོད་དགུ་པར་སྔར་གྱི་ས་ཆ་དེར་འཕྲད་ཡོང་།”དེ་ནི་ནོར་དགས་ཁོ་མོར་བསྐུར་བའི་འཕྲིན་ཐུང་ཞིག་རེད། ད་ལྟ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་རེད། དེས་ན་ཁོ་མོ་སྔ་པོ་འདི་འདྲ་ཞིག་ཡོང་དོན་གང་ཡིན་ནམ། ཕལ་ཆེར་བརྩེ་དུངས་ཀྱིས་བསླུ་བྲིད་ཅིག་ཡིན་སྲིད་ལ། འདོན་འདུན་གྱིས་སྒུལ་ཤུགས་ཤིག་ཀྱང་ཡིན་སྲིད། གང་ལྟར་ཁོ་གཉིས་བརྩེ་དུངས་ཀྱི་མེ་ཏོག་བཞད་ཉིན་ནས། ཁོ་མོས་རྒྱུན་དུ་ངག་ནས་བརྗོད་བཞིན་པའི་འཕྲིན་དུ་བསྐུར་བཞིན་པའི་དྲན་དང་སྒུག་ཅེས་པའི་ཐ་སྙད་དེ་དག་དང་འབྲེལ་བ་ཡོད་ཤས་ཆེ། དོན་དུ་ཐ་སྙད་དེ་དག་ནི་ཁོ་མོས་བརྩེ་དུངས་ལ་བཅངས་པའི་རེ་བ་ཞིག་དང་བརྩེ་དུངས་ལས་རྙེད་པའི་རེ་བ་ཞིག་ཀྱང་ཡིན་སྲིད། རེ་བའི་ཁྲོད་དུ་བརྩེ་དུངས་རྙེད་ཅིང་བརྩེ་དུངས་ཁྲོད་ནས་རེ་བ་འཚོལ་རྒྱུ་ནི་བརྩེ་དུངས་ཀྱི་རྒྱུད་རིམ་ཞིག་དང་མགོ་མཇུག་ཅིག་མ་ཡིན་ནམ།
ངའི་སེམས་ཀྱི་ཡོད་ཚད་ཁྱེད་ཡིན། ཕྱིར་འདང་རེ་རྒྱབ་ཚེ།ལྗིད་ཏིག་ཏིག་གི་སྐད་ཆ་དེ་བཤོད་དུས་ནི་ཁོ་གཉིས་དངོས་སུ་དགའ་རོགས་སུ་གྱུར་བའི་དགོང་མོ་དེར་རེད་ལ། ཁོ་མོས་དངོས་སུ་ཁོ་རང་དགའ་བར་ཁས་ལེན་པའི་དགོང་མོ་དེར་ཡང་རེད། དགོང་མོ་དེ་ཡང་དོ་ནུབ་དང་འདྲ་བའི་མཚན་མོ་ཞིག་ཡིན་ལ། ས་ཆ་ཡང་ལྕང་རྭ་འདིའི་ནང་གི་རྒྱ་ལྕང་གི་སྡོང་པོ་འདིའི་འོག་ཏུ་ཡིན། རྒྱ་ལྕང་འདི་ནི་ཁོ་གཉིས་བརྩེ་དུངས་ཀྱི་བར་འདུམ་ཞིག་ཡིན་ལ། ཁོ་གཉིས་བརྩེ་དུངས་ཀྱི་བརྟེན་གནས་ཤིག་ཀྱང་ཡིན། མཚན་མོ་མང་པོ་ཞིག སྙིང་གཏམ་མང་པོ་ཞིག འཐམ་འཁྱུད་མང་པོ་ཞིག མདོར་ན་ཁོ་གཉིས་ཀྱི་གསང་བ་མང་པོ་ཞིག་རྒྱ་ལྕང་འདིས་ཤེས་ཡོད། དེས་ན། དོ་ནུབ་རྒྱ་ལྕང་འདི་ཁོ་མོར་མི་དབང་བ་ཅི་ཞིག་ཡིན། རྒྱ་ལྕང་འདིས་ཀྱང་ཁོ་མོར་ཅི་ཞིག་གི་ཉེན་བརྡ་གཏོང་བཞིན་པ་ཡིན་ནམ།
ཐྲིག་ཐྲིག་་་་་་་་གློ་བུར་དུ་རྡོག་སྒྲ་ཞིག་གྲགས་བྱུང་། ད་ལྟ་ཆུ་ཚོད་དགུ་པ་ཏག་ཏག་རེད། ཕལ་ཆེར་ཁོ་ཡིན་སྲིད། ཁོ་མོའི་སེམས་པ་དགའ་སྤྲོ་འཕེལ་བྱུང་། རྡོག་སྒྲ་ཇེ་གསལ་དུ་འགྲོ་བཞིན་འདུག གྲིབ་གཟུགས་ནག་རིལ་ཞིག་རྒྱ་ལྕང་གི་སྡོང་པོ་གཟས་ནས་ཡོང་བཞིན་འདུག བལྟས་ཀྱིན་བལྟས་ཀྱིན་ཁོ་མོ་སེམས་ཕམ་སྐྱེད་བྱུང་། དོན་དུ་གྲིབ་གཟུགས་དེ་ནི་རྒྱ་མོ་ཞིག་འདུག རྒྱ་མོ་དེ་ཐད་ཀར་རྒྱ་ལྕང་གི་འོག་ཏུ་ཕྱིན་སོང་། ཐོལ་བྱུང་གི་རེ་བ་དེ་དང་སྤྲོ་བ་དེ་ཉེ་འཁོར་གྱི་མུན་ནག་དང་འདྲ་བར་ནག་མིག་གེར་རྨེག་མེད་དུ་ཕྱིན་སོང་།
རླུང་བུ་ལྡང་བྱུང་། སྡོང་ལོ་འཁྱལ་བྱུང་། སྐྲ་ལོ་འགུལ་བྱུང་།
རླུང་བའི་རྒྱུ་ཕྱོགས་དང་བསྟུན་ནས་མཚམས་རེར་ལྕང་རྭའི་ནང་གི་སྙིང་གཏམ་དེ་དག་ཐོས་ཡོང་ལ། ལན་རེར་ལུས་རྩལ་ཐང་གི་བག་ཡངས་ཀྱི་དགོད་སྒྲ་དེ་དག་ཀྱང་ཐོས་ཡོང་། སྙིང་གཏམ་དང་དགོད་སྒྲ། དེས་ན་ཁོ་མོ་སུ་དང་འགྲོག་དགོས་སམ། ཁེར་རྐྱང་གི་ཁོ་མོ་ཁེར་རྐྱང་གི་སུ་དང་འགྲོག་དགོས་སམ། གྲང་ཅང་ཅང་གི་རླུང་བུ་དེས་གདོང་ལ་གླན་དུས། འཁྱག་ཤུར་ཤུར་གྱི་འདུག་སྟེགས་དེས་ལུས་དང་རེག་དུས་ཁོ་མོའི་སེམས་པ་ཡང་གྲང་ཤུར་ཤུར། འཁྱག་སོབ་སོབ། འདི་དག་ནི་ངོ་མ་རེ་སྒུག་ཁྲོད་ཀྱི་བློས་གཏོང་ཞིག་དང་། བློས་གཏོང་བྱས་པས་ན་ཟུག་ཅིག་ཀྱང་རེད།
ཁེར་རྐྱང་དང་ན་ཟུག ཁོ་མོའི་ངོས་ནས་འཆད་ན་ཐ་སྙད་དེ་གཉིས་ཐེངས་དང་པོར་སེམས་ཀྱིས་ཚོར་པ་ཞིག་དང་ལུས་ཀྱིས་རེག་པ་ཞིག་མིན་པར། མི་ལོ་གཅིག་གི་ཡར་སྔོན་དུ་ཁོ་མོས་ཐེངས་དང་པོ་ཁེར་རྐྱང་དང་ན་ཟུག་གི་བྲོ་བ་ཐོག་མར་མྱངས་མྱོང་།
དུས་ཚོད་ནི་ཇི་ལྟ་བུའི་འགྲོ་མགྱོགས་པ་ཞིག་རེད་ཨང་། སློབ་ཆེན་གྱི་སྒོ་ཐེམ་འགྲིམས་ནས་ལོ་གཅིག་ལྷག་འགོར་སོང་། དོ་ནུབ་ཀྱང་སྔར་རྒྱུན་དང་འདྲ་བར་ཁོ་མོ་ཁེར་རྐྱང་ངང་ལུས་རྩལ་ཐང་ན་བསྐོར་གཡེང་ལ་འགྲོ་བཞིན་འདུག དལ་བུའི་གོམ་སྟབས་དང་བཅས་སྒོར་དབྱིབས་ཅན་གྱི་རྒྱུག་ལམ་སྟེང་བསྐྱོད་བཞིན་ཡོད། འོན་ཀྱང་། ཁོ་མོའི་སེམས་པ་ནི་ཅིས་ཀྱང་སྐྱིད་སྣང་ཞིག་ཡོང་དཀའ། ཞིབ་འདང་རེ་རྒྱབ་ན། ཁེར་རྐྱང་ནི་ཅིས་ཀྱང་བཟོད་དཀའ་བ་ཞིག་རེད་ཨང། འོན་ཀྱང་ཐབས་ཤེས་ཅི་ཞིག་ཡོད། ཉལ་ཁང་གཅིག་པའི་བུ་མོ་དག་གཟའ་མཇུག་གི་དགོང་མོ་རིམ་བཞིན་ཁོ་ཚོའི་དགའ་རོགས་དང་མཉམ་དུ་ཡལ་འགྲོ། ཉལ་ཁང་ནང་གི་བུ་མོ་དག་མེད་ཤུལ་ནས་ཁོ་མོ་ནི་ངོ་མ་ཁེར་རྐྱང་དུ་ལུས་འདུག མ་གཞི་འཛིན་གྲྭ་གཅིག་གི་བུ་མོ་གཞན་དག་བཙལ་ན་འགྲིག་མོད། རྒྱུན་དུ་མཉམ་ཟ་མཉམ་འགྲོག་བྱེད་མཁན་ནི་ཉལ་ཁང་གཅིག་པའི་གྲོགས་མོ་དག་ཡིན་ལ། གཞན་གཅིག་བཤད་ན་ཁོ་ཚོ་ཡང་ཉལ་གྲོགས་ཚོ་དང་འདྲ་བའི་དོན་དག་ཡོད་སྲིད། ད་ཡང་རྒྱུག་ལམ་ལ་སྐོར་བ་ཁ་ཤས་རྒྱབ་རྗེས་ཁེར་རྐྱང་ངང་ཉལ་ཁང་དུ་ལོག་དགོས། འོན་ཀྱང་ཉལ་ཁང་དུ་སླེབས་ཀྱང་ཉལ་གྲོགས་ཚོ་ཕྱི་པོ་མ་ཏོག་ཕྱིར་མི་ཡོང་བས། སྔར་བཞིན་ཁེར་རྐྱང་ངང་བསྡོད་རྒྱུ་མིན་ནམ། ཁོ་མོ་ངོ་མ་ཁེར་རྐྱང་ལ་སུན་བཞིན་ན་ཟུག་ལ་དེ་བས་སུན། ཁེར་རྐྱང་ལས་གྲོལ་དགོས་ཚེ་ཁོ་མོས་ཀྱང་དགའ་རོགས་ཤིག་འཚོལ་དགོས་པ་མིན་ནམ།
དགའ་རོགས། ཁོ་མོ་ཐེ་ཚོམ་གྱིས་ཁེངས་ཡོད། ཐོག་མར་སློབ་ཆེན་སླེབས་མ་ཐག་བུ་མང་པོ་ཞིག་གིས་ཁོ་མོ་བདའ་མྱོང་བ་མ་ཡིན་ནམ། འོན་ཀྱང་། ཡོད་ཚད་ཁོ་མོས་དང་ལེན་མ་བྱས་པས་་་་་་་་་་
ཆུ་ཚོད་དགུ་དང་ཕྱེད་ཀ་ཐོན་འདུག ཁོ་རང་ད་དུང་སླེབས་མ་བྱུང་། ཁོ་ལ་དོན་དག་འདྲ་བྱུང་བ་མིན་ནམ། ༡༥༡་་་་་་་་་་ཁོ་མོས་ཁ་པར་གཏོང་མགོ་བརྩམས།
དགོངས་པ་མ་ཚོམ། ཁྱེད་ཀྱིས་གཏོང་ཡུལ་གྱི་ཁ་པར་ནི་ད་ལྟ་ཁ་བརྡ་བྱེད་བཞིན་པའི་སྒང་རེད།
ཁོས་སུ་ཞིག་དང་ཁ་བརྡ་བྱེད་བཞིན་ཡོད་དམ། ཕལ་ཆེར་ཁོས་ཕ་ཡུལ་ལ་ཁ་པར་གཏོང་བཞིན་ཡོད་ཤས་ཆེ། རྒྱུ་མཚན་ཅི་ཡིན་མི་ཤེས་ཀྱང་། གང་ལྟར་ཁོ་མོས་ལེགས་པའི་ཕྱོགས་མ་གཏོགས་མནོ་བསམ་གཏོང་འདོད་མེད། དེ་ཡང་རེ་བ་ཞིག་ཡིན་སྲིད།
ཕོ་ཉམས་ཀྱིས་ཕྱུག་པའི་ཁོའི་གཟུགས་བྱད་དེ་ཡང་བསྐྱར་ཁོ་མོའི་དྲན་ཤེས་ཀྱི་ངོགས་སུ་འཆར་བྱུང་། ཁོའི་གཟུགས་བྱད་དག་ཁོ་མོའི་སེམས་ངོར་འཆར་ཐེངས་རེར་ཁོ་མོར་གློ་བུར་བའི་སྐྱིད་སྣང་ཞིག་གིས་ཁེངས་ཡོང་། ད་སོ་མར་སྐྱོ་སྣང་གིས་ཁེངས་པའི་གདོང་ཡོངས་ལ་འཛུམ་མདངས་གསར་པ་ཞིག་བསྣན་བྱུང་ལ། འཁྱག་སོབ་སོབ་ཀྱི་སེམས་པ་དེ་ཡང་རེ་ཞིག་ཚ་སོབ་སོབ་ཏུ་གྱུར། ལྷག་དོན་ཉལ་གྲོགས་ཚོས་བཤད་པའི་ནོར་དགའི་སྐོར་གྱི་སྐད་ཆ་ཞིག་སྟེ། ནོར་དགའ་ལྟ་བུའི་ཕོ་ཉམས་ཅན་ཞིག་རང་ཚོའི་སློབ་གླིང་ལ་མེད་ཚུལ་དང་། གལ་ཏེ་ནོར་དགའ་ལ་མོས་མཐུན་ཡོད་ཚེ་ཁོ་ཚོས་རང་གི་དགའ་རོགས་ཀྱང་འདོར་འདོད་ཡོད་ཚུལ་་་་་་་་་་་་་སྐད་ཆ་དེ་དག་ཁོ་མོས་ཐོས་ཐེངས་རེར་སྔར་མེད་པའི་སྤོབས་པ་ཞིག་སྐྱེས་ཡོང་ལ། མཚམས་རེར་ཐོལ་བྱུང་གི་ཁྲག་དོག་ཅིག་ཀྱང་སྐྱེས་ཡོང་།
དེ་རིང་ནས་བཟུང་ཁྱོད་ནི་བདག་གི་ཕྱིའི་གཟུགས་མཐོང་ཐུབ་ཅིང་། ནང་སེམས་ཀྱང་རིག་ཐུབ་པའི་མེ་ལོང་ཞིག་ཡིན་འདོད། དེ་ནི་ཁོ་གཉིས་བརྩེ་དུངས་ཀྱི་མྱུ་གུ་དངོས་སུ་འབུས་པའི་དགོང་མོ་དེར་ནོར་དགས་ཁོ་མོར་བཤད་པའི་སྐད་ཆ་དེ་རེད། སྐབས་དེའི་ཡོད་ཚད་ཁོ་མོའི་སེམས་སུ་འཁྲིགས་གེར་ཡོད། ཁོས་སྐད་ཆ་དེ་བཤད་མ་ཐག་གདོང་ཡོངས་འཛུམ་གྱིས་ཁེངས་ཤིང་། ལག་ཟུང་གཉིས་དལ་གྱིས་ཁོ་མོའི་ལག་པར་འཁྱུད་བྱུང་། ཁོ་མོས་ཀྱང་རང་ཉིད་ནི་ཁོའི་མེ་ལོང་ཞིག་བྱེད་རྒྱུ་ཁས་བླངས ། དེ་ནས་བཟུང་། ཁོ་མོས་བརྩེ་དུངས་ཀྱི་བྲོ་བ་མྱངས་མགོ་བརྩམས་ཤིང་། བརྩེ་དུངས་ཀྱི་བྲོ་བ་རྙེད་མགོ་ཚུགས། ཉིན་མོ་མང་པོ་ཞིག མཚན་མོ་མང་པོ་ཞིག རྨི་ལམ་གྱི་ཞིང་ནས། ཡང་ན་དྲན་ཤེས་ཀྱི་ཁྲོད་ནས་ཁོ་རང་དྲན་ཞིང་། ཁོ་རང་སྒུག རོགས་འདྲིས་ལ་མ་འདྲིས་བརྩེ་དུངས་ཟབ། ཅེས་པ་འཁྲུལ་མེད་དུ་སྣང་སྟེ། ཉིན་ཤས་ལས་མ་འགོར་ཡང་། ཁོ་གཉིས་རྒྱུན་དུ་འཕྲད་དགོས་ལ། རྟག་ཏུ་ཁ་པར་རྒྱུད་ནས་འབྲེལ་གཏུགས་བྱེད་དགོས། བརྩེ་དུངས་ཅེས་པ་ནི་རླབས་ཆེན་ཞིག་རེད་ཨང་། ཁོ་མོའི་སེམས་ཀྱི་མང་པོ་ཞིག་ནོར་དགའ་དང་ནོར་དགའ་འབྲེལ་བའི་ནོར་དགའ་ཁོ་ན་ཡིན་ལ། གལ་ཏེ་ནོར་དགའ་མིན་ཚེ་སུ་ཞིག་གིས་སྟོང་ཆ་དེ་དག་སྐོང་ནུས་སམ། སེམས་ཀྱི་སྟོང་ཆ་དག་ཁེངས་ཡོད་པས། ད་ནི་ཁོ་མོ་ངོ་མ་ཁེར་རྐྱང་གི་སྣང་བ་ཡོངས་སུ་ཡལ་འདུག འཛུམ་ཆུང་དེ་དང་གླུ་ཆུང་དེ་ཕལ་ཆེར་གདོང་ནས་ཡལ་དཀའ་ལ་ངག་ནས་འདོར་དཀའ།
ད་ཕལ་ཆེར་ཁོས་ཁ་བརྡ་བྱས་ཚར་ཡོད་ངེས། ཁོ་མོས་ཡང་བསྐྱར་ཁོར་ཁ་པར་གཏོང་མགོ་བརྩམས། ཏི་ཏི་་་་་་་་་་་དེ་ཐེངས་ཁ་པར་ཕྱིན་སོང་། ཁོ་མོའི་སེམས་པ་དགའ་བྱུང་།
གློ་བུར་དུ། དགོངས་པ་ཚོམ། ཁྱེད་རང་གིས་ཁ་པར་གཏོང་ཡུལ་ནི་ད་ལྟ་ཁ་བརྡ་བྱེད་བཞིན་པའི་སྒང་རེད། ཁོས་ཁ་པར་བླངས་མ་སོང་། ཁོས་ཁ་པར་མི་ལེན་དོན་གང་ཡིན་ནམ། གློ་བུར་བའི་སྐྱིད་སྣང་གི་སེམས་པ་དེ་སླར་ཡང་རྨེག་མེད་དུ་བཏང་སོང་། སེམས་པ་སྐྱོ་རུ་འགྲོ་བཞིན་བསམ་ཚུལ་འདྲ་མིན་ཡིད་ལ་འཁོར་ཡོང་། ཁ་སང་ངས་རྒྱ་སྲང་ནས་ནོར་དགའ་འདྲ་བ་ཞིག་གིས་བུ་མོ་ཞིག་དང་ལག་ཟུང་སྦྲེལ་ནས་འགྲོ་བཞིན་པ་མཐོང་བྱུང་།
ཉལ་གྲོགས་བུ་མོ་ཞིག་གིས་སྐད་ཆ་དེ་དྲན་བྱུང་། ནོར་དགས་དེ་ལྟར་བྱ་མི་སྲིད། དེ་ལྟར་ཡིན་འདོད་མེད། འོན་ཀྱང་་་་་་་་་་་་་་ཁོ་མོས་སླར་ཡང་ནོར་དགས་བཤད་པའི་སྐད་ཆ་ཁ་ཤས་ཤིག་དྲན་ཡོང་། ངས་གནམ་སྔོན་པོ་ཡིན་པ་ཁས་མི་ལེན་ལ། བུད་མེད་ཀྱི་མིག་ཆུའང་བདེན་པ་ཡིན་པ་ཁས་མི་ལེན། ལྷག་དོན་ཁོའི་ཟིན་བྲིས་ཤིག་ཏུ་བྲིས་པའི་ཚིག་དུམ་ཞིག་སྟེ། ལང་ཚོ་ལ་རྗོགས་མཐའ་མེད་ན། བརྩེ་དུངས་ལ་ཟད་མཐའ་མེད། མ་གཞི་ནས་ངས་དགའ་རོགས་འཚོལ་བ་ལས་ཚེ་རོགས་འཚོལ་གྱིན་མེད། སྐད་ཆས་མི་སྙིང་དུམ་བུར་གཏོང་ཐུབ་ལ། ཡིག་འབྲུ་དེ་དག་གིས་ཀྱང་མི་སྙིང་ན་རུ་འཇུག་ཐུབ། ཞིབ་འདང་ཇི་ལྟར་རྒྱབ་ཀྱང་སྐད་ཆ་དེ་དག་ནི་ཚེར་ཕུང་བཞིན་ལག་གིས་རེག་ཐབས་མེད་ལ་སེམས་ཀྱིས་དེ་བས་རེག་ག་ལ་ནུས།
མཚམས་འདིར། རྒྱ་ལྕང་གི་སྡོང་འོག་ན་སྙིང་གཏམ་ཟད་མཐའ་མེད་ལ། འཐམ་འཁྱུད་བྲལ་ཐབས་མེད་པའི་ན་གཞོན་དེ་གཉིས་ཀྱང་སྡོང་པོ་ལས་གྱེས་ནས་ཕྱིར་ལོག་གི་ལམ་དུ་ཞུགས་སོང་། རྒྱ་ལྕང་ཉེ་འགྲམ་གྱི་ཁང་བརྩེགས་དག་གི་རྒྱ་ཁྲ་མང་པོ་ཞིག་ནས་གློག་མདངས་སྤྲོ་མི་ཐུབ་པས། ཕལ་ཕྱིར་ཁོ་ཚོ་ཉལ་ཟིན་པ་འདྲ། ཉེ་འཁོར་གྱི་ཁོར་ཡུག་ཇེ་ནག་ནས་ཇེ་ནག་ཏུ་འགྲོ་བཞིན་འདུག་ལ། ལུས་རྩལ་ཐང་དང་ལྕང་རྭ་ལས་མཆེད་ཡོང་བའི་སྐད་སྒྲ་དེ་དག་ད་ནི་ཕལ་ཆེར་ཐོས་ཆོས་སུ་མ་གྱུར། དུས་ཚོད་མང་པོ་ཞིག་ཕྱིིན་ཟིན་པ་འདྲ།
ཁོ་ནི་ངའི་སེམས་ཀྱི་ཡོད་ཚད་དེ་ཡིན་པས། ངས་དེ་ལྟར་སེམས་མི་རུང་། ངས་ཁོར་ཡིད་ཆེས་བྱེད་དགོས། ངའི་བློ་སེམས་ཁོ་ལ་གཏད་པ་བཞིན་ཁོས་ཀྱང་ང་ལ་བརྩེ་བ་དང་དུངས་པ་སྦྱིན་ངེས། ཁོ་མོར་ཡིད་ཆེས་གསར་བ་ཞིག་སྐྱེས་བྱུང་། འདུག་སྟེགས་ལས་ཡར་ལངས་སྟེ་རྒྱ་ལྕང་གི་སྡོང་པོའི་འོག་ཏུ་ཕྱིན། ད་ནི་རྒྱ་ལྕང་གི་སྡོང་པོ་ང་ལ་དབང་བ་མ་ཡིན་ནམ། དོན་དུ་རྒྱ་ལྕང་གི་སྡོང་པོ་འདི་ཁོ་གཉིས་བརྩེ་དུངས་ཀྱི་ཚད་ཐིག་ཅིག་ཀྱང་ཡིན་ཟེར་ཆོག ལོ་གཅིག་ཙམ་གྱི་བརྩེ་དུངས་ཀྱི་འཚོ་བར། ཁོ་གཉིས་ཐེངས་ག་ཚོད་རྒྱ་ལྕང་གི་འགྲམ་ནས་འཛོམས་ཡོད་དམ། སྙིང་གཏམ་ག་ཚོད་ཅིག་རྒྱ་ལྕང་གི་འོག་ནས་འཆད་ཡོད་དམ། དེ་དག་ཚང་མ་ནི་རྒྱ་ལྕང་འདི་ཁོ་ན་ལས་ཐ་ན་ཁོ་གཉིས་ཀྱིས་ཀྱང་འཆད་དཀའ། ལུས་པོ་རྒྱ་ལྕང་ལ་ཁེན་དུས་གློ་བུར་བའི་བདེ་སྣང་ཞིག་དང་སྐྱིད་སྣང་ཞིག་གིས་ཁྱབ་ཡོང་། རྒྱ་ལྕང་འདི་ནི་ནོར་དགའ་ཡིན་ཚེ། ཡང་ན་རྒྱ་ལྕང་གི་ཁོག་ན་ནོར་དགའ་ཞུགས་ཡོད་ཚེ།
ཐྲིག་ཐྲིག་་་་་་་་་་སླར་ཡང་རྡོག་སྒྲ་ཞིག་ཐོས་བྱུང་། ད་ནི་ངོ་མ་ཁོ་ཡིན་ཤས་ཆེ། སྒུག་པའི་མཐའ་མར་སླེབས་རྒྱུ་མ་ཡིན་ནམ། ཁོ་མོས་མིག་ཟུང་གཉིས་ཐུར་དུ་དཔྱང་བའི་རྒྱ་ལྕང་གི་ལོ་མའི་གསེབ་ནས་རྡོག་སྒྲ་གྲགས་སའི་ཕྱོགས་སུ་ཅེར། གྲིབ་གཟུགས་དེ་ཇེ་ཉེར་འགྲོ་དུས་ཁོ་མོ་སླར་ཡང་སེམས་ཕམ་ཞིག་སྐྱེས་བྱུང་། མ་གཞི་ནས་གྲིབ་གཟུགས་དེ་ནི་ལག་ཟུང་དམ་དུ་འཁྱུད་པའི་གཞོན་ནུ་ཕོ་མོ་གཉིས་འདུག ཁོ་གཉིས་ཤབ་ཤུབ་ཀྱི་སྐད་ཆ་བཤོད་བཞིན་རྒྱ་ལྕང་གི་སྡོང་པོའི་འགྲམ་ནས་ཐད་ཀར་མདུན་དུ་ཕྱིན་སོང་། ཁོ་མོ་རེ་ཞིག་ཧད་འདུག ཁོ་གཉིས་ལས་བུ་དེ་ནི་ཁོ་མོའི་སློབ་གྲོགས་ནམ་མཁའ་སྐྱབས་མ་ཡིན་ནམ། རེད་ངོ་མ་ཁོ་རེད་འདུག
ནམ་མཁའ་སྐྱབས། མི་ལོ་གཅིག་ཡར་སྔོན་གྱི་དོན་དག་མང་པོ་ཞིག་སླར་ཡང་ཁོ་མོའི་དྲན་ཤེས་ཀྱི་ངོགས་སུ་ཕྱུར་བྱུང་། ཁོ་མོ་སློབ་ཆེན་འདིར་སླེབས་རྗེས་ཐེངས་དང་པོར་ཁོ་མོ་བདའ་མཁན་ནི་ནམ་མཁའ་སྐྱབས་རེད། ཁྱེད་རང་ཐེངས་དང་པོར་མཐོང་ཉིན་ནས་ཁྱེད་ཀྱིས་བདག་གི་སེམས་ཡོངས་སུ་འཕྲོག་སོང་། གལ་ཏེ་ཁྱེད་ལ་མོས་མཐུན་ཡོད་ཚེ། བདག་གི་ལྷད་མེད་ཀྱི་བརྩེ་སེམས་ཁྱོད་ལ་སྦྱིན་ཆོག སྐད་ཆ་དེ་དག་ཁོ་མོའི་སེམས་སུ་ཁྲ་ལམ་མེར་འདུག དགོངས་པ་མ་ཚོམ། ངས་དགའ་རོགས་སྒྲིག་མི་ཤེས་ལ་ད་བར་དགའ་རོགས་སྒྲིག་རྒྱུའི་འདང་ཡང་རྒྱག་མ་མྱོང་། ཁོ་མོས་ལན་དེ་ལྟར་སྤྲད། དེ་ནས་བཟུང་ཁོ་མོ་བདའ་མཁན་གྱི་བུ་མང་པོ་ཞིག་བྱུང་སོང་། འོན་ཀྱང་ཁོ་མོས་ཐེངས་དང་པོ་དང་འདྲ་བར་ལན་གཅིག་མཚུངས་ཤིག་སྤྲད་པས། གསར་བུ་མང་པོ་ཞིག་གི་སེམས་པ་མང་པོ་ཞིག་འདི་ལྟར་འཁྱག་སོབ་སོབ་ངང་ཡིད་ཕམ་གྱི་གནས་སུ་བརྫངས། དོན་དུ་གསར་བུ་དེ་དག་གི་ཁྲོད་ནས་ཁོ་ཚོའི་འཛིན་གྲྭའི་སློབ་གྲོགས་ཤེས་རབ་འོད་ཀྱིས་ཁོ་མོར་བདའ་དུས་ཁོ་མོས་ཅུང་ཙམ་མིན་ན་ཁས་ལེན་བྱས། ཤེས་རབ་འོད་ནི་ཕོ་ཉམས་དོད་ལ་སློབ་སྦྱོང་དང་ཕྱོགས་གང་སར་འབྱོན་ནུས་ཆེ་བས། ཁོ་མོའི་སེམས་ངོ་རུའང་བག་ཆགས་ལེགས་པོ་ཞིག་བཞག་ཡོད། ཁོ་མོས་བསམ་གཞིགས་མང་པོ་བྱས་མཐར་ཨུ་ཚུགས་ཀྱིས་ཁས་ལེན་མ་བྱས། མཚམས་རེར་ཁོ་མོ་འགྱོད་པ་ཡང་སྐྱེས་མྱོང་ཡོད། ཁོ་མོའི་སེམས་སུ་གལ་ཏེ་མོས་ཁས་བླངས་ཚེ། ངས་ཤེས་རབ་འོད་ལ་དགའ་བར་ཁས་བླངས་པ་མ་ཡིན་ནམ། དེ་སྔོན་རང་ཉིད་བདའ་མཁན་གྱི་བུ་དེ་དག་གི་མདུན་དུ་ངོ་སོ་མེད་པར་གྱུར་བ་མ་ཡིན་ནམ། བསམ་གཞིགས་མང་པོ་ཞིག་བྱས་མཐར་ཁས་ལེན་བྱ་མ་ནུས། དེ་ལྟར་སློབ་དུས་གཅིག་ཙམ་རིང་ཁོ་མོ་བདའ་མཁན་གྱི་བུ་ནི་རྫོགས་རྒྱུ་མི་འདུག ཁོ་མོའི་སེམས་སུ་སྤོབས་པ་ཞིག་ཀྱང་ངང་གིས་སྐྱེས་བྱུང་། རང་ཉིད་བདའ་མཁན་གྱི་བུ་ཚོར་བསྡོམས་ཚིག་ཅིག་ཀྱང་བཀོད་ཡོད་དེ། གསར་བུ་ཚོ་ནི་བརྩེ་དུངས་ཀྱི་སློང་མོ་བ་ཞིག་རེད། ཁོ་མོས་སེམས་སུ་བུ་དེ་དག་གིས་ཁོ་མོར་བདའ་བའི་ངང་ཚུལ་དག་དྲན་ཡོང།
ཁོ་མོའི་མིང་ལ་མེ་ཏོག་མཚོ་ཟེར། དེས་ན་ཁོ་མོའི་ཕྱིའི་གཟུགས་དང་ནང་སེམས་ཀྱི་མཛེས་ཆོས་ཇི་འདྲ་ཡོད་དམ། ཕལ་ཆེར་མེ་ཏོག་ལྟ་བུའི་མཛེས་སྡུག་བཀྲ་བ་ཞིག་དང་། རྒྱ་མཚོ་ལྟ་བུའི་དྭངས་ཤིང་གཙང་ལ་མཐའ་ཡས་པ་ཞིག་ཡིན་སྲིད། དེ་ལྟར་མིན་ཚེ། བུ་མང་པོ་དེ་འདྲ་ཞིག་གིས་ཁོ་མོར་བདའ་སྲིད་དམ།
ཡ་མཚན་ཞིག་ལ། སློབ་དུས་རྗེས་མ་མགོ་ཚུགས་ཉིན་ནས་ཁོ་མོར་བདའ་མཁན་གཅིག་ཀྱང་མ་བྱུང་། དེས་ཁོ་མོར་སྐྱོ་སེམས་ཤིག་སྐྱེས་བྱུང་ལ། སྤོབས་པ་ཡང་ཉམས་འདུག ཁོ་མོ་བདའ་མཁན་མེད་ལ། དགའ་རོགས་ཀྱང་མེད་པས། ད་ནི་ཁོ་མོ་ཁེར་རྐྱང་དུ་གྱུར་འདུག ཉེ་འགྲམ་གྱི་སློབ་གྲོགས་མང་པོ་ཞིག་བརྩེ་དུངས་ཀྱི་འཚོ་བར་རོལ་དུས་ཁོ་མོ་ད་དུང་ཁེར་རྐྱང་དུ་ལུས་འདུག རིང་པོར་མ་ཐོགས་པར་ཉལ་ཁང་གཅིག་པའི་བུ་མོ་ལས་ཁོ་མོ་གཅིག་པུ་མ་གཏོགས་ཚང་མས་དགའ་རོགས་བཙལ་ཟིན། ཉལ་གྲོགས་ཚོས་རྟག་ཏུ་ཁོ་མོར་དགའ་རོགས་ཤིག་བཙལ་དགོས་ཚུལ་གླེང་ཚེ། ཁོ་མོས་ཀྱང་བདེན་འདུག་སྙམ། འོན་ཀྱང་ད་ཆ་རང་ལ་བདའ་མཁན་གྱི་བུ་ཞིག་མེད་པས། རང་འགུལ་གྱིས་བུ་ཞིག་བདའ་དགོས་སམ། དེ་ནི་ཅིས་ཀྱང་མི་ནུས་པ་ཞིག་རེད། དེ་ལྟར་སློབ་དུས་ཕྱེད་ཀ་སླེབས་ལ་ཉེ་དུས་ཉལ་གྲོགས་ཤིག་རྒྱུད་ནས་ནོར་དགའ་ངོ་ཤེས་ཤིང་། རིམ་བཞིན་འབྲེལ་འདྲིས་རྒྱུད་ནས་ཁོ་གཉིས་དངོས་སུ་དགའ་གྲོགས་སུ་གྱུར། ཁོ་གཉིས་བརྩེ་དུངས་ཀྱི་བྲོ་བ་མྱངས་ནས་ད་བར་ལོ་གཅིག་འགོར་སོང་།
རླུང་བུ་ལྡང་བྱུང་། སྡོང་ལོ་འཁྱལ་བྱུང་། སྐྲ་ལོ་འགུལ་བྱུང་། སེམས་པ་འཚུབ་བྱུང་།
ཁོ་མོས་སླར་ཡང་ཁ་པར་གཏོང་མགོ་བརྩམས།
ཏིའི་ཏིའི་་་་་་་་་་་་་་
“ཨེའེ་་་་་་་”ཁ་པར་བླངས་སོང་། འོན་ཀྱང་ཁ་པར་ལེན་མཁན་བུ་མོ་ཞིག་འདུག
“ནོར་དགའ་འདུག་གམ།”
“ཡོད། འོན་ཀྱང་ཁོ་ད་ལྟ་གཟུགས་པོ་འཁྲུད་བཞིན་འདུག”
“རང་སུ་ཡིན་ནམ། ”
“ང་ནོར་དགའི་དགའ་རོགས་ཡིན། བྱས་ན་རང་སུ་ཡིན།”
“ང་་་་་་་ཁོའི་དགའ་་་་་་་་་་སློབ་་་་་་་་་་་་”་མགྲིན་པ་ཡོངས་སུ་བརྣངས་སོང་།
ཏིའི་ཏིའི་་་་་་་་་་ཁ་པར་བཞག་ཟིན་པ་འདྲ
རླུང་བུ་ལྡང་མཚམས་ཆད་སོང་། སྡོང་ལོ་ཡང་འགུལ་མཚམས་ཆད་སོང་། ཁོ་མོ་ཡང་ཧྲེང་ནས་འདུག རེ་ཞིག་གནས་འདིའི་ཡོད་ཚད་གཡོ་འགུལ་མི་འདུག ཕལ་ཆེར་དུས་ཚོད་ཀྱང་ངལ་གསོས་ཡོད་པ་འདྲ།
རེ་ཞིག་འགོར་རྗེས། རླུང་བུ་སྔར་བཞིན་ལྡང་བྱུང་། སྡོང་ལོ་སྔར་བཞིན་འཁྱལ་བྱུང་། འོན་ཀྱང་ཁོ་མོ་ད་དུང་སྡོང་འོག་ན་ཧད་ནས་འདུག གྲང་ཅང་ཅང་གི་ཅི་ཞིག་མཁུར་མགོ་ནས་ཟགས་འགྲོ མིག་ཟུང་གཉིས་འགུལ་རྡེབ་ཙམ་ཡང་མེད་པར་མདུན་ཐད་དུ་ཅེར་འདུག ཉེ་འགྲམ་གྱི་སྡོང་པོ་ཁ་ཤས་རེ་རབ་རིབ་ཙམ་མཐོང་བ་ལས་ཇི་ལྟར་ཐག་རིང་སར་ཅེར་ཡང་མུན་པའི་རྔམ་ཁ་ཇེ་མཐུག་རེད། དེས་ན་སྨག་ནག་པའི་མུན་པའི་ཁྲོད་ནས་སུ་ཞིག་གིས་སྡོང་འོག་ཏུ་ཧྲེང་ནས་ཡོད་པའི་ཁོ་མོར་ཅེར་བཞིན་ཡོད་དམ། སུ་ཞིག་གིས་ཁོ་མོའི་སྙིང་གི་འཕར་ལྡིང་ལ་ཉན་བཞིན་ཡོད། སུ་ཞིག་གིས་ཁོ་མོའི་མཁུར་མགོའི་མིག་ཆུ་དག་འཕྱིད་སྲིད།
རྩོམ་ཁུངས། ངེད་དྲ་བ།