མཚོ།

           གཅིག
  ཁོ་མཚོ་སྐྱེས་མེ་ཏོག་ལ་དགའ་བའི་འགོ་བསླངས་བ་ནི་མཐོ་འབྲིང་ལོ་རིམ་གསུམ་པ་ཡིན་པའི་སྐབས་དེ་ཏག་ཏག་རེད།     འོན་ཀྱང་།      ཡུན་རིང་ཞིག་ལ་ཁོས་རང་གི་སེམས་ལ་ཅི་ནུས་ཀྱིས་རང་གཅུན་བྱས་ཏེ།   མོར་དགའ་བའི་རྣམ་འགྱུར་ཙམ་བསྟན་པ་མ་གཏོགས་དགའ་ཚུལ་དང་དུངས་ཚུལ་གྱི་བརྩེ་དུངས་སྐོར་ཅི་ཡང་གླེང་མ་མྱོང་།                        
  རྒྱུ་མཚན་ཁོ་དང་མོ་གཉིས་འཛིན་གྲྭ་གཅིག་གི་སློབ་གྲོགས་ཡིན་པས་ཁོ་ཅུང་ཟད་དོགས་མི་བདེ་བའམ་སློབ་གྲོགས་ཁྭ་ཏ་ཁ་དེ་དག་གི་བཤད་ཡམས་ལ་སྐྲག་པ་དེའོ། །
དེ་ནས་བཟུང་།   ཁོས་སློབ་ཁྲིད་ཞོར་དུ་གཡུགས་ཏེ་ད་ལྟ་མོར་དོན་དེ་བཤད་ན་མོས་ཅི་ཞིག་བསམ་བཞིན་ཡོད་པ་དང་ངའི་བརྩེ་དུངས་དང་ལེན་བྱེད་སྲིད་མིན་སོགས་ལ་སྟོང་འདང་ཞིབ་མོ་མང་དུ་བརྒྱབ་ནས་བསྡད།     ད་ལྟ་ཕྱིར་དྲན་རེ་བྱས་ན།     དེ་ནི་གཞོན་ནུ་ཞིག་བུ་མོ་ཞིག་ལ་ཐོག་མར་དུངས་བ་ཆགས་དུས་ཀྱི་སེམས་ཁམས་ཡིན་ངེས་ལ།  ཁོའི་བརྩེ་དུངས་ཀྱི་ཆེས་ཐོག་མའི་འགྲུལ་བཞུད་ཀྱང་ཡིན་ཞེས་བཤད་ཆོག་ཆོག་ཡིན།
  གཟའ་ཉི་མའི་ཉིན་ཞིག་ལ།ཁོས་རང་གི་ཆེས་བཟང་བའི་གྲོགས་པོ་ཞིག་ལ་མོ་འབོད་དུ་བཅུག་རྗེས།  རང་སེམས་ཀྱི་སྙིང་གཏམ་ཐར་ཐོར་དེ་དག་ལྷུ་བསྒྲིགས་བྱས་ཚར་ལ་ཉེ་དུས།    མོའི་གདོང་ལ་འཛུམ་ཆུང་ཞིག་མངོན་ནས་སློབ་གྲྭའི་སྒོ་ཁར་སླེབས་བྱུང་།      
  ༼ཐོན་བྱུང་ངམ།    ངར་ཁྱོད་ལ་བཤད་རྒྱུའི་སྐད་ཆ་མང་པོ་ཞིག་ཡོད་པས་ཁྱོད་བོས་པ་ཡིན།༽
  ཁོས་ཚིག་འདི་དག་ཆུ་བཞུར་བཞུར་དང་རྡོ་ལྷུང་ལྷུང་ངང་མོར་བཤད་པ་ན།      མོས་ཁོའི་བསམ་ཚུལ་ཡང་སྔ་མོ་ནས་རྟོགས་ཡོད་པ་དང་འདྲ་བར།    ངས་ཀྱང་དང་ཐོག་གི་ཁྱོའི་མིག་མདངས་དེ་ལས་ཧ་ཆེན་པོ་གོ་ཡོད།   འོན་ཀྱང་ཁྱོས་ད་རག་བར་ངའི་ཕྱོགས་ལ་དཔུང་འཇུག་མི་བྱེད་དོན་ཅི་ཡིན་ཞེས་ཀུ་རེ་དང་བདེན་པ་འདྲེས་མའི་ཚིག་ལན་རྣོན་པོ་ཞིག་བཏབ།
  ༼ངས. . .  . . .    ངས. . .  . . . ༽
  རུས་རྐང་གཟེར་བའི་དྲིས་ལན་དེས་ཁོར་དགོས་མེད་བྲེལ་ཡོད་ཀྱི་ན་ཟུག་དྲག་པོ་ཞིག་བསྐྱེད་བྱུང་བས།     ལྐུགས་པའི་ངང་ཚུལ་མི་འཛིན་ཀ་མེད་དུ་གྱུར་ཏེ།   ཅི་ཞིག་བཤད་འདོད་ཀྱང་མགྲིན་པར་དངོས་པོ་ཞིག་ཁེགས་ནས་ངག་མི་འཁྲོལ་བར་གྱུར།
   ༼འོ།    འཚབ་མི་དགོས།    འཚབ་མི་དགོས།    དེ་འདྲ་འཚབ་ནས་ཅི་བྱེད།      དལ་མོར་བསམ་ནས་བཤད་ཆོག༽
  ༼དྲང་མོར་བཤད་ན།  ངའི་སྨྲ་ལྕེ་འཁྱུག་པོ་འདིས་ཀྱང་མཛེས་མ་ཁྱོད་མཐོང་ཚེ་དངོས་གནས་ཁག་པོ་འདུག༽
        ༼ཧི་ཧི་ཧི།      ངས་ཀྱང་དེ་ལྟར་བསམ་ཡོད།༽
        ༼ཨ་ལ་ཀུ་རེ་ཡིན།      ད་དེ་ཞོགས་དང་།༽
        ༼འོ།     ཁྱོད་ལ་ངར་བཤད་རྒྱུའི་སྐད་ཆ་ཞིག་ཡོད་པ་མིན་ནམ།༽
        ༼འོ་ལེ།    འུ་ཚོའི་སློབ་ཁང་དུ་སློབ་གྲོགས་གཞན་ཡོད་དམ།༽
        ༼མེད་ཀི   ད་སོ་མར་ང་གཅིག་པུས་སློབ་ཁང་དུ་དཔེ་ཆར་ལྟ་བཞིན་པའི་སྒང་ཡིན།༽
༼འོ།    ངས་བརྗེད་འདུག    ཉིན་བཅུ་ཕྲག་ཁ་ཤས་ཀྱི་འཕྲོར་ང་ཚོར་མཐོ་རྒྱུགས་ལེན་རྒྱུ་དེ. . .  . . . ༽
ཁོས་ཡང་དེར་མཐུད་ནས་སློབ་ཁང་དུ་ཁོ་ཚོ་མེད་ན་ངེད་གཉིས་སློབ་ཁང་དུ་འགྲོ་ཞེས་དོགས་མི་བདེ་བའི་ངང་བཤད།
༼འགྲོ   ང་ཡང་ངོ་མ་ཅིག་སུན་གི   རྩེད་རོགས་དགོད་རོགས་ཤིག་ཡོད་ན་ད་བཞེངས་བཞག་འདུག༽
         ཁོ་གཉིས་ཕན་ཚུན་ལ་དོགས་མི་བདེ་བའི་ངང་གྲིབ་ནག་རིང་ཐུང་མི་འདྲ་གཉིས་དང་འགྲོགས་ཏེ་སྔ་གཞུག་བྱས་ནས་སློབ་ཁང་དུ་བརྒྱུགས་སོང་།
༼མཚོ་སྐྱེས་མེ་ཏོག     ཁྱོད་བརྒྱུགས་པ་ཤིན་ཏུ་མགྱོགས།ངས་ཇི་ལྟར་བདས་ཀྱང་རྗེས་མི་ཆོད།       རི་བོང་སུག་ཏི་ཐུག་རུང་ས་འབར་འབུར་ལམ་ལ་མི་ཐོགས།     ཧི་ཧི་ཧི. . .  . . . ༽
༼ཁ་མཁས་ཁྱོད།    ངོ་མ་མོ་འགུགས་གྱི་དྲག་རྩལ་ལེགས་པོ་ཞིག་ལྡན་འདུག༽
༼ ན་ལེ་ན་ལེ།(哪里哪里)
         སློབ་ཁང་གི་དྲ་མའི་འགྲམ་གྱི་ས་སྟོང་དེར་ཁོས་ཨོང་སྟེགས་གཉིས་དྲུད་དེ་བཞག་རྗེས།      ཁོ་གཉིས་དལ་མོར་ཙོག་ནས་ཡར་མར་གྱི་ཁ་བརྡ་གང་མང་བྱས་བྱུང་།
         ༼ ཁྱོས་བལྟས་ན་འཇིག་རྟེན་དུ་གསོན་ན་དོན་སྙིང་ལྡན་པ་ཅི་ཞིག་ཡོད་ཀི༽
   ༼ ཀློག་རྒན།     ད་དེ་ཡང་མི་ཤེས་སམ།༽
   ༼ ཧི་ཧི།     གསལ་ཐག་ཆོད་པ་ཞིག་མི་ཤེས་ཀི༽
   ༼ཡང་མགོ་ཉོག་སོང་བ་ཡིན་ནམ།༽
༼དེ་ལྟར་བཤད་ཀྱང་ཆོག  འཇིག་རྟེན་ནི་མ་གཞི་ནས་སྣ་མང་རྙོག་འཛིང་ཆེ་བ་ཞིག་ཡིན་པ་དོན་དངོས་སུ་སྣང་ཡོད་པས།  ངས་ངོ་མ་འཇིག་རྟེན་དང་འཇིག་རྟེན་འཁོར་བ་ཞེས་བའི་ཐ་སྙད་མཁྲེགས་པོ་འདི་གཉིས་ལ་སོ་འབྲད་བྱས་ན་ཐང་ཆད་ཀི༽
༼འོ།     དེ་མོ་ཞིག་རེད་དམ།༽       
༼མ་གསང་བར་དྲང་མོར་བཤད་ན། ངའི་མིག་ལམ་དུ་མི་དང་མིའི་བར་གྱི་བརྩེ་དུངས་ནི་འཇིག་རྟེན་འདིའི་ཆེས་རླབས་ཆེ་ཞིང་དོན་སྙིང་ཡོད་པའི་བྱ་བ་རེད་འདོད།༽
༼མི་དང་མིའི་བར་གྱི་བརྩེ་དུངས།   ... ...    མི་དང་མིའི་བར་གྱི་བརྩེ་དུངས། འོ། ཁྱོད་ལྟར་ན་མི་དང་མིའི་བར་གྱི་བརྩེ་དུངས་ཟེར་བ་དེ་གང་ལ་གོ    གྲོགས་པོའི་བར་གྱི་བརྩེ་དུངས། ཕ་བུའི་བར་གྱི་བརྩེ་དུངས།    . . .  . . .       ཡང་ན་ཕོ་མོའི་བར་གྱི་བརྩེ་དུངས།༽
༼ཨ་ལ།  ཁྱོད་ད།  ཚང་མས་དེ་དག་གི་སྤྱི་མིང་ལ་ཟེར་བཞིན་ཡོད་པ་མིན་ནམ།      ངས་ཀྱང་དེ་ལྟར་འདོད།༽
         ཁོས་ཅོག་ཙེ་སྟེང་གི་ནག་ཁུའི་སྐོམ་ཆུ(可口可乐)དེའི་ཁ་བསྐོར་ཏེ་ཕྱེས་རྗེས་མཚོ་སྐྱེས་མེ་ཏོག་ལ་བྱིན་པ་དང་།  དེ་ནས་མྱུར་དུ་ཨམ་ཕྲག་ལས་ཐ་མག་རྐང་གཅིག་བླངས་ནས་མེ་བསྒོ་ཞོར་ལ།   འོ་ན།     དེ་དག་ལས་ཆེས་གཙོ་བོ་ནི་ཅི་ཞིག་རེད།      ཁྱོས་བསམ་ན་ཞེས་བཤད་ནས་མོའི་ངོ་ལ་ལྟ་ཙམ་བྱས།
༼སྤྱིར་དེ་ཚོ་ཚང་མ་གལ་ཆེ་མོད།    ངས་རང་ཉིད་ཀྱི་དགའ་ཁ་གཙོ་བོར་དམིགས་ན་ཕོ་མོའི་བར་གྱི་བརྩེ་དུངས་དེ་གལ་ཆེ་བར་མཐོང་།  རྒྱུ་མཚན་འཛམ་གླིང་གི་མཁས་དབང་ཝེ་སི་ཐིག(威斯特)གིས་ཀྱང་དབུལ་ཕོངས་དང་སོ་ན་བ་ཕུད་བཏང་ན།       ཕོ་མོའི་བར་གྱི་བརྩེ་དུངས་ཀྱིས་ཡོད་ཚད་ཆམ་ལ་ཕབ་ཐུབ་ཅེས་གསུངས་བ་མ་ཡིན་ནམ།༽
༼འོ།   དེ་གོ་ཐོས་ཅུང་ཙམ་ཡོད།    ཁྱོས་སློབ་གྲྭ་འདིར་ཕོ་མོའི་བར་གྱི་བརྩེ་དུངས་ལ་སློབ་སྦྱོང་བྱེད་བཞིན་པ་ཁོ་ཐག་རེད།      ངོ་མ་ཞིབ་འཇུག་སློབ་མ་ཞིག་ལ་རིག་ཀི     ཧི་ཧི. . . .  . . . ༽
༼ཨ་ལ་ཧོ་ཧོ་ཡ།   ང་ལས་ཁྱོད་དེའི་ཕྱོགས་ལ་ངར་བ་རེད།    ཁྱོས་ཕོ་མོའི་བར་གྱི་བརྩེ་དུངས་ཁོ་ནར་ཞིབ་འཇུག་བྱས་དེ།    ད་ནི་འབུམ་རམས་པའི་ཆོ་ལོ་བླངས་ཡོད་པ་མིན་ནམ། ༽
༼པོ་ཀན་དང་།    པོ་ཀན་དང་།     ཞེ་ཞེ་ཉེ་དི་ཀོ་ལེ།    ཡིག་ཉེ་དི་གྲིག་ཅེ་དཔའ།    བོའོ་དི་ཞིན་ཅིག་ལེན་ལི།(不敢当,不敢当!谢谢你的鼓励!有你的这句话我的心就领了。)
༼ཨ་ལ་ལ།      རྒྱ་སྐད་ལྡབ་ལྡིབ་བཤད་པའི་ཡང་ཞིབ་འཇུག་སློབ་མར་གྱུར་འདུག      ཁྱོད་ངོ་མའི་ངར་བ་རེད།      ང་ཡ་མཚར་སྐྱེས་ཀི ༽
༼འོ།       དེ་མོ་ཞིག་རེད་ལ། ༽
         ༼ཨིན།     འདི་དྲང་གཏམ་ཡིན་ཡ། ༽
༼ཧ་གོ་བྱུང་།      བརྩེ་དུངས་ཀྱི་འབུམ་རམས་པ་ངས་ཧ་ཆེན་པོ་གོ་བྱུང་། ༽
         ༼རེད།     རེད།     ཁྱོའི་དང་མའི་སྨྲ་ལྕེ་འཁྱགས་དར་འདྲ་བ་དེ་ཡང་དྲོས་ཡོད་ཀ ༽
         ༼ད་དེ་གླེང་ནས་ཅི་བྱེད།    ཧ་ཧ་ཧ།    ཁྱོད་ཀྱང. . .  . . . ༽
ཁོའི་དཔུང་བར་ཟ་འཕྲུག་ཅིག་དབང་མེད་དུ་ལངས་བྱུང་བས།      མྱུར་དུ་ཚི་ལེན་གྱི་ཕུ་ཐུང་ཡར་བརྫེས་ནས་གཡས་ལག་གིས་འཕྲུག་ཙམ་བྱེད་དགོས་བྱུང་།
         མཚོ།
         ཁོའི་དཔུང་བར་ཡུན་རིང་སྒོམ་པའི་མཚོ་སྐྱེས་མེ་ཏོག་གི་མིང་ཟུར་གྱི་ཡིག་འབྲུ་རྡོག་གཅིག་བརྐོས་འདུག་ལ།    མཛེས་སྡུག་དཔལ་གྱིས་ཁེངས་བའི་གཞོན་ནུ་མ་ཞིག་གི་གཟུགས་རིས་དང་ཧ་ཅང་མཚུངས།      དེ་ནི་ཕལ་ཆེར་མོ་ཡིན་ཚོད་རེད།
ཁོས་དེ་མོས་མཐོང་བར་དོགས་ནས་ཡང་བསྐྱར་རེམ་པར་འཕྲུག་འཕྲུག་འགའ་བྱས་རྗེས།    ཕུ་ཐུང་མར་དེད་དེ་སྤོབས་པ་ཆེར་བསྐྱེད་ངང་འདི་ལྟར་བཤད་བྱུང་།
         ༼སེམས་གཏམ་བཤད་ན།      བརྩེ་དུངས་ཀྱི་རབ་འབྱམས་པ་ང་།    སྔ་མོ་ཞིག་ནས་ཁྱོད་ལ་དགའ་མྱོང་།     ད་ལྟ་ད་རུང་ཁྱོད་ལ་དགའ་ཡི་འདུག      རྗེས་སོར་ཡང་ཁྱོད་ལ་དགའ་བའི་རྒྱུན་ཆད་མི་སྲིད།     དྲག་འབབ་ཀྱི་རྦབ་ཆུ་ཇི་བཞིན། ༽
        ༼ཀུ་རེ་མ་རྩེ།      ང་ཁྱོད་ལ་ཡིད་མི་ཆེས་ཀི ༽
        ༼ཨ་ལ། ཁྱོད་ཀྱང་བརྩེ་དུངས་ཀྱི་ཞིབ་འཇུག་སློབ་མ་ནས་མཐར་ཕྱིན་ཏེ་རབ་འབྱམས་པར་རྒྱུགས་སྤྲོད་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་སྒང་མིན་ནམ།       ངོ་མ།       ཤེས་ཀྱང་མི་ཤེས་ཁུལ་བྱེད། ༽
        ༼ཁྱོད་འདི་ད།     བརྩེ་དུངས་ཀྱི་རྨང་གཞིའི་ཤེས་བྱར་ཐོགས་པ་ཞིག་མེད་ཀི    ང་ཡང་ངོ་མ་ཁྱོད་ལ་དགའ་ནི་ཞིག་རེད། ༽
        ༼བརྩེ་དུངས་ངོ་མ་ནི་ཕྱོགས་གཉིས་ཀས་ཆ་རྐྱེན་ཅི་ཡང་མེད་པར་ཕན་ཚུན་ལ་མགོ་འདོགས་རྒྱུ་དེ་རེད།      བཙན་ཤེད་དང་རྨོངས་འཐོམ་བྱས་ན་ཅི་ཡང་ཐོབ་རྒྱུ་མི་འདུག      ཁྱོད་རང་གིས་ལྟོས་དང་།      ངའི་ལྷད་མེད་ཀྱི་བརྩེ་དུངས་འདི་དང་ལེན་བྱེད་མིན་རང་གི་ལག་ན་ཡོད་ནི་རེད།      ང་ཁྱོད་ལ་དགའ་བ་ངོ་མ་བདེན།     དེ་མོ་ཞིག་རེད།       འོན་ཀྱང་།       ད་ནི་ང་ཚོ་མཐར་ཕྱིན་པར་ཉིན་འགའ་ལས་མི་འདུག      མཐོ་རྒྱུགས་ཀྱང. . .  . . . ༽
        ༼ཡིན་ན་ཡང་།     ཁྱོད་དང་མཐོ་རྒྱུགས་གཉིས་བསྡུར་ཐབས་མེད།     ངའི་བསམ་ངོར་གནམ་སའི་ཁྱད་པར་ལྟ་བུ་ཡོད་པ་རེད།        ང་སློབ་གྲྭ་ཆེན་མོར་འགྲོ་མ་ཐུབ་ཀྱང་འགྱོད་པ་སྤུ་ཙམ་མི་སྐྱེས་ཁོ་ཐག་ཡིན།     ཁྱོད་གཅིག་པུ་ནི་ད་གཟོད་ངའི་མཐོ་རྒྱུགས་ཀྱི་སྐར་གྲངས་ཆེས་མཐོ་ཤོས་དེ་ཡིན། ༽
        ༼དེ་ན་ཆོག་ཀི         ངས་ཀྱང་བརྩེ་དུངས་ཀྱི་རབ་འབྱམས་པ་ཁྱོད་ལ་ཞིབ་འཇུག་ཡང་ཡང་བྱས་ཏེ་མཐར་ཕྱིན་དཔྱད་རྩོམ་ཐེངས་གཉིས་པ་འབྲི་རྒྱུ་བྱེད། ༽
         ༼. . .  . . . ༽
           .  .  .     .  .  .    
   ༼. . .  . . . ༽
དགོང་མོའི་རང་སྦྱོང་འཚོགས་པའི་བརྡ་དེ་ཏིར་ལིང་ལིང་དུ་གྲགས་བྱུང་ལ།           ཁོ་གཉིས་དམ་དུ་འཁྱུད་དེ་མཆུ་ཡང་ཡང་སྦྱར་མཐར་ཕན་ཚུན་འབྲེལ་མ་ཕོད་པའི་ངང་སེམས་པ་ལྗིད་ཏིག་ཏིག་ཏུ་གྱུར་ཞོར་རང་རང་གི་འདུག་གནས་སུ་བུད་སོང་།      ཅུང་མ་འགོར་བར་སློབ་གྲོགས་ཚོའང་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་ཁང་དུ་ཆུ་ལོག་བཞུར་བ་ལྟར་ཤོར་ཡོང་སྟེ་འུར་འུར་ཟང་ཟིང་དུ་ཕྱོགས་ཡར་མར་གྱི་ཁ་བརྡ་སྣ་ཚོགས་བྱེད་བཞིན་འདུག
ཕྱི་རོལ་ཏུ་སྨག་རུམ་སྟུག་པོ་ཞིག་གིས་ཡོངས་སུ་ཁེབས་ཡོད་ལ།        འཕྲང་དམར་ལུང་ཁོག་ནས་ལྡང་ཡོང་བའི་རླུང་བུ་འཇམ་པོ་ཞིག་གིས་སློབ་གྲྭ་འདིའི་གྲུ་ག་སོ་སོར་འོས་འཚམ་གྱི་བསིལ་དྲོད་རེ་སྦྱིན་འོངས།
                                   
     གཉིས།
                                      ཉེན་བརྡའི་བརྡ་སྦྱོར།
  བརྩེ་ལྡན་གྱི་སློབ་གྲོགས་རྣམ་པ།
         སྤྱིར་སློབ་གྲྭ་ནི་ཁྱོད་ཚོ་སློབ་བུ་རིག་ཡག་དག་གིས་རིག་གནས་ཀྱི་སྟོན་འབྲས་སྡུད་ལེན་བྱེད་སའི་གཤིན་ས་ཡངས་པོ་ཞིག་ཡིན་པ་ཚང་མས་ཤེས་གསལ་ལྟར་རེད།      ཡིན་ན་ཡང་། ཉེ་ལམ་སློབ་གྲོགས་མང་ཆེ་ཤོས་ཤིག་གིས་རང་གི་སློབ་སྦྱོང་རྒྱབ་ཏུ་དོར་ཏེ།        བརྩེ་དུངས་རང་དབང་ཞེས་འཆད་གཏམ་མང་པོ་ལབ་ཀྱིན་ཡོད་པར་མ་ཟད།     དགའ་རོགས་ཀྱང་བཙལ་དང་འཚོལ་བཞིན་འདུག     སློབ་གྲྭའི་འགོ་ཁྲིད་ཚོས་དོན་དངོས་འདིར་གཟས་ནས་ཆགས་གཏམ་སྨྲ་བ་དང་དགའ་རོགས་སྒྲིག་པར་ཚོད་འཛིན་བྱེད་རྒྱུ་ཡིན།   གལ་ཏེ་སྒྲིག་ལམ་དང་འགལ་ན་ཆད་པ་ནན་མོ་གཅོད་ངེས།     ལྷག་པར་དུ་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཚོས་དེ་ལ་མཉམ་འཇོག་ལེགས་པོ་བྱོས།
                                                                                               སློབ་གྲྭའི་སློབ་སྟོན་ཁྲུའུ་ནས།
                                                                                                                                   སྤྱི་ལོ༢༠༠༩ལོའི་ཟླ༥བའིཚེས༢༣ཉིན།

༼ལྷག་པར་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཚོས་དེ་ལ་མཉམ་འཇོག་ལེགས་པོ་བྱས།    . . .  . . .    སྒྲིག་ལམ་དང་འགལ  . . .  . . . ཆད་པ་ནན་མོ་གཅོད   . . .  . . . ༽
          ཁོས་རྒྱལ་དར་འགལ་སའི་ལྕགས་རིང་དེར་ཁེན་ཡོད་པའི་ནག་པང་ཆུང་ཆུང་ངོར་བལྟས་བལྟས་རྗེས།      བརྡ་སྦྱོར་དེའི་ནང་དོན་གསལ་ལ་མི་གསལ་ངང་ཡང་ཡང་འདོན་ཞོར་ཉལ་ཁང་དུ་བུད་སོང་།
༼འགྲོ      ཕང་ཙི།(胖子)     དྲོས་ཇ་འཐུང་གི་འགྲོ ༽
         ༼རིན་ཆེན་གང་ལ་བུད་ཐལ། ༽
༼མ་ཤེས།     མ་ཤེས།       ལན་དཔའ①བཟུང་དང་རེམ་མ་འགྲོ     ང་ལྟོགས་ཏེ་མི་བསྲོན་ཀི ༽
         ༼ཁོར་མི་སྒུག་གམ། ༽
   ༼ཕལ་ཆེར་ཁོ་ཇ་ཁང་དུ་ཡོད་ཀྱི་རེད།     རེམ་རེམ།      ཀློག་རྒན་ཞིག་འདྲ་མོ། ༽
        ༼འགྲོ་ན་འགྲོ     དེ་རིང་གི་བརྡ་སྦྱོར་དེ་ཅི་རེད། ༽
        ༼ཁྱོས་མ་བལྟས་སམ།     ཡང་དམིགས་བསལ་གྱི་སྒྲིག་ལམ་ཞིག་རེད།   ལོ་རིམ་གསུམ་པའི་སློབ་མ་ཚོ   . . .  . . . མཉམ་ཞོག   . . .  . . .   སྒྲིག་ལམ་དང་འགལ་ན  . . .  . . .ཆད་པ་གཅོད   . . .  . . .  ཕེ།      ཁྱི་སྐྱག་གི་ཆད་པ།     ལྕི་བ་སྟེར། ༽
        ༼ཅི་ཞིག     ཁྱོས་གསལ་བོར་ཅིག་ཤོད། ༽
       ༼ད་དེ་བསྐྱར་དུ་ཅི་ལ་བཤད།       ཆགས་གཏམ་མ་བཤད།      དགའ་རོགས་མ་བསྒྲིག་ཅེས་བྲིས་འདུག ༽
       ༼ཨ་ལ།      དེ་མོ་ཞིག་ཡིན་ནི་ཨེ་རེད།  ཧོང་ཧྲང(皇上)དེ་དག་གིས་ཁྱོད་ལ་བཟོས་པའི་ལྕགས་ཐག་རེད་ལ། ༽
       ༼པང་ཙི།      ཁ་རོག་གེར་སྡོད།     རེམ་མ་འགྲོ ༽
       ༼མཚོ་སྐྱེས་མེ་ཏོག་ཀན་ན་འགྲོ་བཞིན་འདུག          ཁྱོད་གཉིས་ལ་ངོ་མ་ལས་ཐུག་དང་ལམ་ཐུག་མང་གི་ཡ། ༽
       ༼དཀར་བོ་དགེ་བ།   ཁྱི་ཁ་སུམས།     མོས་གོ་རྒྱུ་རེད། ༽   
       ༼ཡ་ཡ།      ཙོན་མེན།(遵命)
       ༼དེ་བྱས་ན་ད་ཧྥས་ཁྲང་ཧའོ།(非常好)
        ཁོས་མྱུར་དུ་ཟ་མ་ཟོས་ཚར་རྗེས།     མགོའི་གནག་སྣུམ་གྱི་སྐྲ་ལོ་རིང་བོ་དེར་ལག་གཡས་ཀྱིས་བྱིལ་བྱིལ་འགའ་བྱེད་ཞོར་ཁ་རོག་གེར་བརྒྱུགས་ཏེ་བུད་སོང་།
        མ་གཞི་ཁོ་དེ་ལྟར་འགྲོ་དོན་ནི་མཚོ་སྐྱེས་མེ་ཏོག་གི་རྒྱབ་གཟུགས་དང་དབུ་སྐྲ་དེ་ལ་བལྟ་འདོད་བྱུང་སྟེ་རིག་ཙམ་ཨེ་ཐུབ་པར་སྙམ་པ་ཡིན་མོད།      ཁོ་ཇ་ཁང་གི་སྒོ་ཁར་སླེབས་ཚེ་མོའི་གྲིབ་མ་ཙམ་ཡང་མིག་གི་མཐོང་ལམ་དུ་མ་གྱུར་བས།    སེམས་ངལ་གྱིས་ཕྱི་རུ་དེད་པའི་དངན་པ་རིང་པོ་ཞིག་འཐེན་བཞིན་མགོ་བོ་མར་བསྒུར་ཏེ་རང་གི་ཉལ་ཁང་གི་ཕྱོགས་སུ་གོམ་པ་སྤོས་བྱུང་།
         ཤུ----     ----
                                
གསུམ།
                                           གནམ་ལ་ཉི་མ་ཤར་འདྲ་བོ།
                                           ས་ལ་འོད་ཟེར་འཕྲོས་འདྲ་བོ།
                                           . . .  . . .               
                                            
                                           འོ།       མི་དབང་སྲོང་བཙན་སྒམ་པོ།
                                            སྲོང་བཙན་པོ་ཡར་ལུང་ཁོག་ལ་མ་ཆགས།
                                         ཐུགས་སྒམ་པོ་མདོ་ཁམས་སྒང་ལ་མ་ཤོར།
                                          . . .  . . .
        ཇི་འདྲའི་སྙན་ཞིང་འཇེབས་པ་ཞིག་རེད་ཨང་ཞེས་མོའི་ཁ་ནས་དབང་མེད་དུ་འདི་ལྟར་་་་ཤོར་ཞིང་།         ཁ་བཏགས་དཀར་པོ་ཞིག་ལག་ཏུ་བཟུང་ནས་བག་ཚ་རུང་མི་ཚ་བའི་ཚུལ་གྱིས་སྤོབས་པ་ཆེན་པོའི་ཁོའི་སྐེ་ལ་འཕེན་དུ་དབུགས་ཧལ་ཧལ་ངང་བརྒྱུགས་སོང་།
         ༼. . .  . . .     རྨ་རྒྱལ་སྦོམ་རའི་རྩེ་ནས     . . .  . . . ༽ མོ་ཁོའི་རྩུབ་ཏུ་ཐོན་མ་་་ཐག་ཁོར་འཛེམ་དོགས་ཤིག་གི་ཤ་འདར་བརྒྱབ་སྟེ་གླུ་དབྱངས་སྙན་མོ་འདི་ལེན་མཚམས་ཆད་སོང་།     མཐའ་འཁོར་གྱི་དགེ་སློབ་ཚོས་ཅི་ཡིན་ཧ་མ་གོ་བར་དགའ་སྤྲོའི་ཐལ་མོ་ཡང་ཡང་དུ་བརྡབས་བྱུང་།
        འོ།      ངས་བརྗེད་འདུག     ངས་ཡོངས་སུ་བརྗེད་འདུག     དོ་དགོང་ནི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་གྲོགས་ཚོས་མ་ཡུམ་སློབ་གྲྭ་འདིར་གྱེས་ཁ་མའི་རྫོགས་ཕུར་བརྡབ་པའི་སྤྲོ་་ཚོགས་ཀྱི་ཡོ་ལང་རྒྱས་པའི་དུས་མ་ཡིན་ནམ།
        . . .  . . .   
        
        དོ་ནུབ།
        སྟོན་མཇུག་གི་ཟླ་བ།
         ངའི་བར་སྣང་དུ་ཤར་བྱུང་།
         འཁྱག་སིབ་སིབ་ཀྱི་ཟླ་བ།
         ངའི་སེམས་ཁོང་བརྒྱུད་ནས།
         འཇམ་ཐང་ཐང་གི     དཀར་གཙང་གཙང་གི
         . . .  . . .               
   སྒྲོལ་མ་ལགས། དོ་ནུབ་ངས་ཁྱོད་དྲན་བྱུང་།
         . . .  . . .
ཁོའི་ཨམ་ཕྲག་ཏུ་བཅུག་ཡོད་པའི་ལག་འཁྱེར་ཁ་པར་ལས་སྒྱུ་རྩལ་པ་ཞི་བདེ་ཉི་མས་གྱེར་་པའི་སྙན་ངག་དེ་ལྷང་ལྷང་དུ་བསྟུད་མར་གྲགས་བྱུང་།       ཁོས་རེམ་པར་ཁ་ཕྱེས་ཏེ་བལྟས་པ་ན་མཚོ་སྐྱེས་མེ་ཏོག་གི་ལག་ཁྱེར་ཁ་པར་གྱི་ཨང་གྲངས་ཆ་ཡོད་རྒྱུས་ཡོད་དེ་ཡིན་པ་ཤེས་པས།         ཉན་བྱེད་ཀྱི་མཐེབ་དེ་མཐེ་བོང་ཚོན་པོ་དེས་ཤུགས་ཀྱིས་མནན།
        ༼ཝེ།    འཇིགས་བྷ།     ད་རུང་གཉིད་ལོག་མེད་དམ།   ངོ་མ་དགོངས་པ་མ་ཚོམ།       ད་སྔུན་གྱི་གློ་བུར་བའི་དོན་ངན་དེ. . .  . . . ༽   
        ༼འོ།      དེ་ཡིན།       སྐྱོན་མི་འདུག       གཙོ་བོ་འུ་གཉིས་ཀྱི་བརྩེ་དུངས་ཀྱི་བཞུར་རྒྱུན་རིང་རྒྱུ་དེ་རེད།     ངས་ཁྱོད་ལ་ཅིག་འདྲི།    ཁྱོས་མ་གསང་བར་ང་ལ་དྲང་མོར་ཤོད་དང་།    དོན་ངོ་མར་ཁྱོད་སེམས་གཏིང་ནས་ང་ལ་དགའ་བཞིན་ཡོད་དམ། ༽
        ༼ཨ་ལ།      ཁྱོའི་ཡིད་ལ་གློ་རྡེག་ཏུ་འདི་ལྟར་འདྲི་རྒྱུ་ཇི་ལྟར་དྲན་ཐལ། ༽
        ༼ཡ།     ཅི་རེད།      འདྲི་མི་ཆོག་གམ།    འདི་ནི་འུ་གཉིས་ཐོག་མར་ཐུག་འཕྲད་བྱུང་བ་ནས་བཟུང་ངའི་སེམས་སུ་འབུས་ཟིན་པའི་བརྩེ་དུངས་ཀྱི་དྲི་གཞི་ཆེན་པོ་ཞིག་ཡིན་ཡ།       ངོ་མ་བཤད་པ་ཡིན། ༽
        ༼འོ།    ངས་ཀྱང་ཁྱོའི་དྲི་བ་རྣོན་པོ་འདི་ལ་ཇི་ལྟར་ལན་བཅའ་དག་ཅིག་འདེབས་དགོས་བ་བཤད་མི་ཤེས།       ཧྥན་ཀྲིན(反正)ངའི་སེམས་སུ. . .  . . . ༽
        ༼ད་དེ་མོ་ཞིག་ཡིན་ན།      བཟང་གི་བཟང་གི     ངའི་སེམས་ཀྱི་བརྩེ་དུངས་ཡོད་ཚད་སྔུན་ནས་ཁྱོད་ལ་བཤམས་ཟིན།     ད་མང་པོ་མང་པོ་ཞིག་བཤད་དགོས་ཀྱི་མི་འདུག ༽
        ༼དོ་དགོང་ཁྱོས་གླུ་དབྱངས་དེ་བླངས་པ་ངོ་མ་ཅིག་སྙན་མོ་རེད།    ངའི་མིག་མཐར་ཡང་སེམས་ཀྱི་ན་ཟུག་དང་དགའ་སྤྲོ་ལས་འཁྲུངས་བའི་མཆི་མ་རྡོག་པོ་འགའ་ཆད་མེད་དུ་འཁོར་དང་ཐལ། ༽
        ༼རོ་ཀོ་ཉེ་ཅོས་དང་ཀྲིག་ཡང་དི་དཔའ།(如果你觉得这样的话)    ངའི་སེམས་ཁ་བདེ་སོང་ནི་ཡིན།    ད་མང་པོ་མི་བཤད།     ང་ཁྱོད་ལ་ནམ་ཡང་ཧ་ཅང་དགའ་བ་དེ་ཁྱོས་མ་བརྗེད་ན་ཆོག
        ༼འོ།     དེ་ན་གནས་སྐབས་བདེ་མོ་བྱོས།    ང་ལ་གཉིད་ཀྱི་ཡོང་གི
ཁྱོས་ཀྱང་ངལ་གསོ་རྒྱུ་བྱོས་ཨ།      དེ་འདྲའི་འཕྱི་ཡི་མ་འཇོག
        ༼ཡ་ཡ།     ད་དེ་བྱོས།    གནས་སྐབས་བདེ་མོ།   རྗེས་ཕྱོགས་ཁ་བརྡ་བྱེད།
         . . .  . . .   
   ཁྱོད་ནི་མཁའ་མཐར་རྒྱུ་བའི་ཆུ་འཛིན་གྱི་ཕུང་བོ།   །
         ང་ནི་ས་གཞིར་འདུར་བའི་གཡང་དཀར་གྱི་ལུག་ཆུང་།   །
         བརྩེ་དུངས་ལྷད་མེད་རྒྱུན་མཐུད་དབྱང་རླུང་དུ་གྲུབ་པས།   །
         ཁྱོད་དང་ང་ནི་ཚེ་གྲོགས་གནམ་བསྐོས་ཀྱི་བཀའ་བཞིན།   །
         . . .  . . .
ཁོས་རང་ཉིད་ཀྱིས་སྔོན་ཆད་བྲིས་ཟིན་པའི་ཉིན་ཐོའི་འབྲི་དེབ་རྙིང་བ་དེར་བལྟས་ཏེ་ངག་ལ་གྱེར་ཙམ་བྱས་རྗེས་ལག་ཟུང་གིས་འགྲམ་པ་བསྐྱོར་ནས་ཅི་ཞིག་ལ་འདང་ཡང་རྒྱག་བཞིན་འདུག
         ཀྭ་ཡེ་སྙིང་སྡུག་སེམས་ཀྱི་ཕྱེད་ཀ་ཡི་གཟུགས་ལྡན།  །
         ཁ་ཁོག་མེད་པར་ཁྱོད་ལ་དུངས་ཚུལ་རེ་ལབ་དུས།  །
         ག་ལེར་མི་འདོད་ངོ་ཚའི་དབྱུག་ཏོ་ཡིས་གཞུས་ཚེ།  །
         ང་ཡི་ལུས་ཟུངས་བསྣད་ཀྱང་སེམས་ཀྱི་གཤིས་དྲོད་ཡིན།  །
          . . .  . . .
                          
     བཞི།
        ༼འུ་གཉིས་གང་དུ་འགྲོ་རྒྱུ། ༽
        ༼རང་དང་འཚམ་པའི་སློབ་གྲྭ་འདིའི་གྲུ་ག་ཞིག་འཚོལ་དུ. . .  . . .༽
        ༼སློབ་གྲོགས་ཞི་མོ་ཚོའི་ཉལ་ཁང་ཐོག་བརྩེགས་ཅན་དེའི་ལྟག་རྒྱབ་ཏུ་འགྲོ༽
        ༼དེ་ན་རྒྱུན་དུ་དུས་ཆད་བྱས་ཟིན་པའི་དགའ་རོགས་མ་ཡིན་པའི་དགའ་རོགས་མང་པོ་འདུག      ཡང་གཅིག་བཤད་ན།     གཟའ་རེས་པ་གློག་བཀར་དེ་ཚོའང་གར་ཡོང་ནམ་ཡོང་མི་ཤེས།༽
        ༼འོ།       དེ་ན་འུ་གཉིས. . .  . . .༽
        ༼རེད།     འགྲོ     འུ་ཚོའི་སློབ་ཁང་དུ་འགྲོ    རེམ་རེམ་རེམ།༽
        ༼སློབ་གྲོགས་གཞན་མེད་དམ།     བདེ་འཇགས་ཡིན་ནམ།༽
        ༼ད་རེམ།     མང་པོར་འདང་རྒྱག་ཁོམ་མེད།      ཇི་འདྲའི་ཉེན་ཁ་ཆེ་སའི་གནས་ཡིན་ན་དེ་འདྲའི་བདེ་འཇགས་ཡིན་ཟེར་བ་མ་ཡིན་ནམ།༽
ཁོ་སྔུན་དུ་བརྒྱུགས་ཏེ་སློབ་ཁང་གི་ཕྱོགས་སུ་བྱ་འཕུར་བ་ལྟར་སོང་བ་ན་མཚོ་སྐྱེས་མེ་ཏོག་ཡང་ཁོའི་གཞུག་ཆོད་དེ།     ཁོ་གཉིས་མཉམ་དུ་ནག་འཐིབ་བེར་འདུག་པའི་སློབ་ཁང་དུ་འཛུལ།
        དོ་དགོང་གི་འུ་གཉིས་ཀྱི་ཐུག་འཕྲད་འདི་ནི་ཆེས་མཇུག་མཐའི་ཐུག་འཕྲད་ཡིན་རྒྱུ་རེད།
        མཚོ་སྐྱེས་མེ་ཏོག་གིས་གློ་བུར་དུ་འདི་ལྟར་བཤད་བྱུང་།
        ༼ངས་ཀྱང་ཤེས་ཀི     ཤུ----    ངོ་མ་འདས་སོང་བའི་དོན་དག་དེ་དག་ལ་འདང་བརྒྱབ་ན།      ཁྱོད་དང་འབྲལ་མི་འདོད་ཀི་ཡ།༽
        ༼ད་སེམས་སྡུག་མ་བྱེད།    འདུས་མཐར་བྲལ་བ   ་འཇིག་རྟེན་གྱི་ཆོས་ཉིད་ཡིན་ནི་རེད།      མཐོ་རྒྱུགས་ལེགས་པོ་ཞིག་སྤྲོད་དང་།     ལས་ཤིག་ཡོད་ཚེ་ལམ་ཞིག་ཡོད་ཟེར་བ་མིན་ནམ།༽
        ༼དེ་འདྲ་ཞིག་ཡིན་པའི་སྨོན་ལམ་ཡང་ཡང་འདེབས།        གལ་ཏེ་ཁྱོད་རྒྱུགས་འཕྲོད་དེ་སློབ་གྲྭ་ཆེན་མོ་ཞིག་ལ་འགྲོ་ཐུབ་སོང་ན།     ངས་ཁྱོད་ལ་བཅངས་བའི་བརྩེ་དུངས་ལ་ཡང་གྲུབ་འབྲས་ཡོད་དང་ནི་རེད།     རེ་བ་ཅན་ཁྱོས་སྲལ་ལན་གྱིས་དང་།༽
        ༼དོ་དགོང་ཁྱོད་ལ་ཅི་བྱུང་སོང་།༽
        ༼ང་ལ་སྐྱོན་མེད།      ཁྱོས་ནམ་ཡང་ང་ཟེར་བའི་མི་ཞིག་ཁྱོད་ལ་དགའ་མྱོང་བ་དེ་མ་བརྗེད་ན་ཆོག
ཤུ----   ----༽
  ཁོས་ཐ་མག་རྐང་འགའ་རྔུབ་ནས་དུད་སྣེ་རིང་ཐུང་མི་འདྲ་བ་དེ་དག་སར་གཡུགས་བྱུང་།
        ༼ད་དེ་བཤད་ནས་ཅི་བྱེད།     ཁྱོས་དུ་བ་འཐེན་རྒྱུ་དེ་བཅད་དང་ན་མི་ཆོག་གམ།༽
        ༼ཁྱོས་ཤེས་མི་འདུག       ང་དྲན་གདུང་དང་སྐྱོ་སྣ  སྣང་སོགས་ཀྱིས་མནར་ན་རང་གཅིག་པུས་ཁེར་རྐྱང་དུ་ཉིན་ཐོ་འབྲི་བའམ།    གླུ་དབྱངས་ལ་ཉན་པ།     ཝུ་ཆང་འཐུང་བ།     ཐ་མག་འཐེན་རྒྱུ་ཡོད་ན་ད་སུན་སྣང་མི་སྐྱེས་ཀི        དེའི་ཚོར་བ་ཇི་འདྲའི་སྐྱིད་པོ་ཞིག་ཡིན་པ་དུ་བར་འབྲེལ་འདྲིས་མེད་པའི་མི་ཚོས་ནམ་ཡང་ཤེས་མི་སྲིད།     དྲང་མོར་བཤད་ན།       ངས་ཀྱང་ཐ་མག་འཐེན་པའི་གོམས་གཤིས་དེ་བསྒྱུར་ན་འདོད།        འོན་ཀྱང. . .  . . .༽
        ༼ཤུ----        ངས་ད་རུང་ཁྱོད་ཅག་དུ་དགའ་ཚོས་ཚུགས་ཀ་སྟོན་བཞིན་ཡོད་པར་འདོད་མྱོང་།      ངོ་མ་ཁྱོད་ལའང་ཁག་མི་འདུག༽
        ༼ངས་དུ་བ་འཐེན་གྲངས་ཇེ་ཉུང་དུ་གཏོང་རྒྱུ་ཡིན།      དེ་མིན་ན་ངའི་ལུས་པོས་ཀྱང་ལྕོགས་དཀའ་ཡི།༽
        ༼འོ།     རེད།     དེ་བསམ་ཚུལ་ལེགས་པོ་ཞིག་འདུག     ཁྱོད་ང་ལ་ངོ་མ་དགའ་ན་དུ་བ་འཐེན་རྒྱུའི་རྒྱུན་གཅོད་རྒྱུ་བྱོས།༽
        ༼ཡ་ཡ་ཡ།    དེ་ན་ཆོག་གི     ངས་ཁྱོའི་ཁ་ལ་ཉན་རྒྱུ་ཡིན།    ད་རེབ་ཀྱི་འདི་ཆེས་མཇུག་མཐའི་ཐ་མག་རྐང་དེ་ཡིན།     འདི་འཐེན་ཚར་ན. . .  . . .༽
        ༼འོ།     དེ་ན།    རེམ།    རེམ།     རེམ་མ་འཐེན།༽
        ༼ཤུ----    ----༽  
ཁོ་གཉིས་ཕན་ཚུན་ལ་དམ་དུ་འཁྱུད་དེ།      སྔར་གྱི་ལོབས་ཕྱོགས་ལྟར་རྩུབ་རེག་བྲལ་བའི་ཁ་ཤར་འོ་ཡང་ཡང་བྱས་རྗེས།      སྔ་གཞུག་བྱས་ནས་གྲང་རླུང་དང་མུན་ནག་འཐབ་བཞིན་པའི་ཕྱི་རོལ་ཏུ་ག་ལེར་བུད་ནས།     གསལ་ལ་མི་གསལ་བའི་ལག་པས་བདེ་མོའི་སྐད་ཆ་ལབ་རྗེས་སོ་སོའི་ཉལ་ཁང་གི་ཕྱོགས་སུ་རྒྱུགས།
                                        
             ལྔ།
        ད་ནི་ད་ལོའི་མཐོ་རྒྱུགས་ཀྱི་བྱ་བར་ཕྱོགས་ཡོངས་ནས་སྤྱི་སྡོམ་ནར་ནར་ཞིག་བྱས་ཚར་ཏེ།       མཚོ་སྐྱེས་མེ་ཏོག་གིས་རང་གི་རྒྱུགས་སྐར་མཐོན་པོ་དེ་ཁྱེར་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ(བོད་སྐད་ཡིག་རིག་གནས་སློབ་གླིང)རུ་སློབ་གཉེར་བྱེད་དུ་ཆས་ཏེ་ཉིན་འགའ་འགོར་སོང་།         ཁོས་ཀྱང་ད་ཐེངས་ཀྱི་ཕམ་ཁ་འདི་གནས་སྐབས་ཙམ་གྱི་ཕམ་ཁ་ཡིན་སྙམ་སྟེ།         གྲོང་ཁྱེར་ཟི་ལིང་ན་ཚོང་ལས་གཉེར་བཞིན་པའི་ཨ་ཁུའི་བཀོད་སྒྲིག་བཞིན་དུ་ཤོག་སྒོར་མང་པོ་མང་པོ་ཞིག་བཟུང་ནས།         སྨུག་སྤྲིན་གྲོང་ཁྱེར་ལན་གྲུ་རུ་བཙུགས་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ཀྱི་རྒྱུན་མཐུད་སློབ་གསོ་དང་ལས་རིགས་སློབ་གསོའི་སློབ་གླིང(གེ་སར་རིག་གནས་སློབ་གླིང་གི་ཡན་ལག་ཡིན་པར་བཤད)དེར་ཞུགས་སུ་སོང་།
        མཚོ།
        ཁོས་རང་གི་དཔུང་བའི་ཐོག་གི་རྨ་ཁ་དང་བདག་ཉིད་གཅིག་པའི་ཐ་སྙད་དེར་ཡང་ཡང་བལྟས་ནས་མགོ་བོ་དང་ཁར་སྨད་དེ་བསྡད།
         ཁོ་སློབ་གྲྭ་དེ་རུའམ་རང་ཁྱིམ་ན་ཡོད་དུས།      སློབ་གྲོགས་དང་ཕ་མ་དག་གིས་ཁོའི་དཔུང་བའི་སྟེང་བརྐོས་ཡོད་པའི་མཚོ་ཡིག་དེ་མཐོང་ཚེ།   ཡར་མར་དྲིས་ཏེ་ཁོའི་སྙིང་ལ་ཕྱིར་དྲན་གྱི་ཙག་ཤེད་རེ་རྒྱག་ཏུ་འཇུག་མོད།          ཁོས་ནམ་ཡང་ལན་གཅིག་བསྐྱར་ཟློས་བྱེད་སྲིད་དེ།      དེ་ནི་ང་མཚོ་སྔོན་གྱི་མི་ཡིན་པས་ན་རང་གི་དཔུང་བར་མཚོ་ཡིག་འདི་བརྐོས་པ་ཙམ་ཡིན་ཞེས་པ་དེའོ།    །  
        ད་ལྟ་ཁོ་སློབ་གྲྭར་ཞུགས་ནས་ལོ་ངོ་གཉིས་ལྷག་འདས་ལ་ཉེ།  འོན་ཀྱང་ཁོའི་དཔུང་བའི་ཐོག་གི་མཚོ་ཞེས་བའི་ཐ་སྙད་དེ་བལྟས་བལྟས་རིག་རིག་ལ་ཇེ་གསལ་ནས་ཇེ་གསལ་རེད།     མི་ཞིག་དང་ངོ་མ་འདྲ་པོ་འདུག
        མཚོ།
        ང་ཚོས་བལྟས་ཚོད་ལ།     ཁོའི་དཔུང་བའི་ཐོག་ཏུ་བརྐོས་པའི་ཐ་སྙད་ཆེས་སྤྱིར་བཏང་བ་ཞིག་ཡིན་རུང་།       ཁོ་ལ་མཚོན་ན་བརྩེ་དུངས་ལྷད་མེད་ཅིག་དང་ཕྱིར་དྲན་དམར་པོ་ཞིག་གི་སེམས་ངལ་རེད།   སེམས་ངལ་གྱི་ཁྲེས་པོ་ལྗིད་མོ་ཞིག་རེད།
ཤུ————   

                                                                                                                                                                  སྤྱི་ལོ༢༠༡༠ལོའི་ཟླ༡༢བའི་ཚེས༡ཉིན་གྱི་ཞོགས་པར་བྲི་འགོ་བརྩམས་ཤིང་།
                                                                                                                                                                                                                        སྤྱི་ལོ༢༠༡༠ལོའི་ཟླ༡༢བའི་ཚེས༨ཉིན་གྱི་ཕྱི་དྲོར་ཡོངས་སུ་བྲིས་ཚར།

--------------------------------
①        ལན་དཔའ།        མཚོ་སྔོན་གྱི་རྒྱའི་ཡུལ་སྐད་ཅིག་སྟེ།      གཞོང་བའི་མིང་ཡིན་ལ་རྒྱ་ཡིག་ཏུ“盘子”ཞེས་འབྲི།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ།

2012-03-10 ཐོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།