རྒན་ཐར་མགོན།

 བཞུད་ཟིན་པའི་མི་ཚེ། ཕྱིར་དྲན་གྱི་མིག་མཐའ་ན་འཁྱིལ་བའི་མཆི་མ་རྡོག་གཅིག
 གནའ་མིའི་ཁ་དཔེར། མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ་ཟེར་བ་ལྟར་ཚེ་གང་ཁེར་རྐྱང་ངང་བསྐྱལ་བའི་རྒན་ཐར་མགོན་ལ་མཚོན་ནའང་ཁོའི་ཀྱག་ཀྱོག་ཆེ་བའི་འཚོ་བའི་བརྒྱུད་ལམ་རིང་མོའི་སྟེང་བསུབ་དཀའ་བའི་དགའ་སྐྱོའི་སྣང་བརྙན་གང་མང་ཞིག་བསྐྲུན་རྗེས་ད་གཟོད་ལོ་ནམས་ཟླས་དེད་ནས་ཟེར་ན་འདྲ། མེད་མུ་གེས་དེད་ནས་ཟེར་ནའང་འདྲ་གང་ལྟར་མཐར་རྒན་གསོ་ཁང་འདིའི་ནང་ལྷུང་བ་རེད། དེ་དུས་ད་དུང་རྒད་པོ་སྙིང་རྗེ་ཅན་འགའ་རེ་ཡར་རྒྱུག་མར་རྒྱུག་གིས་ཐབས་ཤས་གང་ཡོད་བྱས་མེད་ན་  ཨེ་་་་ཕལ་ཆེར་ད་ཆ་འཇིག་རྟེན་འདིའི་སྒང་ན་རྒན་ཐར་མགོན་ཟེར་བ་ཞིག་ཡོད་ཚོད་མིན།   རེད་ཡ། རྒན་གསོ་ཁང་འདི་རྒན་ཐར་མགོན་ལ་མཚོན་ན་རང་གི་ཚེ་མཇུག་གི་ཉི་མ་ལྷོད་ལྷོད་ངང་སྐྱེལ་སའི་དག་ཞིང་ཆུང་ཆུང་ཞིག་ཡིན་ཟེར་ནའང་མི་ཆོག་པ་ཅང་མེད།
     རྒན་གསོ་ཁང་གི་ལྷས་རྭའི་ནང་མ་ཎི་འཁོར་ཆེན་ཞིག་དལ་གྱིས་འཁོར་བཞིན་སྐབས་རེ་དྲིལ་སྒྲ་སྙན་མོ་ཞིག་ཀྱང་སེང་སེང་དུ་གྲག  ཨ་མ་རྒན་མོ་ཞིག་གིས་ལག་གཡོན་པས་ཕྲེང་བ་འདྲེན་ཞོར་གཡས་པས་མ་ཎི་འཁོར་ལོ་དེ་དལ་གྱིས་སྐོར་བཞིན་སྐོར་བ་བྱེད། དེ་དང་གོམ་པ་བཅུ་ཡས་མས་སུ་མེ་ཏོག་ལྡུམ་རྭ་ཞིག་གིས་ཆོད་མཚམས་དེར་སྟེང་འོག་གཉིས་ན་ཁང་མིག་བཅུ་རེ་ཡོད་པའི་ཐོག་བརྩེགས་གཉིས་ཅན་གྱི་ཁང་པ་དེ་རྒན་པ་ཚོའི་སྡོད་ཤག་རེད། རྒན་ཐར་མགོན་གྱིས་རྒྱབ་རྩིག་པར་བསྙེས་ཏེ་སྒྲ་སྡུད་འཁོར་ལོ་ལས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་གྱིས་རྒྱང་བསྲིངས་བྱས་པའི་གསར་འགྱུར་ལ་ཉན་བཞིན་ཁ་མུག་མུག་གིས་ལག་གི་ཕྲེང་རྡོག་རྣམས་ཡར་འདེད་ཙམ་འདེད་ཙམ་རེ་བྱེད་པ་དང་ཆབས་ཅིག་ལྷས་རྭའི་ནང་མ་ཎི་འཁོར་ལོར་སྐོར་བ་བྱེད་བཞིན་པའི་རྨོ་མོ་སྒྲོལ་དཀར་ལ་ལྟ་ཙམ་རེ་བྱེད། གང་འཚམ་ཞིག་ནས་ཁོས་མ་ཎི་འདོན་མཚམས་བཞག་ཅིང་ལག་པ་ཐོད་ཁར་ཁྱེར་ཏེ་ཐད་ཀའི་མདུན་ཕྱོགས་སུ་བལྟས། ཅི་རེད། དེ་རིང་ལས་ཁུངས་སྒོ་འགྲམ་དེར་རླངས་འཁོར་མང་པོ་ཞིག་བཞག་འདུག   ཁོས་འདི་ལྟར་རྒྱུན་དུ་རྒྱབ་རྩིག་པར་བསྙེས་ནས་མ་ཎི་འདྲ་བགྲང་བའམ་གསར་འགྱུར་རེ་ཉན་སྐབས། མགོ་འགྱོགས་ཐེངས་རེར་ཐད་ཀར་མིག་ལམ་ལ་སྣང་འོང་བ་ནི་ཐད་ཀ་ན་ཁང་ཆེན་དམར་པོ་ཅུང་བརྗིད་ཉམས་ཅན་ཞིག་ཁ་ཚུར་བསྟན་ནས་ཡོད་པ་དེ་རེད།
 དེ་མཐོང་ཐེངས་རེར་ཁོའི་མིག་ལམ་ན་ད་དུང་ཡང་ཁ་སང་གི་བྱུང་བ་ཇི་བཞིན་གསལ་བའི་འདས་དོན་སྐྱུར་མོ་ཞིག་གིས་ཁོར་རང་དབང་མེད་པར་དངན་པ་རིང་པོ་རེ་འཆོར་བར་བྱས་པ་གྲངས་ཀྱིས་ག་ལ་ཟིན་ཨང་།
 ཕལ་ཆེར་ཚོགས་འདུ་ཞིག་ཡོད་པ་འདྲ།  ཨོ་རེད་རེད། བཀའ་སྤྱིའི་འོས་ཤོག་ལྡུག་རན་ཡོད་པས་གཡས་གཡོན་ས་གནས་ཁག་གི་འཐུས་མི་རྣམས་འཛོམས་ནས་དེའི་སྐོར་ལ་བཀའ་མོལ་གནང་གིན་ཡོད་རྒྱུ་རེད།     ཡ་ཡང་སུ་རེད།  ལས་ཁུངས་སྒོ་འགྲམ་དེར་ཡར་ལངས་སྡོད་མཁན་ཕྱུ་བ་དཀར་པོ་གྱོན་པའི་བུད་མེད་དེ། ཕལ་ཆེར་དྲུང་ཡིག་དབང་མོ་ལགས་ མིན་འགྲོ    ཨ་ཙི་ད་ཡང་ང་འཆོལ་ཚར་འདུག  དེང་སང་དྲུང་ཡིག་དབང་མོ་གང་ན་ཡོད། དེ་ཚོ་ས་ལོ་བཅོ་ལྔ་ཉི་ཤུའི་གོང་གི་སྐད་ཆ་རེད།   ཤུ་་་་   འདི་ལྟར་སྣང་བ་གཡེངས་ཐེངས་རེར་རང་དབང་མེད་པར་འདས་དོན་གྱི་མཁའ་དབྱིངས་འགྲིམས་ལ་གོམས་པའི་རྣམ་ཤེས་ཀྱི་གཤོག་ཐོགས་རྒོད་པོ་དེ་ཁོས་སླར་ཡང་བཙན་ཐབས་ཀྱིས་ཡིད་ཀྱི་བྲག་ཐེམ་དུ་བཀུག་ཅིང་ཤིན་ཏུ་རྟུལ་བའི་མིག་ཟུང་གི་མདའ་མོ་སླར་ཡང་ལྷས་རྭའི་ནང་མ་ཎི་འཁོར་ལོ་སྐོར་བཞིན་པའི་རྨོ་མོ་སྒྲོལ་དཀར་གྱི་སྟེང་དུ་འཕངས།   
ལྷས་རྭའི་ནང་གི་མ་ཎི་འཁོར་ལོ་དེ་སྔར་ལྟར་འཁོར་ཞིང་སྐབས་རེ་དྲིལ་སྒྲ་སྙན་མོ་ཞིག་ཀྱང་སེང་སེང་གྲག
           གཅིག
  དགའ་འཁྱིལ་གླིང་ཞེས་པའི་གཞིས་ཆགས་ཆུང་ཆུང་འདི་ནུབ་ཕྱོགས་སུ་བསྲིངས་པའི་རི་རྒྱུད་དེའི་སྣེ་ན་ཁེར་ཆད་ཀྱི་ཚུལ་དུ་ཡོད་པའི་རི་རྡོག་རྡོག་ཅིག་གི་རྩར་གྲོང་ཁྱེར་དང་འདབ་འབྲེལ་དུ་ཆགས་ཡོད་ལ།  རི་རྩེ་ན་ཕྱོགས་བཞི་མཚམས་བརྒྱད་དུ་འཐེན་པའི་དར་ལྕོག་རྣམས་བར་མཚམས་མེད་པར་རླུང་གིས་ལྷབ་ལྷུབ་དུ་བསྐྱོད།  དེ་ནས་ཅུང་མར་ལ་བལྟས་པའི་རི་སྐེད་མ་ཟིན་ཙམ་ན་དགའ་ལྡན་ཐོས་གྲོལ་གླིང་ཞེས་པའི་དགོན་པ་ཆུང་ཆུང་ཞིག་དང་། དགོན་པའི་མར་སྣེའི་གཡས་གཡོན་གཉིས་ནས་བརྒྱ་ཤོག་སོ་སོའི་དུད་ཁྱིམ་རྣམས་རིམ་པར་ཆགས་ཡོད། གཞིས་སྒར་འདིའི་སྒོ་ཆེན་ཐད་ཀར་གཞུང་ལམ་ལ་ཁ་གཏད་ཅིང་སྒོ་ཆེན་ནང་ཡར་འཛུལ་ནས་གོམ་པ་བཅུ་བཅོ་ལྔ་ཙམ་གྱི་སར་གཡོན་ངོས་སུ་གཞི་ཁྱོན་ཅུང་ཆེ་བའི་ཁང་པ་ཐོག་བརྩེགས་ཅན་ཞིག་མངོན་པ་དེའི་འོག་མ་གཞིས་ཆགས་འདིའི་རུམ་གདན་བཟོ་གྲྭ་དང་། སྟེང་མ་དེ་ས་གནས་ནང་སྲིད་སྐུ་ཚབ་དོན་གཅོད་ཁང་རེད།  དེའི་ཁ་གཏད་ཀྱི་གཡས་ངོས་སུ་སློབ་གྲྭ་དང་སློབ་གྲྭའི་རྩ་དེར་རྒན་གསོ་ཁང་ཞིག་ཡོད།
    ལོ་འགའི་གོང་རྒན་ཐར་མགོན་དང་སློབ་ཁོངས་ནས་ཐོན་པའི་རྗེས་སུ་མདུན་གྱི་ལས་ཁུངས་དེའི་ནང་ཞབས་ཞུ་བའི་ལས་འཁུར་བྱས་ཡོད།   དེ་རིང་གཟའ་སྤེན་པ་རེད། ཕྱི་དྲོ་ཚོགས་འདུ་གལ་ཆེན་ཞིག་ཡོད་པས་གཡས་གཡོན་ས་གནས་ཁག་ནས་ཕེབས་པའི་འཐུས་མི་རྣམས་ཀྱི་ཕེབས་གྲུས་ལས་ཁུངས་ཀྱི་སྒོ་འགྲམ་ཡོངས་སུ་ཁེངས་འདུག  ཕྱི་དྲོའི་ཆུང་ཚོད་བཞི་དང་ཕྱེད་ཀ་ཡོལ་ཟིན་ནའང་ཚོགས་འདུ་ད་དུང་མ་གྲོལ། རྒན་ཐར་མགོན་གྱི་སེམས་ལ་བྲེལ་འཚུབ་ཞིག་ངང་གིས་ལངས། ཡར་ལངས་ནས་ཚོགས་ཁང་གཡས་གཡོན་གྱི་ཁང་མིག་རྣམས་ཀྱི་སྒོ་དང་སྒེའུ་ཁུང་སོགས་བརྒྱབ་རྗེས་སླར་ནང་དུ་སོང་ནས་ཆུ་ཚོད་ལ་ལྟ་བཞིན་ཚོགས་འདུ་གྲོལ་རྒྱུར་སྒུག  རྒན་ཐར་མགོན་ལགས། ཡང་བསྐྱར་ཚང་མར་ཆབ་གྲང་མོ་གང་རེ་ཁྱོགས་དང་་་་སྐུ་ངོའི་འཁྲིས་དེར་མགོ་སྒུར་ནས་གྲོས་ཆོད་དོན་ཚན་རྣམས་ཡིག་ཐོག་ཏུ་འགོད་བཞིན་པའི་དྲུང་ཡིག་དབང་མོས་དེ་སྐད་སྨྲས།  འ་ཙི་ཚོགས་འདུ་འདི་ད་དུང་གྲོལ་རྒྱུ་མིན་པ་འདྲ། ཁོས་ལགས་སོ་ཞེས་འཕྲལ་དུ་ཡར་ལངས་ནས་ཐབ་ཚང་དུ་ཕྱིན།  རྒན་ཐར་མགོན་ལགས་དུས་རྒྱུན་ངག་སྒོ་དམ་ཞིང་ངོ་ཚ་དང་འཛེམ་དོགས་ཆེ་བ།  སྐུ་ངོ་དང་དྲུང་ཡིག་དབང་མོ་སོགས་ཀྱིས་ལས་ཀ་ཅི་ཞིག་བཀོད་མངགས་བྱས་ཀྱང་གུས་གུས་ཞུམ་ཞུམ་ངང་སྒྲུབ་པའི་ཡ་རབས་དྲང་ཚུགས་ཅན། སྐབས་རེ་ཚོགས་འདུ་སོགས་ཀྱི་དབང་གིས་ལས་ཁུངས་སྒོ་དུས་ཐོག་རྒྱག་མ་ཐུབ་ཀྱང་ཡིད་ལ་དལ་བྲེལ་གང་ཡང་མེད་པར་ངང་རྒྱུད་རིང་པོས་སྒུག་སྡོད་ཐུབ་མཁན་ཞིག་ཡིན་ཡང་།  དེང་སང་ཁོའི་བྱ་སྤྱོད་ཐད་སྔར་དང་མི་འདྲ་བའི་འགྱུར་བ་ཅུང་ཐེབས་འདུག
      ཆུ་ཚོད་དྲུག་པ་ཏག་ཏག་ཐོག་ཚོགས་འདུ་གྲོལ་བས་འཐུས་མི་རྣམས་ཀྱང་རང་རང་སོ་སོའི་གནས་སུ་ལོག    རྒན་ཐར་མགོན་གྱིས་མྱུར་དུ་ལས་ཁུངས་སྒོ་བརྒྱབ་རྗེས་བྲེལ་འཚུབ་ངང་རྐང་འཁོར་ཞོན་ཏེ་ཤར་གྱིས་ཁྲོམ་གཞུང་བརྒྱུད་ནས་སོང་།  གྲོང་ཁྱེར་གྱི་བྱང་སྣེའི་ལམ་འགྲམ་གཡས་གཡོན་ནས་རིམ་པར་ཆགས་པའི་ཚོང་ཁང་དང་ཟ་ཁང་དག་གི་བར་བར་ན་བོད་ཀྱི་ཚོང་ཁང་དང་ཟ་ཁང་རེ་ཟུང་ཡང་མཐོང་རྒྱུ་འདུག   ཁོས་རྐང་འཁོར་བཏང་བ་ཧ་ཅང་མགྱོགས་པས་འདུ་འཛི་དང་བྲེལ་ཟིང་གིས་སྐྱོམ་པའི་ཚོང་ཁང་དང་ཇ་ཁང་།  མི་ཚོགས་བཅས་རེ་རེ་བཞིན་མིག་ལམ་ནས་ཡལ་བཞིན་གྲོང་ཁྱེར་གྱི་དཀྱིལ་དུ་སླེབས། ཡང་དཀྱིལ་གཤགས་ནས་ཤར་སྣེའི་སུམ་མདོ་ཞིག་ཏུ་འབྱོར་བ་དང་ཁ་གཡོན་ཕྱོགས་སུ་བསྒྱུར། དེང་སང་གཟའ་སྤེན་པ་ནམ་ཡིན་ལ་རྒན་ཐར་མགོན་ཁོ་འདི་ཞིག་ལ་རྒྱུག་རྒྱུར་གོམས་འདུག་པས་ཡང་སྙིང་ཁོ་གང་ཞིག་ལ་འགྲོ་བ་ཡིན་ནམ།
  ཟླ་བ་གཉིས་ལྷག་ཕྱིན་སོང་། དུས་ཚོད་ནི་འདི་ལྟར་སྐད་ཅིག་ཀྱང་མི་སྡོད་པར་རིམ་གྱིས་འདས་ཤིང་སྤྲོ་སྐྱིད་ལྡན་པའི་དགུན་ཁའི་དུས་ཡུན་ཐུང་ངུ་དེའི་མཇུག་འགྲིལ་བ་དང་ལོ་སར་གྱི་ཉིན་ཤས་རིང་གི་གུང་སེང་དེ་ཡང་ཚར་ནས་ལས་ཁུངས་སྒོ་སྔར་བཞིན་ཕྱེ་ཡོད།  དེ་རིང་ལས་དོན་ཙག་ཙིག་སླད་ཡོང་མཁན་དེ་ཙམ་མེད་པས་ལས་ཁུངས་ནང་ཁུ་སིམ་མེར་གནས། སྐུ་ངོ་ལགས། གསོལ་ཇ། རྒན་ཐར་མགོན་གྱིས་རེ་རེའི་སར་ཇ་བསྐྱལ། སྐུ་ངོས་ཇ་འཐུང་བཞིན་ལས་བྱེད་རེ་རེའི་གདོང་ལ་ལྟ་ཙམ་རེ་བྱས་རྗེས་ཡང་འཛུམ་མདངས་དང་བཅས་རྒན་ཐར་མགོན་གྱི་ཕྱོགས་སུ་བལྟས།  ཁོས་ཀྱང་།  ཡང་སྐུ་ངོས་གང་ཞིག་འགོ་འཛུགས་རྩིས་ཡོད་པ་ཤེས་ཏེ་སེམས་པ་འཚབ་བེ་འཚུབ་བེར་གྱུར།  དེང་སང་ཐར་མགོན་ལགས་འཁྲུགས་སེ་ཆགས་ཡོད་ས་རེད། གོ་རྒྱུ་མང་པོ་འདུག་ག   དབང་མོ་་་་་་ད་ཁྱོད་ཀྱིས་ཁོ་ལ་ཕྱག་རོགས་ཤིག་གནང་ཐུབ་ཀྱི་མི་འདུག་གམ།    ཡིན་དང་ཡིན་་་་་སྐུ་ངོ། བྲེལ་བ་མ་གནང་དང་ངས་ཁོང་ལ་མནའ་མ་ལོ་ཆུང་མཛེས་མ་ཞིག་བཙལ་ཆོག  དབང་མོས་ཀྱང་སྐུ་ངོའི་ཚིག་རྔ་དེར་མཐུད་ནས་བཤད།      ལོ་ཆུང་ཆུང་ཨེ།  ལོ་ཆུང་དྲགས་ན་ཡང་ཉེན་ཁ་ཞིག་མེད་འགྲོ། .  ཧ་ཧ་ཧ་་་་་།    ཧེ་ཧེ་ཧེ་་་་རྒན་ཐར་མགོན་ཡང་མགོ་སྒུར་ནས་དགོད་བཞིན་གདོང་ཡོངས་དམར་པོར་གྱུར་འདུག     
ངོ་མ་ང་ཚོའི་སྤྱི་ཚོགས་ནང་དམག་མི་རྙིང་པ་སྐོར་ཞིག་ལོ་ཆུང་དུས་ཆང་ས་རྒྱག་ས་མ་རག་པར་རྒན་རྒོན་ཆགས་རྗེས་ཟ་ཁང་སོགས་ཀྱི་ནང་གཡོག་ལས་འདྲ་བྱེད་པ་མཐོང་དུས་ཡིད་སྐྱོ་བ་ཞིག་འདུག   གཅིག་བྱས་ན་སྐབས་དེའི་གནས་སྟངས་ཤིག་གིས་ཡིན་སྲིད་མོད། རྒན་ཐར་མགོན་ཁོ་དེ་ལྟ་བུ་ཞིག་ཏུ་མི་འགྱུར་བར་སྨོན།
           གཉིས།
  ཕྱི་དྲོ་དེར་ཡང་རྐང་འཁོར་གཏོང་བཞིན་ཁྲོམ་གཞུང་ཤར་གྱིས་བཅད་ནས་སོང་། ཚོང་ཁང་ཆུང་ཆུང་ཞིག་གི་སྒོ་འགྲམ་ན་འཛུམ་དམུལ་ལེར་རང་ལ་ལྟ་བཞིན་པའི་བུད་མེད་དེ་མཐོང་བ་དང་འཁྱུག་ཙམ་དེར་བཀག་ཅིང་བཀྲ་ཤིས་བདེ་ལེགས་ཞེས་འཚམས་འདྲི་ཞིག་བྱས། བཀྲ་ཤིས་བདེ་ལེགས། ག་བར་འགྲོ་བཞིན་ཡོད།  ང་་་་་་་ང་འདིར་ལས་ཀ་ཞིག་ཡོད།  ཨ་ལེ་ཡིན་ས་རེད། རྐང་འཁོར་མགྱོགས་པོ་ཞེ་བོ་ཅིག་བཏང་ཡོང་གིས།  མོས་དེ་ལྟར་ཀུ་རེ་བརྩེས།
  ཁོ་མོའི་མིང་ལ་ལྷ་མཚོ་ཟེར་ཞིང་ཁྲོམ་གཞུང་འདིར་ཚོང་ཁང་ཆུང་ཆུང་ཞིག་ཕྱེ་ཡོད། ལོ་གཉིས་གོང་རྡ་སར་གསུང་ཆོས་ལ་འགྲོ་སྐབས་ལམ་བར་ནས་ངོ་ཤེས་ཤིང་དེ་ནས་བཟུང་ཕན་ཚུན་ནམ་ཐུག་ལ་འཚམས་འདྲི་རེ་བྱེད་བཞིན་ཡོད་ལ། སྐབས་རེ་ཅ་དངོས་ཙག་ཙིག་ཉོ་བར་མོའི་ཚོང་ཁང་དུའང་ཡང་ཡང་འགྲོ་བཞིན་ཡོད།  ཁོས་མུ་མཐུད་རྐང་འཁོར་གཏོང་བཞིན་ཤར་སྣེའི་སུམ་མདོ་དེར་སླེབས་མ་ཐག་གློ་བུར་དུ་རྒྱབ་ཕྱོགས་ནས་མི་ཞིག་གིས་རང་ཉིད་འབོད་པ་ཐོས། ཁ་ཕྱིར་འཁོར་ནས་ལྟ་སྐབས་ཁོའི་གྲོགས་པོ་བསོད་ནམས་ཀྱི་གདོང་ལ་འཛུམ་ཞིག་ལངས་བཞིན་ཚུར་ཡོང་བ་མཐོང།  ཡ་འགྲིག་མ་སོང་། ཡང་ཁོས་ཅི་ཞིག་བཤད་ཡོང་སྙམ་ནས་ཅུང་དོགས་མི་བདེ་བར་གྱུར། ཧ་ཧ་ཧ་་་་་་་བསོད་ནམས་འགྲམ་དུ་སླེབས་པ་དང་དེ་ལྟར་གད་མོ་ཞིག་བགད་ནས།  ཡ་ཡང་ག་བར་འགྲོ་བཞིན་ཡོད་། མི་ཧྲེང་ཧྲེང་ཟེར་བ་དེ་ཚོར་སྡོད་ཚུགས་ཤིག་མི་འདུག་་་་ཧ་ཧ་ཧ།   འོ་ཙི་མིན་མིན་་་་་་ང་དེ་རིང་འདིར་སྔོ་ཚལ་ཞིག་ཉོ་རུ་འོང་བ་ཡིན།   སྔོ་ཚལ་ཞིག་ཉོ་བར་ཡང་ས་ཆ་འདི་འདྲ་ཐག་རིང་པོར་ཨེ།   ངོ་མ་བསོད་ནམས་ལ་དེ་ལྟར་མགོ་སྐོར་ཞིག་ག་ལ་གཏོང་ཐུབ།  ཧ་ཧ་ཧ་་་ཁོ་རང་ལའང་ཅི་བཤད་འདི་བཤད་མེད་པར་གད་མོ་བགད།  དེ་ནས་ཁོ་གཉིས་འཁྲིས་ཀྱི་ཇ་ཁང་དེར་སོང་ནས་ཇ་གང་རེ་འཐུང་བཞིན་ཁ་བརྡ་བྱས། བསོད་ནམས་ཀྱིས་བཤད་ན་མདང་དགོང་ཁོའི་ཁྱིམ་མཚེས་བཀྲ་དགའི་ནང་རྙོག་དྲ་ཞིག་བྱུང་བས་དེ་རིང་ཁོ་ཆེད་དུ་འདིར་དོན་དག་ཞིག་རྩད་གཅོད་བྱེད་དུ་ཡོང་བ་ཡིན་ཟེར། ཨ་ལེ། རྙོག་དྲ་ག་རེ་བྱུང་བ་རེད། ཁོས་དེ་ལྟར་དྲིས།      ཁ་སང་བཀྲ་དགས་དམག་སྒར་ནས་ཉིན་ཉི་ཤུ་ལྷག་གི་གུང་སེང་ཞུས་ནས་ནང་དུ་འབྱོར་སྐབས་ཕལ་ཆེར་ནམ་གུང་ཞིག་ཡིན་ས་རེད། ཁོས་སྒོ་རྡུང་ནས་སྐད་ཇི་ལྟར་བཏང་ཡང་བཟའ་ཟླས་སྒོ་ཕྱེ་མི་འདུག  དེ་ནས་ཁོས་ཀྱང་ཅི་ཡིན་སྙམ་ནས་སྒོ་གཏོར་ནས་ནང་དུ་འཛུལ་སྐབས་ནང་དུ་མི་གཞན་ཞིག་འདུག་ཟེར།   འོ་ཙི་མི་དེ་སུ་རེད་་་་་་ཁོ་ཅུང་རྔམ་བཞིན་དེ་ལྟར་དྲིས།  བསོད་ནམས་ཀྱིས་མུ་མཐུད་དེ། མི་དེ་འཇུ་ཐུབ་མི་འདུག ཁོ་ནང་དུ་འཛུལ་མ་ཐག་མི་དེས་མགོ་ལ་སྟོད་ཐུང་བཀབ་ནས་བྲོས་ཕྱིན་འདུག་ཅེས་བཤད།  དེ་ནས་་་་་།  དེ་ནས་བཟའ་ཚང་གཉིས་ཀྱིས་མཚན་གང་ལ་རྒྱག་རེས་རྒྱབ་ཡོད་ས་རེད། ད་ནངས་ཞོགས་པ་བཀྲ་དགའ་ཅུང་གཉིད་ལ་ཤོར་བའི་སྐབས་དང་བསྟུན་ནས་འདྲེ་མོ་དེས་བུ་མོ་ཁྲིད་ནས་བྲོས་ཕྱིན་འདུག  
   འ་ཙི་དཔེ་བསག་འདུག་་་་དེ་ནས། རྒན་ཐར་མགོན་ལྷག་ཏུ་འཚབ་ལངས།     བྱས་ཙང་བུད་མེད་ཟེར་བ་དེ་འདྲ་རེད།  རྗེས་མ་གཟབ་གཟབ་བྱོས་མ་གཏོགས།
ཧིན་་་་་ཁོས་ལན་མ་བཏབ།  བསོད་ནམས་ཀྱིས་མུ་མཐུད། གོ་ཐོས་ལ་ཁོ་གཉིས་ཀྱི་བུ་མོ་ཆུང་བ་དེའི་ཕ་ཁྲོམ་གཞུང་འདིིའི་རྒྱུད་ལ་སྡོད་མཁན་གྱི་རྒྱ་གར་བ་ཞིག་རེད་ཟེར།  ཨ་་་་་རྒྱ་གར་བ་་་་་་ཡིན་རྒྱུ་མ་རེད། རྒན་ཐར་མགོན་ཅུང་ཡིད་མ་ཆེས་པ་འདྲ།    ཡང་བསོད་ནམས་ཀྱིས། ག་རེ་ཡིན་རྒྱུ་མ་རེད། ཁྱོད་ཀྱིས་བུ་མོ་དེའི་གདོང་མཐོང་མ་བྱུང་ངམ། རྒྱ་གར་བ་གཅིག་པ་གཅིག་རྐྱང་།  བོད་པའི་བཟོ་ལྟ་ཏིལ་འབྲུ་ཙམ་ཡང་མི་འདུག  ད་དུང་ཁོ་གཉིས་སྔོན་ཆད་ས་འདིའི་རྒྱུད་ནས་ཡང་ཡང་འབྲེལ་འདྲིས་བྱེད་པ་མི་མང་པོ་ཞིག་གིས་མཐོང་འདུག     ཨ་ལེ།  རྒན་ཐར་མགོན་ད་གཟོད་ཅུང་ཡིད་ཆེས་པ་འདྲ།  འོ་ན་མདང་གི་མི་དེ་དེ་རེད་དམ།     མ་རེད།  མདང་གི་མི་དེ་བོད་པ་ཞིག་རེད་འདུག      ཨ་ལེ་་་་།   རེ་ཞིག་ཁོ་གཉིས་ཀྱི་ཁ་བརྡའི་མཚམས་ཆད་ནས་ཁུ་སིམ་མེར་གནས།
  ཁྱོད་ཀྱི་སྲིང་མོ་གཡུ་སྒྲོན་བཟའ་ཚང་གཉིས་དེང་སང་གང་འདྲ་འདུག་གམ། ཁོས་གློ་བུར་དུ་དེ་ལྟར་དྲིས།    ག་རེ། ཁོ་གཉིས་སྔོན་མ་ནས་ཁ་ཁ་སོང་ཚར་བ་མ་ཤེས་སམ།     དེ་ད་ལོས་ཤེས།  ཁོ་གཉིས་ཡང་བསྐྱར་འགྲིག་རྒྱུའི་རེ་བ་འདྲ་མི་འདུག་གམ། གལ་སྲིད་མ་འགྲིག་ན་བྱིས་པ་ཆུང་ཆུང་དེ་གཉིས་སྙིང་རྗེ་ཨང་།    ཧིན་་་་་་བསོད་ནམས་ཅུང་ཁྲོས་ཏེ། ལྟས་ངན་དེས་བྱིས་པ་གཉིས་ད་བརྗེད་ཚར་ཡོད་རྒྱུ་རེད། མགོ་སེར་ཨ་མ་དེའི་རྐུབ་དེད་ནས་ད་ལྟ་གཅིག་བྱས་ན་ཕྱི་རྒྱལ་ཞིག་ལ་ཕྱིན་ཚར་ཡོད་འགྲོ   ཡ་་་་་ད་དེའི་སྐོར་བཤད་ནས་གང་ཡོང་། དེ་ལས་ངས་ཁྱོད་ལ་དོན་གཞན་ཞིག་བཤད་ཡ། དོན་དག་ཅི་ཞིག  བསོད་ནམས་ཀྱིས་རྐུབ་སྟེགས་དེ་ཚུར་འཐེན་ཙམ་བྱས་ནས་འདི་ལྟར།  ཁ་སྔོན་ཞིག་ལ་ངས་བལ་ཡུལ་ནས་ཡིན་པའི་ཆོས་འཛོམས་ཟེར་བའི་བུད་མེད་ཅིག་ངོ་ཤེས་བྱུང་།  མོས་བལ་ཡུལ་ནས་ཚོང་ཟོག་ཙག་ཙིག་ལྡི་ལིར་ཁྱེར་ཏེ་སྡེབ་ཚོང་དེ་འདྲ་རྒྱག་གིན་འདུག  ཕར་བལྟས་ཚོད་ལ་ཡག་མདོག་ཁ་བོ། ལོ་ཕལ་ཆེར་སུམ་ཅུ་སོ་ལྔ་སོ་དྲུག་ཙམ་དང་་་་་་རྣམ་པའང་འགྲིག་ཙམ       ཨ་ཙི་ད་གཡུག་ཞོག་གཡུག་ཞོག་་་་སོ་སོར་སྐྱེ་དམན་ཡོད་གིན་ཡོད་གིན་ལ་་་་་་།  རྒན་ཐར་མགོན་ ཅུང་ཡིད་མ་རང་བ་འདྲ།  བསོད་ནམས་ཀྱིས་ལམ་སང་། མིན་མིན་་་་་གྲོགས་པོ།  ངས་ཁྱོད་ལ་ཟེར་བ་ཡིན་དྰ་དཀོན་ཅོག་གསུམ།  ཁོ་མོར་ཁྱོད་ངོ་སྤྲོད་ཅིག་བྱས་ནས་ཚོད་ལྟ་བྱས་པ་ཡིན་ཏེ།  ཨེ་་་་ཕལ་ཆེར་ཁ་ཉན་མདོག་ཁ་བོ་འདུག་དཱ། ཡ་དྲང་མོར་ཤོད། དགོས་ན་ངས་བར་བ་བྱས་ཆོག  འདི་ངོ་མ་ཡིན་ད་ཟེར་བཞིན་རྒན་ཐར་མགོན་གྱི་གདོང་ལ་བལྟས།  ཨ་་་འུན་་་་་དེ་་་་། ཁོས་གློ་བུར་དུ་ཅི་ཞིག་བཤད་དགོས་ཀྱང་མ་ཤེས་པར་ཁ་ཤ་འགུལ་ཙམ་འགུལ་ཙམ་བྱས་རྗེས།  ཧིན་ཧིན་ཧིན་་་་་ཞེས་གད་མོ་ཞིག་བགད་བྱུང་།
        གསུམ།
  རྒན་ཐར་མགོན་ཁོ་ཆུང་དུས་ཕ་མ་གཉིས་སྔ་རྗེས་སུ་ཚེ་ལས་འདས་པའི་ལོ་དེ་དག་ནི་བོད་ཀྱི་ལས་དབང་གི་དཀྱོག་མཚམས་ཆེན་པོ་ཞིག་སྟེ། རྒྱ་ནག་གི་དཔུང་ཆེན་བོད་ལ་སླེབས་ནས་བོད་ཀྱི་སྣོད་བཅུད་ཐམས་ཅད་ལ་ཆག་འཇིག་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་བྱུང་བའི་སྐབས་དེ་དང་འཁེལ་བས་ཁོ་རང་ཡང་ཕུ་བོ་དང་ལྷན་དུ་གང་སར་བྲོས་བྱོལ་གྱིས་མཐར་ཆུ་སྒང་དམག་ཁོངས་སུ་ཞུགས་ཤིང་དགྲ་བོ་དང་འཐབ་ཞོར་འགྲོ་ཞོར་ངང་བཙན་བྱོལ་དུ་འབྱོར། ལམ་བར་གཡུལ་འཐབ་ཞིག་གི་ཁྲོད་ཕུ་བོའང་ཚེ་ལས་འདས་པས།  དེ་ནས་བཟུང་འཇིག་རྟེན་འདིར་ཁོ་ལ་ཕ་མ་སྤུན་མཆེད་དང་དགའ་ཉེ་གྲོགས་བཟང་ཟེར་ནས་མཛུབ་མོ་འཛུགས་ས་ཞིག་ཧ་ལམ་མེད་མོད། ལོ་འགའི་སྔོན་དམག་ཁོངས་ནས་བུད་དེ་ས་འདིར་སླེབས་པ་ནས་བཟུང་རང་ལ་འབྲེལ་འདྲིས་ཟབ་པའི་གྲོགས་པོ་ཞིག་ཡོད་པ་ནི་བསོད་ནམས་གཅིག་པུ་ཡིན།  ཉེ་ཆར་བསོད་ནམས་ཀྱིས་བར་བ་བྱས་ནས་བསྒྲུབས་པའི་དོན་བཟང་དེས་ཁོའི་མི་ཚེའི་ནང་སྔར་མེད་པའི་རེ་བ་གསར་བ་ཞིག་གིས་ཁེངས་འདུག
  ཆོས་འཛོམས་ནི་ཕར་བལྟས་ཚོད་ལ་ཤ་ཁ་དེ་ཙམ་དཀར་རྒྱུ་མེད་ཀྱང་སྐྱེས་གཟུགས་དྲང་ཞིང་མིག་དཀྱུས་རིང་བ།  རྣམ་རིག་བཀྲ་ཞིང་སྨྲ་བརྗོད་དག་པ།  རྒྱ་གར་དང་ནེ་པ་ལའི་སྐད་གང་ལའང་ཐོགས་པ་མེད་པ་ཞིག་འདུག    ཁོ་མོའི་མིག་གིས་ལྟ་སྟངས་དང་སྐད་ཆ་བཤད་སྟངས།  རྣམ་འགྱུར་སྟོན་སྟངས་སོགས་ལུས་ངག་གི་རྣམ་འགྱུར་རེ་རེས་ཀྱང་རྒན་ཐར་མགོན་གྱི་ཡིད་སེམས་གཏིང་ནས་འཕྲོག་ཟིན་འདུག
   ཆོས་འཛོམས་ལགས་་་་་་ངའི་སྙིང་སྡུག   རྒན་ཐར་མགོན་གྱིས་ཆོས་འཛོམས་དང་ལྷན་དུ་བླངས་པའི་འདྲ་པར་དེ་ལག་ཏུ་བཟུང་ནས་ཉིན་མོའི་བསམ་གཞིགས་དང་མཚན་མོའི་རྨི་ལམ་ཁྲོད་དུའང་བདེ་སྐྱིད་དང་འཛུམ་མདངས་མོད་པའི་མ་འོངས་འཚོ་བའི་ཡུལ་ལྗོངས་གང་ཞིག་འགྲིམས་པ་ལན་ཅིག་མིན།  ཁོས་རང་གི་མི་ཚེའི་འདུན་མ་འདི་ལྟར་ཆོས་འཛོམས་ལ་བཅོལ་ནས་ཟླ་བ་ཁ་ཤས་ལས་མ་འདས་མོད།  དུས་ཡུན་དེའི་རིང་ཆོས་འཛོམས་ཚོང་ཟོག་ཙག་ཙིག་ཆེད་བལ་ཡུལ་དང་ལྡི་ལིར་ཐེངས་དུ་མར་བསྐྱོད་པའི་ཉིན་དེ་དག་ནི་ཁོ་རང་ལ་མཚོན་ན་སུན་སྣང་དང་ཁེར་རྐྱང་།  དྲན་གདུང་བཅས་ཀྱིས་མནར་བའི་ཆེས་འཁྱོལ་དཀའ་བའི་ཉིན་མོ་དག་རེད། དེ་རིང་ཆོས་འཛོམས་བལ་ཡུལ་ནས་སླར་འཁོར་བས་ཁོའི་གདོང་ལའང་སྔར་མེད་པའི་འཛུམ་མདངས་ཤིག་གིས་ཁེངས་འདུག  
     གཟིགས་དང་སྐུ་ངོ་། དབང་མོས་དེ་ལྟར་མིག་བརྡ་ཞིག་བྱས་པ་ན། སྐུ་ངོས་ཀྱང་ལག་གི་ཇ་དེ་མར་བཞག་ཅིང་། ངོ་མ་དེང་སང་ཐར་མགོན་ལགས་སྣང་བ་སྐྱིད་མདོག་ཁ་བོ་ཞིག་ཆགས་འདུག་གཱ   ཚང་མས་རྒན་ཐར་མགོན་གྱི་ཕྱོགས་སུ་བལྟས་པས་ཁོའི་གདོང་ཡོངས་དམར་ནག་ཏུ་གྱུར་སོང་།  
ཕྱི་དྲོ་ལས་ཁུངས་གྲོལ་མ་ཐག་ཁོ་ཐད་ཀར་ནང་དུ་ལོག་ཅིང་ནང་གི་ཅ་ལག་རྣམས་ཡར་འཇོག་མར་བསྣུར་གྱིས་གཙང་མ་བཟོས། ཁང་མིག་ཆུང་ཆུང་འདིའི་ནང་གཙང་མ་བཟོ་བར་སྐར་མ་ཁ་ཤས་ལས་འགོར་མ་སོང་། ཁོ་མར་བསྡད་དེ་ཇ་གང་འཐུང་ཞོར་སླར་ཡང་ནང་ཡོངས་ལ་ཞིབ་ལྟ་ཞིག་བྱས། གསར་དུ་ཉོས་པའི་བརྙན་འཕྲིན་ཆུང་ཆུང་དེ་དང་མདུན་ཅོག་ཅིག་དང་རྐུབ་སྟེགས་གཉིས།  ད་དུང་སྣོད་ཆས་འགའ་བཅས་ཀྱིས་རང་ལ་ཡིད་ཚིམས་པའི་སྣང་བ་ཞིག་ངང་གིས་བྱིན།     ག་རེ་དོ་དགོང་་་་་་ཁོས་དེ་ལྟར་ཁོག་རྩིས་ཤིག་བྱས་རྗེས་ཆུ་ཚོད་ལ་ལྟ་ཙམ་བྱས་ཏེ་ཁྲོམ་གཞུང་གི་བདེ་སྐྱིད་ཟ་ཁང་དུ་ཐུག་རྒྱུའི་དུས་ཆད་བྱས་ཡོད་པ་ཡིད་ལ་དྲན།
བདེ་སྐྱིད་ཟ་ཁང་ཞེས་པ་ལྷ་མཚོའི་ཚོང་ཁང་ཆུང་ཆུང་དེ་ནས་ལེ་བར་ཕྱེད་ཙམ་གྱི་རྒྱང་གིས་ཆོད་པའི་སར་ཡོད།  ལྷ་མཚོས་སྒོ་འགྲམ་ན་ལྟ་བཞིན་ཡོད་པ་མཐོང་ནས། འ་ཙི་་་་ཡང་མོས་མཐོང་སོང་། ཁོས་སུན་སྣང་ཞིག་དང་མཉམ་དུ་དེ་ལྟར་ཆིག་ལབ་ཅིག་ཤོར།   རྒན་་་ཐར་་་་མགོན་་་་་ལགས་་་་། ག་བར་་་་ཕེབས་་་་ཀྱི་་་་ཡོད།  ལྷ་མཚོས་རྩེད་མཚར་དང་བཅས་ གདངས་རིང་པོ་ཞིག་འཐེན་བཞིན་དེ་ལྟར་དྲིས།     ཁོས་ཨོ་ང་ང་་་་་་ང་འདིར་ལས་ཀ་ཞིག་ཡོད་ཅེས་འཚབ་འཚུབ་ངང་ལན་ཞིག་བཏབ་རྗེས་ཤར་རེར་ཕྱིན།  
   བདེ་སྐྱིད་ཟ་ཁང་གི་སྒོ་འགྲམ་དུ་སླེབས་སྐབས་ཆོས་འཛོམས་ཀྱང་སྔ་ས་ནས་འབྱོར་འདུག་ལ་ད་དུང་མོ་དང་ལྷན་དུ་གཟུགས་སྟོབས་ཆེ་ཞིང་སྐྲ་སུ་ལུ་ཅན་གྱི་སྐྱེས་པ་ཞིག་ཀྱང་འདུག   མོས་རྒན་ཐར་མགོན་འོང་བ་མཐོང་འཕྲལ་ལམ་སང་མི་དེ་དང་གྱེས་ནས་ཚུར་ཡོང་།
  ཟ་མ་ཟོས་ནས་སྒོ་ཕྱིར་ཐོན་སྐབས་མེ་ལྟར་འབར་བའི་ཉི་མའི་ཚ་གདུག་དེའང་ཅུང་ཞི་ནས་ལྷགས་རླུང་བསིལ་བུ་ཞིག་དལ་གྱིས་ལྡང་ཞིང་ལམ་འགྲམ་གཡས་གཡོན་གྱི་ལྗོན་ཤིང་རྣམས་ཀྱང་དལ་གྱིས་ཕར་གཡོ་ཚུར་གཡོ་བྱེད།  ཁོ་གཉིས་ཀྱི་དལ་བ་དལ་བུའི་གོམ་ཁ་ལམ་འགྲམ་གྱི་སྐྱེད་ཚལ་དེའི་ཕྱོགས་སུ་བསྒྱུར་བ་ན། གཞུང་ལམ་དེའི་ཟུར་ཞིག་ན་བུད་མེད་ཅིག་གིས་སྐེ་དཀྱོགས་ཏེ་ཁོ་གཉིས་ཀྱི་རྒྱབ་གཟུགས་ལ་མིག་རྒྱང་གི་སྐྱེལ་མ་བྱེད་བཞིན་མཆིས།  
       རྒྱབ་ཕྱོགས་རི་རྩེར་བབས་པའི་ནུབ་ཁའི་ཉི་རྒས་དེ་འདར་སིག་སིག་མར་ལྷུང་ལ་ཉེ་ཞིང་ཁྲོམ་གཞུང་ཀུན་ཏུ་གྲོག་ཚང་རྡོལ་བ་ལྟ་བུའི་མི་ཚོགས་ཀྱི་འདུ་འགོད་སྔར་བས་ཀྱང་འཁྲུག་ཆ་དོད་དུ་ཕྱིན་འདུག  རྒན་ཐར་མགོན་དང་ཆོས་འཛོམས་གཉིས་ཀྱིས་ཅི་ཞིག་ཐག་མ་ཆོད་པ་ཡིན་ནམ།  སྤང་ཁུག་དེ་ན་ད་དུང་ཡང་ལྷོད་ལྷོད་ངང་བསྡད་ཡོད་པའི་ཚུལ་ལ་བལྟས་ན་སྔོན་ཆད་འདི་ནས་བཤད་མ་ཚར་བའི་སྙིང་གཏམ་གྱི་མཇུག་སྐྱོང་བ་མིན་ནམ་སྙམ།  རྒན་ཐར་མགོན་གྱིས་རྒྱབ་ཁུག་དེ་ལས་ཅི་ཞིག་བཏོན་རྗེས་ཆོས་འཛོམས་ལ་བལྟས་ཏེ།  ངས་ཁྱོད་ལ་རྔན་པ་ཞིག་ཉོས་ཡོད་ཅེས་བཤད།  རྔན་པ་ག་རེ་རེད་་་་་སྟོན་དང་།  མོས་ལག་པ་ཚུར་བསྲིངས།   སྔོན་ལ་ཁྱོད་ཀྱིས་མིག་ཚུམས།  ཡ་ཡ་་་་ཡོང་ང་།  མོས་མིག་བཙུམ་པ་ན་ཁོས་རང་གིས་ཆེད་མངགས་རྡུང་བཅུག་པའི་གསེར་གྱི་མཛུབ་དཀྲིས་དེ་ཁོ་མོའི་སྲིན་མཛུབ་སྟེང་བསྐོན་ནས།  ལྟོས་དང་། གང་འདྲ་འདུག་ཅེས་དྲིས།  ཆོས་འཛོམས་ཀྱིས་ལག་པ་ཕར་བསྐོར་ཚུར་བསྐོར་བྱས་ནས་ཡུད་ཙམ་བལྟས་རྗེས་ག་ལེར་ཁོའི་ཕྲག་ཀོང་དུ་མགོ་བསྙེས་ཏེ་སྐད་གདངས་གཉོམ་པོས། དཔེ་སྙིང་རྗེ་མོ་འདུག  ཐུགས་རྗེ་ཆེ་ཞེས་བཤད།  ཡུད་ཙམ་རིང་ཁོར་ཡུག་འདི་དལ་ཅག་གེར་གྱུར།
  ཆོས་འཛོམས། ཁྱོད་ཀྱིས་སྐད་ཆ་བཤད་སའི་མི་དེ་སུ་རེད་དམ།     མི་སུ།  ད་གིན་ཟ་ཁང་སྒོ་འགྲམ་དུ་ཁྱོད་ཀྱིས་སྐད་ཆ་བཤད་སའི་མི་སྐྲ་སུ་ལུ་ཅན་དེ།  ག་རེ་་་་་ཁྱོད་མིག་ཚ་སོང་ངམ།    མ་རེད།  མི་དེ་ཕར་བལྟས་ཚོད་ལ་ཡག་པོ་ཞིག་གི་བཟོ་ལྟ་ཁྱོན་ནས་མི་འདུག   མ་རེད། ཁོ་མི་ཡག་པོ་ཞིག་རེད། དེ་ནས་ཆོས་འཛོམས་ཀྱིས་མི་དེ་ཡག་རབས་དང་།  ད་དུང་མི་དེའི་ས་ནས་རང་གིས་དངུལ་མང་པོ་བསྐྱིས་ཡོད་རབས།  ཉེ་ཆར་མི་དེས་བལ་ཡུལ་ནས་ཚོང་ཟོག་སྐོར་ཞིག་དབོར་འདྲེན་བྱེད་སྐབས་ས་མཚམས་ཉེན་རྟོག་པས་ཚོང་ཟོག་གཅིག་ཀྱང་མ་ལུས་པ་འཕྲོག་ཚུལ་སོགས་མང་པོ་ཞིག་བཤད་ཞོར་ཁོས་ཅི་ཟེར་ལ་བལྟས།  ཁོས་དངན་པ་ཞིག་འཐེན་ནས་ཨ་ལེ་ཟེར་བ་ཙམ་ལས་ལན་ཅི་ཡང་མ་བཏབ།  ཚུལ་དེ་མཐོང་བས་མོ་ཅུང་ཡིད་མ་རང་བ་འདྲ།  སང་ཉིན་གནངས་ཉིན་ཞིག་ལ་ང་སླར་ཡང་བལ་ཡུལ་ལ་ལོག་འགྲོ་གི་ཡིན།  ཨ་་་་མོའི་སྐད་ཆ་དེས་ཁོ་གློ་བུར་ངང་འདྲོག་ཏུ་བཅུག   ཁྱོད་ཁ་སང་བལ་ཡུལ་ནས་སླེབས་ཚར་ཙམ་རེད།  ཡང་ཅི་བྱེད་དུ་འགྲོའམ།    མོས་ཅི་མི་སྙམ་པར། ད་ཆ་ཁོ་དཀའ་ངལ་ཆེན་པོ་འཕྲད་འདུག  ང་ཕྱིན་ནས་ཁོའི་དངུལ་དེ་ཚོ་སྐྱིན་པ་སྤྲོད་དགོས་ཡོད།    དངུལ་ཅི་ཙམ་བསྐྱིས་ཡོད།  ཁོས་བསམ་བློ་ཞིག་བཏང་རྗེས་དེ་ལྟར་དྲིས།    སྟོང་ཕྲག་ཉི་ཤུ   ཁོས་སླར་ཡང་བསམ་བློ་ཞིག་བཏང་།   ཆོས་འཛོམས། ད་ཁྱོད་མ་འགྲོ  ངས་སང་ཉིན་དངུལ་བཏོན་ནས་ཁྱོད་ལ་སྤྲད་ཆོག    ངོ་མ་ཨེ་་་་་་ཁྱོད་ལ་དངུལ་བཏོན་ཆོག་ཆོག་ཡོད་དམ།   མོའི་གདོང་ལ་འཛུམ་མདངས་ཤིག་ངང་གིས་འཁྱིལ་བྱུང་།   ཡོད་ཡོད་་་་་་་སེམས་ཁྲལ་མ་བྱེད།
           བཞི།
འཇིག་རྟེན་ན་ཆུ་འཚོག་པའི་སྣོད་ཡོད་ཀྱང་གཏམ་འཚོག་པའི་སྣོད་མེད་ཅེས་པ་ཅི་མ་བདེན་ཨང་།  ཉིན་བཅུ་གྲངས་ཤིག་ལས་མ་ཕྱིན་པར་གནས་ཚུལ་དེ་མི་ཚང་མས་ཤེས་ཟིན་འདུག  དབང་མོས་ཁོའི་ཚུགས་ཀར་ལྟ་བཞིན་འཛུམ་དམུལ་དམུལ་ངང་ལྐོག་ཏུ་སྐུ་ངོར་མིག་བརྡ་ཞིག་བྱེད་པ་མཐོང་བས།  ཁོ་སེམས་སྐྱིད་པོ་མེད་ཁར་ངོ་ཚ་ནས་ལག་གི་ཇ་དམ་དེའང་མར་ལྷུང་ལ་ཁད་ཅིག་བྱས།  གཞན་གྱི་མཐོང་སར་ཁོས་བློ་རིག་བསྒྲིམས་ནས་ཅི་ལྟར་གཟབ་ཀྱང་ཅང་མ་འགོར་བར་ཡང་རང་དབང་མེད་པར་འཆོལ་ནས་རང་ཚུགས་ཤོར་འགྲོ
  ཤུ་་་་་་ཁོས་ཉེ་ཆར་བྱུང་བའི་ཡིད་སྐྱོ་བའི་གནས་ཚུལ་དག་ཕྱིར་དྲན་བྱེད་བཞིན་ཉལ་སའི་ནང་ཁ་ལོ་ཞིག་འཁོར།  གལ་སྲིད་ཉིན་དེར་སྒོར་མོ་དེ་ཚོ་བཏོན་ནས་སྤྲད་མེད་ན་་་་།  གང་ལྟར་ཁོས་དངུལ་ཁང་ལས་སྒོར་ཁྲི་གཉིས་བཏོན་ནས་ཆོས་འཛོམས་ཀྱི་ལག་ཏུ་བཞག་པ་དེ་ནི་ཁོ་གཉིས་ཀྱི་འགྲོག་འདྲིས་ཀྱི་སྣེ་མོར་བཞི་ཤད་ཅིག་འཐེན་པ་དང་འདྲ།  དགོང་མོ་དེར་ད་དུང་ཁོས་རང་གི་ནང་དུ་ཟ་མ་བཟོ་བཞིན་མོ་ཡོང་རྒྱུར་བསྒུགས་མོད།  ཆུ་ཚོད་དྲུག་པ་ནས་བདུན་པ།  བརྒྱད་པ་བར་བསྒུགས་ཀྱང་།   སང་ཉིན་ཞོགས་པར་བསང་གསོལ་ཡོད་ཅེས་ལན་སྐྱེལ་མཁན་དེ་མ་གཏོགས་སྒོའི་ཐེམ་པ་བགམ་ནས་ཡོང་མཁན་ཞིག་གང་ན་ཡོད།   མཐར་ཁོ་ཡང་བློ་མ་བདེ་བར་གང་སར་འཚོལ་དུ་ཕྱིན་མོད་གྲིབ་ནག་ཙམ་ཡང་མཐོང་རྒྱུ་མེད་པར་གྱུར།  ཕྱིས་སུ་གོ་ཐོས་ལྟར་ན་མོ་སྐྲ་སུ་ལུ་ཅན་གྱི་མི་ཞིག་དང་མཉམ་དུ་ལྡི་ལི་བརྒྱུད་བལ་ཡུལ་དུ་ཆས་སོང་སྐད།  དེ་ནས་བཟུང་སྐད་ཆ་ཙམ་ཡང་གོ་རྒྱུ་མེད་པར་གྱུར།   ཤུ་་་་་་་ཁོ་སླར་ཡང་ཉལ་སའི་ནང་ཨ་ལོག་ཞིག་བརྒྱབ།  འདྲེ་མོ། འདྲེ་མོ་དེས་ཁོའི་བདེ་སྐྱིད་དང་རེ་བ་དག་དང་ལྷན་ཅིག་གཉིད་ཞིམ་པོ་དེའང་ཁྱེར་ཟིན་པ་འདྲ།  གང་ལྟར་དེ་ནས་བཟུང་མོ་གཏན་དུ་མཐོང་རྒྱུ་མེད་པར་གྱུར་བས་ཁོས་འཁྱོལ་དཀའ་བའི་མཚན་མོ་རེ་རེ་འདི་ལྟར་ཤུགས་རིང་དང་ཨུ་ཚུགས་ཁོ་ནས་སྐྱེལ་དགོས་བྱུང་མོད།  ཡིན་ནའང་གནའ་མིའི་ཁ་དཔེར།  སྐྱིད་ལ་སུན་རྒྱུ་དང་སྡུག་ལ་གོམས་རྒྱུ་ཡོད་ཅེས་པ་ལྟར་ཟླ་འགའི་དུས་ཡུན་དལ་གྱིས་འདས་པ་དང་བསྟུན་ནས་ཁོའི་བྱང་ཁོག་ན་དྲག་ཏུ་འཁྲིགས་པའི་སྡུག་བསྔལ་གྱི་ན་བུན་སྟུག་པོ་དེ་རིམ་གྱིས་ཞི་བ་དང་ཤིན་ཏུ་ཉམ་ང་བར་གྱུར་པའི་གདོང་མདོག་སྐྱ་བོ་དེའང་ཡུན་གྱིས་ཐད་སོར་བབས་སོང་།
  སྤྱིར་བཏང་བཤད་ན་རྒན་ཐར་མགོན་ལ་ཁག་ཀྱང་མེད་དེ།  ཆོས་འཛོམས་ནི་ཁོས་རང་གི་མི་ཚེའི་འདུན་མ་བཅོལ་སའི་དགའ་རོགས་ཐོག་མ་ཡིན་ཞིང་།  བུད་མེད་ལ་རྒྱུས་མྱོང་ཞན་པའི་དབང་གིས་ཐེངས་གཅིག་ཁོ་མོའི་བསླུ་བྲིད་འོག་ཚུད་པ་རེད།  ད་ཐེངས་རྒན་ཐར་མགོན་ལ་བསླབ་བྱ་ཡག་པོ་ཞིག་ཐོབ་ཡོད་པས་རྗེས་སུ་ཁོ་སླར་ཡང་འདི་འདྲའི་མགོ་སྐོར་འོག་ཚུད་མི་སྲིད།
   ཉི་མ་དམར་ལམ་ལམ་ནུབ་རིའི་རྩེ་མོར་སྙེག་བཞིན་འདུག  དེ་རིང་ཡང་ཁོས་སྔོན་ཆད་དང་འདྲ་བར་རྐང་འཁོར་ཤར་གྱིས་གཏོང་བཞིན་ཁྲོམ་གཞུང་འཕྲེད་ཀྱིས་གཤགས།  ཤར་སྣེའི་སུམ་མདོ་དེར་སླེབས་མཚམས་ཡང་ཁ་གཡོན་ཕྱོགས་སུ་བསྒྱུར་ནས་ཡུན་རིང་མ་སླེབས་པའི་གནས་དེར་སྙེགས་སོང་།
              ལྔ།
    རྒན་ཐར་མགོན་གྱིས་ལག་ཏུ་ཤོག་སྒམ་ཆེན་པོ་ཞིག་བསྐྱོར་ནས་སྔོན་དུ་འགྲོ་ཞིང་ལྷ་མཚོས་ཅ་ལག་ཙག་ཙིག་འགའ་ཁྱེར་ནས་ཁོའི་རྗེས་སུ་ཡོང་བཞིན་འདུག  དེ་རིང་ཁྱོད་དང་ཐུག་པ་སྟབས་ཡག་བྱུང།  དེ་མིན་ངས་འདི་ཚང་མ་འཁྱེར་ཐུབ་ས་མ་རེད།  ལྷ་མཚོས་དེ་ལྟར་བཤད་རྗེས་ཁོས་ཅི་ཟེར་ལ་ཉན།  ཁོས་ཁ་ཅི་ཡང་མ་གྲག་པར་མུ་མཐུད་མདུན་དུ་བསྐྱོད།   ཡུད་ཙམ་ཕྱིན་རྗེས་ཡང་ལྷ་མཚོས།  ད་ངེད་གཉིས་སླེབས་གྲབས་འདུག  ཕ་གི་ངའི་ནང་རེད་ཅེས་མདུན་གྱི་ཁང་མིག་ཅིག་བསྟན།  ཁོས་མགོ་བཀྱག་ནས་ལྟ་ཙམ་བྱེད་པ་ལས་མུ་མཐུད་ཁ་ཅི་ཡང་མ་གྲག  ནང་དུ་བསྐྱལ་རྗེས་ཁོ་དེ་མུར་ཕྱིར་ལོག་རྩིས་བྱས་ཀྱང་ལྷ་མཚོས་ཇ་གང་འཐུང་ནས་ཕེབས་ཞེས་ཨུ་ཚུགས་བྱས་པས་མཐར་ཁོ་མར་སྡོད་དགོས་བྱུང་།  
   ལྷ་མཚོས་མྱུར་དུ་ཇ་བསྐོལ་ཅིང་ཇ་བླུགས།  རྒན་ཐར་མགོན་གྱིས་ཇ་འཐུང་བཞིན་ཁ་ཅི་ཡང་མ་གྲགས་པར་ཡུད་ཙམ་བསྡད་རྗེས་མགོ་བཀྱག་སྟེ་ནང་ཡོངས་ལ་ཞིབ་ལྟ་ཞིག་བྱས།  ནང་འདིར་ཁྱོད་གཅིག་པུ་ཡིན་ནམ་་་་་་་ད་གཟོད་ཁོས་ཁ་གྲགས་བྱུང་།   ཡིན་་་་ང་གཅིག་པུ་ཡིན། ཁོས་མུ་མཐུད་འདྲི་མ་ཕོད་པར་སླར་ཡང་མགོ་སྒུར་ནས་ཡུད་ཙམ་བསྡད།   འོ་ན་ཁྱོད་ཀྱི་ནང་མི་རྣམས།         དེ་ནས་ལྷ་མཚོས་ཀྱང་། ཨིན་་་་་་ང་ཆུང་དུས་སུ་་་་་ཞེས་ མོས་རང་ཉིད་ཀྱི་མི་ཚེའི་ནང་འཕྲད་པའི་དངོས་བྱུང་ལོ་རྒྱུས་སྐོར་ཞིག་འདི་ལྟར་གླེང་འགོ་བརྩམས།    མོས་བཤད་པ་ལྟར་ན་ཁོ་མོའི་ཕ་མ་གཉིས་ལ་བུ་མོ་གཉིས་དང་བུ་གཅིག་བཅས་གསུམ་ཡོད་པ་ལས་མོ་རང་ཆེ་ཤོས་ཡིན་འདུག་ལ།  ཆུང་དུས་ནས་ཕ་རྒན་ཚེ་ལས་འདས་ཞིང་ཨ་མ་ཡང་ནད་པ་ཞིག་ཡིན་སྟབས་མོ་རང་མུ་མཐུད་སློབ་གྲྭར་འགྲོ་མ་ཐུབ་པར་ཁྱིམ་ཚང་དེའི་འགན་ཁུར་ནས་སྡུག་དཀའ་ལས་གང་མང་ཞིག་བརྒྱབ་མྱོང་འདུག  ཉེ་བའི་ལོ་འགའི་གོང་དེར་མ་དྲིན་ཆེན་དེའང་ཚེ་ལས་འདས་རྗེས་རང་གི་ནུ་མོས་ཀྱང་སློབ་སྦྱོང་ཁོངས་མ་འཁྱོལ་བར་མོ་རང་དང་མཉམ་དུ་ཚོང་ལས་ཙག་ཙིག་གཉེར་ནས་ཡུན་རིང་མ་སོང་བར་མཐར་ཇི་ལྟར་བཤོལ་ཀྱང་བཤོལ་མ་ཐུབ་པར་རྒྱ་གར་བ་ཞིག་གི་རྗེས་ལ་ཤོར་འདུག  ན་ནིང་ལོ་སྟོད་དུ་མོའི་མིང་པོ་ཚེ་བརྟན་དམག་ཁོངས་སུ་ཞུགས་པ་ནས་བཟུང་ད་གཟོད་རང་གི་ལུས་སེམས་གཉིས་ཀྱི་དཀའ་ངལ་ཡོད་ཚད་མཇུག་འགྲིལ་ཟིན་པའི་སྣང་བ་ཞིག་བྱུང་ཟེར།      རྒན་ཐར་མགོན་གྱིས་མོས་བཤད་པར་ཉན་གྱིན་ཉན་གྱིན་རིམ་གྱིས་མོ་དང་སེམས་ཐག་ཇེ་ཉེ་ཇེ་ཉེར་གྱུར་བ་མ་ཟད་ཁོ་མོས་ཆུང་དུས་ནས་འདི་ལྟར་སྡུག་དཀའ་ལས་མྱངས་པའི་ཚུལ་ལ་སེམས་གཏིང་ནས་སྙིང་རྗེ་བཟོད་དཀའ་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས།      
   སྤྱིར་ཁོས་ལྷ་མཚོ་ངོ་ཤེས་ནས་ལོ་གཉིས་ལྷག་འགྲོ་བཞིན་ཡོད་ནའང་།  མོ་རང་དང་འབྲེལ་བའི་གནས་ཚུལ་གཞན་གང་ལའང་ད་བར་དོ་སྣང་ཙམ་ཡང་བྱེད་མྱོང་མེད།  ཡིན་ནའང་རྒྱུ་རྐྱེན་གང་ཞིག་གིས་ཡིན་པ་མི་ཤེས་མོད། ལྷ་མཚོས་རང་གི་གནས་ཚུལ་མང་པོ་ཞིག་ལ་དོ་སྣང་དང་སེམས་ཁྲེལ་ཡང་བྱེད་བཞིན་པ་ཁོ་མོའི་བྱེད་བབས་འགའ་ཞིག་ལ་གཞིགས་ན་ཤེས་ཐུབ།   དེ་རིང་ལྷ་མཚོས་རྐང་གསུམ་འཁོར་ལོ་དེའི་ནང་ནས་ཅ་ལག་རྣམས་མར་ལེན་སྐབས་ཏག་ཏག་རྒན་ཐར་མགོན་དེར་སླེབས་པ་དང་སྟབས་འཁེལ་ནས་མོ་ནང་དུ་སྐྱེལ་རྒྱུའི་གོ་སྐབས་ཐོབ་པ་བརྒྱུད་ཁོ་གཉིས་ཀྱི་འབྲེལ་བ་དེའང་རིམ་གྱིས་ཇེ་བཟང་དུ་འགྲོ་འགོ་བརྩམས།  དེ་ནས་བཟུང་གོ་སྐབས་ནམ་བྱུང་ལ་རྒན་ཐར་མགོན་ཁོ་ལྷ་མཚོའི་ནང་དུ་འགྲོ་བཞིན་ཡོད་ལ།  ལྷ་མཚོས་ཀྱང་རང་ཉིད་མགྲོན་པོ་དམིགས་བསལ་བ་ཞིག་ཏུ་བརྩི་བཞིན་ཡོད།   དེ་ལྟར་ག་ལེ་ག་ལེར་འབྲེལ་བ་དེའང་སྔར་དང་མི་འདྲ་བར་མཉམ་དུ་འཆམ་འཆམ་ལ་འགྲོ་བ་དང་མཉམ་དུ་ཟ་མ་ཟ་བ་སོགས་རིམ་གྱིས་བརྩེ་དུང་གི་མྱུ་གུ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་འབུས་བཞིན་མཆིས།   ཡིན་ནའང་འཇིག་རྟེན་ཁ་དཔེར།  སྐྱིད་མི་རྟག་ལ་ཁའི་ཉི་མ་དང་རྒྱུ་མི་རྟག་རྫ་མགོའི་ཟིལ་བ་ཟེར་བ་ལྟར་གློ་བུར་བའི་རྐྱེན་གང་ཞིག་གི་དབང་གིས་གསར་དུ་འབུས་བཞིན་པའི་བརྩེ་དུང་གི་མྱུ་གུ་དེ་སླར་ཡང་སྐམ་ཞིང་རྙིད་པར་གྱུར་བ་ནི་ཆེས་བློ་ཡུལ་ལས་འདས་པ་ཞིག་རེད་ཨང་།  
   དེ་ཡང་གཟའ་སྤེན་པའི་ཕྱི་དྲོ་ཞིག་སྟེ།  ཁོས་ལྷ་མཚོ་ཁྲིད་ནས་ཕྱི་རོལ་ཏུ་སྐྱོ་བསང་ལ་བསྐྱོད་ནས་སླར་ལོག་སྐབས་ལམ་འགྲམ་གྱི་རྐུབ་སྟེགས་ཤིག་གི་སྟེང་བསྡད་དེ་ངལ་གསོས།  སྐབས་དེར་རླངས་འཁོར་འབབ་ཚུགས་ཕྱོགས་ནས་སྐྱེས་པ་ཞིག་གིས་རྒྱབ་ཁུག་ཆེན་པོ་ཞིག་ཁུར་ནས་ཚུར་ཡོང་བཞིན་འགྲམ་དེར་སླེབས་པ་དང་ཚུར་ལྟ་ཡག་ཅིག་བྱས་ཏེ།  འོ་ཙི་་་་་ལྷ་མཚོ་མ་རེད་དམ།  བཀྲ་ཤིས་བདེ་ལེགས་ཟེར་བ་དང་།  ལྷ་མཚོས་ཀྱང་འོ་ཙི་་་་་རྡོ་རྗེ་ལགས་རེད་འདུག་ཅེས་ཕར་རྒྱུག    མི་དེས་ངའི་ཨ་ཅག་ལགས་ཀྱི་བུ་མོ་འདི་གའི་སློབ་གྲྭར་ཡོད་པ་དེ་ལ་ལྟ་རུ་འོང་བ་ཡིན།  སློབ་གྲྭ་གང་དུ་ཡོད་དམ་ཅེས་པར་།   ལྷ་མཚོས་ངས་ཁྱོད་སློབ་གྲྭ་ཡོད་སར་སྐྱེལ་ཆོག་ཟེར་ནས་རྒྱབ་ཁུག་བླངས་ཏེ་མོ་རང་གིས་ཁུར་རྗེས་རྒན་ཐར་མགོན་ལ་བལྟས་ཏེ།   ངས་ཁོང་ཡར་ཙམ་བསྐྱལ་ནས་སླེབས་ཡོང་།  ཁྱོད་ཀྱིས་འདིར་ཏོག་ཙམ་སྒུག་ཨ་ཞེས་མི་དེ་དང་མཉམ་དུ་ཕྱིན་སོང་།  རྒན་ཐར་མགོན་གྱིས་གློ་བུར་དུ་ཅི་ཞིག་བཤད་དགོས་ཀྱང་མ་ཤེས་པར་མིག་ཧྲིག་ཧྲིག་ངང་རྗེས་སུ་ལྟ་བཞིན་ཧད་དེ་ལུས།  ཁོས་འདི་ལྟར་བལྟས་ཀྱིན་ཀྱིན་བལྟས་ཀྱིན་རབ་རིབ་ཏུ་གྱུར་བའི་མིག་ལམ་ནས་ལྷ་མཚོ་དང་རྡོ་རྗེ་གཉིས་ཀྱི་གཟུགས་རིས་དེ་ཆོས་འཛོམས་དང་སྐྲ་སུ་ལུ་ཅན་དུ་གྱུར་བ་དང་།  ཡང་བལྟས་ཀྱིན་བལྟས་ཀྱིན་དེ་གཉིས་ལྷ་མཚོ་དང་རྡོ་རྗེ་གཉིས་སུ་འགྱུར་བཞིན་སྙིང་ལ་གཟན་པའི་གཟུགས་རིས་དེ་གཉིས་དལ་གྱིས་གཡོ་ཞིང་ཇེ་རིང་ཇེ་རིང་དུ་གྱུར་བ་ན།  ཁོ་གློ་བུར་དུ་དངངས་འདར་ཞིག་བྱེད་བཞིན་ཡར་ལངས།   ཡར་ལྟ་མར་ལྟ་འགའ་བྱས་རྗེས་སླར་ཡང་མར་བསྡད་དེ་བསམ་བློ་ཞིག་བཏང་།
   ཧིན་་་་བུད་མེད་འདི་ཚོ།   ཕེས་་་་   དེ་རིང་རྒན་ཐར་མགོན་དངོས་གནས་རླུང་ལངས་འདུག  ཁོ་ཧར་གྱིས་ཡར་ལངས་ཤིང་ལམ་བར་འཕྲད་པའི་མི་རྣམས་ལ་གཟུར་ཙམ་ཡང་མི་བྱེད་པར་ཤར་རེར་ཕྱིན་སོང་།
   ཕྱི་ཉིན་དེར་རྒན་ཐར་མགོན་ནང་དུ་ལོག་སྐབས་ལྷ་མཚོས་ལམ་བར་དུ་རང་ལ་སྒུག་བཞིན་ཡོད་པ་མཐོང་ནས་མིག་ལོག་གིས་ཅིག་བལྟས་ཏེ་ཁ་ཕྱིར་འཁོར་ནས་སོང་།  ཐར་མགོན་ལགས་་་་་སྒུག་དང་།  མོ་རྗེས་སུ་རྒྱུག་ཡོང་།  རྒན་ཐར་མགོན་གྱིས་ཕྱིར་བལྟས་ཙམ་ཡང་མ་བྱས་པར་ཤར་རེར་ཕྱིན།   དེ་ནས་བཟུང་ཁོས་ལྷ་མཚོ་མཐོང་སྐབས་གཡས་གཟུར་གཡོན་གཟུར་བྱས་ནས་འགྲོ་བ་ལས་ཁ་གཅིག་ཀྱང་གྲག་མ་མྱོང་ལ་ཟླ་འགའི་རྗེས་ནས་ལྷ་མཚོའང་མཐོང་རྒྱུ་མེད་པར་གྱུར་སོང་།  
  དེ་ལྟར་གསར་དུ་འབུས་མ་ཐག་པའི་བརྩེ་དུང་གི་མྱུ་གུ་དེ་ཉིད་གློ་བུར་བའི་རྐྱེན་གང་ཞིག་གི་དབང་གིས་འདི་ལྟར་སྐམ་ཞིང་རྙིད་པར་གྱུར་བ་ནས་བཟུང་རྒན་ཐར་མགོན་གྱི་ལུས་སེམས་གཉིས་ཀར་ཡང་གཟུགས་མེད་ཀྱི་གྲིབ་ནག་ཅིག་གམ་བཅོས་སུ་མི་བཏུབ་པའི་གཅོང་ནད་ཅིག་གིས་དུས་རྒྱུན་དུ་གདུང་ཞིང་མནར་བར་གྱུར།  
ཤུ་་་་་་  རྒན་གསོ་ཁང་གི་སྒོ་འགྲམ་ན་རྒྱབ་རྩིག་པར་བསྙེས་ཤིང་འདས་དོན་གྱི་ཀློང་དུ་ཚུད་པའི་རྒན་པོ་དེའི་མིག་མཐའ་རུ།  མཆི་མ་རྡོག་པོ་ཞིག་ཉི་འོད་དང་སྡོངས་ནས་འོད་ཆེམ་ཆེམ་ངང་འཚེར་བཞིན་མཆིས།
   རེད་ཡ།  རྒན་ཐར་མགོན་ཁོང་དེ་ལྟར་ལྷ་མཚོ་དང་གྱེས་ནས་ལོ་གཅིག་ལྷག་ཕྱིན་རྗེས་ཁོའི་ནད་རྙིང་དེའང་སླར་ཡང་འཕར་འདུག    ཕྱི་དྲོ་དེར་ཡང་རྐང་འཁོར་གཏོང་བཞིན་ཁྲོམ་གཞུང་ཤར་གྱིས་བཅད་ཅིང་སུམ་མདོ་དེ་ནས་ཁ་གཡོན་ཕྱོགས་སུ་བསྒྱུར་ནས་སོང་།   རྙིང་ཀོག་ཏུ་གྱུར་བའི་ཁང་བརྩེགས་ནར་མོ་དེའི་སྟེང་འོག་གི་སྒེའུ་ཁུང་རྣམས་ལས་བུད་མེད་སྐོར་ཚོ་སྐོར་ཚོས་རྒྱ་ལམ་ནང་ཡར་མར་འགྲུལ་བཞུད་བྱེད་མཁན་ཚོར་བར་མཚམས་མེད་པར་ལག་བརྡ་གཏོང་བཞིན་མཆིས།
           དྲུག
ལོ་དེའི་ལོ་སར་ཚར་རྗེས། རྒན་ཐར་མགོན་གྱིས་བདུན་ཕྲག་གཉིས་རིང་ལས་དགོངས་ཞུས་ཏེ་རྡ་སར་གསུང་ཆོས་ཞུ་བར་སོང་།  
སྔོན་ཆད་ཀྱང་རྡ་སར་བསྐྱོད་པའི་རླངས་འཁོར་དེའི་ནང་ཁོས་ལྷ་མཚོ་ཐོག་མར་ངོ་ཤེས་པ་རེད།  གློ་བུར་བའི་ཁོང་ཁྲོ་ཞིག་གི་དབང་གིས་དེ་ལྟར་ཁ་ཁར་གྱུར་མོད།  གཅིག་བྱས་ན་སྐབས་དེར་ཁོ་རང་ཉིད་ནོར་བའང་ཡིན་སྲིད།  ལོ་གཉིས་ལྷག་ཕྱིན་སོང་།  མོ་ཡང་སྙིང་གང་ཞིག་ཏུ་ཕྱིན་པ་ཡིན་ནམ།  རྡ་སར་གསུང་ཆོས་སུ་བསྐྱོད་པའི་རྒན་ཐར་མགོན་གྱིས་དེ་ལྟར་བསམ་གཞིགས་བྱེད་ཀྱིན་དངན་པ་རིང་པོ་ཞིག་ཡང་ཡང་འཐེན།  
       གཞི་རྒྱ་ཧ་ཅང་ཆུང་བའི་རྡ་སའི་སྲང་ལམ་ཀུན་ཏུ་བོད་པ་དང་ཕྱི་གླིང་བ།  རྒྱ་གར་བ་སོགས་ཀྱིས་ཁེངས་ནས་ཤིན་ཏུ་འཁྲུག་ཆ་དོད་པོར་འདུག་པས་གཡས་གཡོན་གྱི་གཞུང་ལམ་དག་ཀྱང་སྔར་བས་གུ་དོག་ཏུ་ཕྱིན་པའི་སྣང་བ་སྟེར།  ལམ་འགྲམ་གྱི་སློང་མོ་བའང་ལོ་སྔོན་མ་དག་ལས་ལྡབ་དུ་མས་མང་དུ་ཕྱིན་འདུག   ཞོགས་པ་སྔ་བོ་ནས་གསུང་ཆོས་ཞུ་བར་འགྲོ་མཁན་གྱི་མི་ཚོགས་མང་པོ་འཚང་ཁ་ཤིག་ཤིག་ངང་གཙུག་ལག་ཁང་གི་ཕྱོགས་སུ་འགྲོ་བཞིན་སྐབས་རེ་ལམ་ཡང་ཐོབ་དཀའ་བས།  རྒན་ཐར་མགོན་རྗེས་སུ་ཅུང་བསྡད་དེ་མི་ཚོགས་རིམ་གྱིས་བྱང་བ་དང་བསྟུན་ནས་མ་ཎི་འདོན་བཞིན་ག་ལེར་གཙུག་ལག་ཁང་གི་ཕྱོགས་སུ་བསྐྱོད་སྐབས།   གློ་བུར་དུ་གླ་འཁོར་ཆུང་ཆུང་ཞིག་སྨྱོས་པ་ལྟར་རྒྱུག་ཡོང་པས་ཁོ་གཡོལ་ས་མ་རྙེད་པར་ཧ་ཅང་གུ་དོག་པའི་ལམ་ཟུར་དེར་རྒྱབ་རྩིག་ངོས་སུ་སྦྱར་ཏེ་རྐང་པའི་སྔ་རྟིང་སྟེང་ཤུགས་ཀྱིས་ཡར་འགྲེངས་བཞིན་ལམ་ཕྱེ་ཅི་ཐུབ་བྱས་ཀྱང་གླ་འཁོར་དེ་ཏག་ཏག་ཁོའི་ཐད་སོ་ནས་ཙིར་སྒྲ་དང་བཅས་བཀག་བྱུང་བས་ཁོས་རང་ཚུགས་མ་ཐུབ་པར་ཕར་གླ་འཁོར་སྟེང་དུ་འགྱེལ།  དེ་མ་ཐག་རྒྱ་གར་བ་ན་གཞོན་གཉིས་རླངས་འཁོར་ལས་བབས་ཏེ་ཁོའི་སྟེང་དུ་ཤོར།  རྒྱ་གར་སྐད་ཀྱིས་གཤེ་གཤེ་གཏོང་ཞོར་དང་འབུད་རྒྱག་རྒྱག་ཞོར་དུ་མགོ་ལུས་མེད་པར་ཁུ་ཚུར་གཞུ་ཅི་ཐུབ་བྱས་པར་བརྟེན།   རྒན་ཐར་མགོན་ཡང་ངར་ལངས་ཏེ་རྒྱ་གར་བ་གཅིག་གི་སྣ་མགོར་ཁུ་ཚུར་ཞིག་གཞུས་པ་ན་ཁྲག་དམར་ཤ་རེར་སར་འགྱེལ།  སྐབས་དེར་གཡས་གཡོན་གྱི་རྒྱ་གར་བ་མང་པོ་ཞིག་རུབ་ཡོང་ནས་ཁོ་ལ་བསམ་ལོང་དྲན་ལོང་མེད་པར་ཕར་འདྲུད་ཚུར་འཐེན་གྱིས་སར་སྒྱེལ་ཅིང་མགོ་ལུས་མེད་པར་རྡུང་ཞིང་རྐང་པས་བརྫིས།   དཀོན་ཅོག་མཁྱེན་་་་་ཁོའི་ལས་དབང་འདི་་་་་།   ཁ་སྣ་ལས་ཁྲག་དམར་འཛར་བཞིན་ལག་པ་གཉིས་ཀྱང་རྐང་པས་བརྫིས་ནས་བསྣད་འདུག་སྟབས་ཡར་ལངས་མ་ཐུབ་པར་ལུས།  འཁྲིས་སུ་བཅར་མ་ཐུབ་ཕོད་པར་རྒྱང་ལྟ་བྱེད་བཞིན་པའི་བོད་པ་རྣམས་ཀྱིས་མི་དེ་སུ་རེད་གང་རེད་དང་ཅི་བྱུང་གང་བྱུང་གི་གླེང་མོལ་བྱེད་བཞིན་པའི་སྐབས།  འགྲོ་ཞོར་བའི་གླ་འཁོར་ཆུང་ཆུང་ཞིག་ཀྱང་དེར་སླེབས་ཏེ་བཀག    ནང་ནས་ཕྲུ་གུ་པང་བའི་བུད་མེད་ཅིག་གིས་སར་འགྱེལ་བའི་རྒན་ཐར་མགོན་ལ་ལྟ་ཡག་ཅིག་བྱས་རྗེས་འཚབ་འཚུབ་ངང་འཁྲིས་ཀྱི་སྐྱེས་པ་དེར་ཅི་ཞིག་བཤད་པ་ན་སྐྱེས་པ་དེ་མྱུར་དུ་མར་བབས་ནས་ཁོ་ཡར་བསྐྱོར།  བཀྲ་ཤིས། མགྱོགས་པོ། མགྱོགས་པོ་་་་་སྨན་ཁང་དུ་འཁྲིད་འགྲོ   མི་དེས་ཁོ་བསྐྱོར་ནས་མོ་ཊའི་ནང་བཞག  ཐར་མགོན་ལགས  ཐར་མགོན་ལགས་་་་ག་རེས་བྱས་སོང་།   ཁོས་མགོ་བཀྱག་ནས་རང་གི་འཁྲིས་ཀྱི་བུད་མེད་དེའི་གདོང་ལ་ལྟ་ཙམ་བྱས་རྗེས་ཅི་ཡང་མི་བཤད་པར་སླར་ཡང་མགོ་བོ་བྲང་ཁར་དུད་ཅིང་མིག་མཐར་མཆི་མ་རྡོག་པོ་ཞིག་དལ་གྱིས་འཁྱིལ་བྱུང་།  
   བུད་མེད་དེ་ཡང་སྙིང་སུ་ཞིག་ཡིན་ནམ།  ཐར་མགོན་ལགས་ཞེས་འབོད་ཚུལ་ལ་བལྟས་ན་ངོ་ཤེས་ཞིག་ཡིན་ཚོད་ལ།  ཐར་མགོན་ལགས་་་་ཐར་མགོན་ལགས་ཞེས་དངང་འཚབ་བྱེད་ཚུལ་ལ་བལྟས་ན་སྤྱིར་བཏང་གི་ངོ་ཤེས་ཙམ་གྱིས་མི་ཚད་པ་འདྲ།  རླངས་འཁོར་དེའི་ཁ་ལོ་བདེ་ལེགས་སྨན་ཁང་གི་ཕྱོགས་སུ་བསྒྱུར།
ཡིད་ཕངས་པ་ཞིག་ལ་བདེ་ལེགས་སྨན་ཁང་ནས་སྨན་པས་གནས་ཚུལ་རྣམས་གསལ་པོ་ཤེས་རྗེས།  ཁྱོད་ཚོ་རྒྱ་གར་ཡུལ་མི་དང་རྒྱག་རེས་ཤོར་བ་ཡིན་ན་སྨན་ཁང་གཞན་དུ་ཁྲིད།  འདི་ནས་སྨན་བཅོས་བྱེད་ཀྱི་མིན་ཟེར་བས།     དེ་གོ་བ་དང་བཀྲ་ཤིས་ངར་ལངས་ཏེ། ག་རེ་ཡིན་ནམ།  འདི་བོད་པའི་སྨན་ཁང་མ་རེད་དམ།  ཁོ་ལ་དོན་མེད་དུ་རྒྱ་གར་བ་དེ་ཚོས་རུབ་རྒྱབ་ནས་འདི་འདྲ་བཟོས་པ་རེད།  ཁྱོད་ཚོས་སྨན་བཅོས་མ་བྱས་ན་ང་ཚོ་གང་དུ་འགྲོ་དགོས་སམ་ཞེས་འཕྲོད་བསྟེན་སྨན་ཁང་གི་དབུ་འཛིན་དེའི་ཐོག་ཏུ་ཤོར།  སྐུ་མཁྱེན་་་་་དེ་འདྲ་མ་གནང་རོགས།  ང་ལ་སྐྱོན་ཆེན་པོ་མི་འདུག  ང་ཚོ་འདི་ནས་ལོག་འགྲོ་ཞེས་ཁོས་མི་དེར་ཞུ་བ་བྱས།  བུད་མེད་དེས་ཀྱང་སླར་ཡང་སྨན་པར་ཞུ་བ་འཐེན་རུང་མ་ཕན་པས་མཐར་རྒྱ་གར་སྨན་ཁང་ཞིག་ཏུ་འཁྲིད་དགོས་བྱུང་།   ཤུ་་་་་་
         བདུན།
   དུས་ཚོད་ནི་ཇི་འདྲའི་འགྲོ་མགྱོགས་པ་ལའང་། སྐད་ཅིག་ཙམ་ལ་དགུན་ཁའི་དུས་ཡུན་ཐུང་ངུ་དེའི་མཇུག་འགྲིལ་ཟིན།  བཟོད་དཀའ་བའི་ཚ་རླབས་ཀྱི་མེ་ལྕེ་དྲག་པོ་ཞིག་ཕྱོགས་ཀུན་ཏུ་འབར་ཞིང་མཆེད་པ་ནི་ས་མཐར་ལུས་པའི་བོད་པ་སྐྱབས་བཅོལ་བ་ཚོར་རྒྱ་དམར་གུང་ཁྲན་གྱི་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་ལ་དྲན་གསོ་དང་འབྲེལ་བསིལ་བའི་ཕ་ཡུལ་གངས་ལྗོངས་ལ་རེ་སྨོན་གྱེར་བར་སྐུལ་བ་དང་འདྲ།  གཞིས་ཆགས་འདིའི་རྒད་པོ་རྒན་མོ་རྣམས་ཚོགས་ནས་མ་ཎི་འདོན་ཞོར་ཕྱི་ནང་གི་གསར་འགྱུར་ཁག་གླེང་སའི་མ་ཎི་ཁང་གཡས་གཡོན་གྱི་ཤིང་སྡོང་ཆེན་པོ་དག་གི་གྲིབ་བསིལ་འོག་དང་།  ལས་མེད་སྐྱེས་པ་རྣམས་ལྷན་དུ་འདུས་ནས་ཤོ་དང་མྰ་ཅང་རྩེ་སའི་ཁྲོད་དག་ཏུ་རྒན་ཐར་མགོན་སྐོར་ལ་གླེང་ཕྱོགས་འདྲ་མིན་ཞིག་གྲག་གིན་འདུག   ལ་ལས་བཤད་ན་ཁོ་ལས་ཁུངས་ནས་ཕྱིར་ཕུད་པ་ནས་བཟུང་འདི་འདྲ་ཞིག་ཆགས་སོང་ཟེར།   ཁ་ཅིག་གིས་ཁོ་རྒྱུན་དུ་ཆང་ཁང་དང་ཤོ་ཁང་ནང་སོང་ནས་དངུལ་ཚང་མ་རྫོགས་པའི་སེམས་ཁྲལ་གྱིས་འདི་ལྟར་གྱུར་བ་རེད་ཟེར།  ཡང་འགའ་རེས་ཁོ་ལ་དགའ་རོགས་ཤིག་ཡོད་པ་དེས་གཡུག་ནས་སྐྱེས་པ་གཞན་ཞིག་དང་མཉམ་དུ་ཕྱིན་པར་བརྟེན་འདི་ལྟར་སེམས་པ་ཐང་ཐང་མེད་པར་གྱུར་བ་རེད་ཟེར།  གང་ལྟར་སྔོན་ཆད་རྡ་སར་གསུང་ཆོས་སུ་བསྐྱོད་སྐབས་བཀྲ་མི་ཤིས་པའི་གནས་ཚུལ་དུ་མ་ཞིག་འཕྲད་པའི་དབང་གིས་མཐར་གསུང་ཆོས་མུ་མཐུད་ཞུ་མ་ཐུབ་ལ་ཞུ་འདོད་ཀྱང་མེད་པར་ཕྱིར་ལོག་པ་ནས་བཟུང་ཆང་ཁང་དང་ཤོ་ཁང་རྐྱང་རྐྱང་འགྲིམས་རྒྱུ་ལས་གཞན་བསམ་རྒྱུ་ཅང་མེད་ཁར།  རྒྱུན་དུ་ཆང་གིས་ར་ཏོག་ཙམ་རེ་བཟི་སྐབས་ལམ་བར་གྱི་མི་ཚང་མར་སྡིགས་དམོད་བྱེད་པ་དང་།  བྱིས་པ་ཚོ་ཡར་འདེད་མར་འདེད་བྱེད་པ།  མཚན་གང་བོར་ཆིག་ལབ་རྒྱག་པ་སོགས་སེམས་པ་ཐང་ཐང་མེད་པ་ཞིག་ཆགས་འདུག་ལ་སྐབས་རེར་དངོས་གནས་སྨྱོས་པ་མིན་ནམ་སྙམ་པའང་སྟེར།  དེ་ལྟར་ཆང་ཁང་དང་ཤོ་ཁང་འགྲིམས་རྒྱུ་ནི་ད་ལྟའི་རྒན་ཐར་མགོན་ལ་མཚོན་ན་ཁོའི་རྒྱུན་ལྡན་གྱི་གོམས་གཤིས་ཤིག་ཏུ་གྱུར་ཟིན།
  ཞོགས་པ་སྔ་བོ་ནས་ཤོ་ཁང་དེའི་ནང་མི་བཞི་ལྔ་ཞིག་ནང་དུ་འཛོམས་ཟིན་འདུག  རྒན་ཐར་མགོན་གྱི་མགོའི་སྐྲ་ལོ་འཛིངས་ཤིང་མིག་གཉིས་ཀྱང་རབ་བེ་རིབ་བེ་གཉིད་མ་སད་ལྟ་བུའི་ངང་ཡར་ནང་དུ་འཛུལ་བ་ན།  མི་ཞིག་གིས་ཨོ་ང་ཚོའི་རྒྱུན་ལས་ཁོང་ཡང་ཕེབས་བྱུང་།  ཡ་འདིར་སྡོད་ཟེར་ནས་རྐུབ་སྟེགས་ཤིག་བསྟན།  འཁྲིས་ཀྱི་མི་དེས།  ཨིན་ཨིན་ཨ་རག་གི་དྲི་མ་ཟེར་བར་རྒན་ཐར་མགོན་གྱིས།  ཧེ་ཧེ་་་་མདང་དགོང་འཐུང་རྒྱུ་ཅུང་མང་དྲགས་འདུག་ཟེར་བཞིན་མར་བསྡད།
   འདི་ལྟར་སྔ་འདང་ཕྱི་རྩིས་གང་ཡང་མེད་པར་ཉིན་མཚན་དུས་དྲུག་གི་འཁོར་མོ་བག་མེད་ངང་བསྐྱལ་ནས་ལོ་འགའ་འགོར་སོང་།  གོ་ཐོས་ལ་ཁོའི་སྔོན་ཆད་ཀྱི་གསོག་དངུལ་ཅུང་ཙམ་དེའང་རིམ་གྱིས་རྫོགས་ནས་མཐར་ནང་གི་ཅ་ལག་རྣམས་ཀྱང་བཙོང་སྟེ་ཤོ་ཆང་དང་མྰ་ཅང་ཁོ་ན་ལ་བརྗེས་སྐད།  
   འཇིག་རྟེན་ཁ་དཔེར།  འབྱོར་དུས་མགྲོན་གྱི་དྭངས་མ་དང་རྒུད་དུས་མིག་གི་ཚེར་མ་ཟེར་བ་ལྟར་རྒྱུ་མེད་སྤྲང་བོ་རྣམས་ནི་སུ་ཞིག་གིས་ཀྱང་མཐོང་སྣང་ལ་འཇོག་སྲིད་དམ།
ཁོ་རེ་་་་་དངུལ་ཡོད་དམ།  མེད་ན་དེར་མི་གཞན་སྡོད་ཆུག     ག་རེ་རེད་་་་་ཉི་མ་རྟག་པར་འཚང་ཡོང་ནས་་་་་་མར་རྒྱུག་མར་རྒྱུག   
   སྙིང་རྗེ། དེང་སྐབས་རྒན་ཐར་མགོན་ལ་གཞན་གྱི་རྒྱན་ལྐུགས་ཤོ་རྒྱག་སོགས་ལ་ལྟད་མོར་ལྟ་བའི་གོ་སྐབས་ཙམ་ཡང་ཐོབ་དཀའ་བ་ཆགས་འདུག
ལོ་ཟླའི་འཁོར་རྒྱུན་རིང་མོ་ཡུན་གྱིས་ཟད་པ་དང་བསྟུན་ནས་རྒན་ཐར་མགོན་གྱི་ལུས་ཟུངས་ཟད་ནས་སྐམ་ཞིང་རིད་པར་གྱུར་བ་དང་མགོའི་སྐྲ་ལོའང་ཕྱེད་ཙམ་དཀར་པོར་གྱུར་འདུག  ད་ལྟ་ཁོ་གཞིས་ཆགས་འདིའི་ཆང་ཁང་དང་ཤོ་ཁང་ཚང་མའི་དགྲ་རུ་གྱུར་ཟིན་པ་མ་ཟད།  ཁོའི་ནང་དེའང་སྔ་མོ་ནས་ལམ་ཟུར་འདིར་སྤོས་ཟིན་འདུག
གྲང་ངར་ཅི་འདྲའི་ཆེའང་།   ད་ལོ་དགུན་ཁའི་གནམ་གཤིས་འདིས་རང་དབང་མེད་པར་ཕ་ཡུལ་ཡིད་ལ་ཐེངས་ཤིག་དྲན་པར་བྱེད།   བཤད་པ་ལྟར་ན་ད་ལོ་ལས་ལྷག་པའི་གྲང་མོ་ཞིག་ཡུལ་འདིའི་ལོ་རྒྱུས་ནང་བྱུང་མ་མྱོང་སྐད།  སྙིང་རྗེའང་།  ཁོའི་ཁ་ལ་ཟ་མ་ཞིག་ཀྱང་རག་ཡོད་ས་མ་རེད།  འོ་ཙི་་་་་གནམ་གཤིས་གྲང་མོ་འདི་འདྲ་ལ་ཁོ་འཁྱག་ཤི་ཐེབས་ས་རེད།  རྒད་པོ་རྣམས་ཀྱིས་གཅིག་གིས་གཅིག་ལ་བཤད།  རིམ་གྱིས་རྒན་ཐར་མགོན་ལ་སྙིང་རྗེ་སྐྱེ་མཁན་ཡང་ཇེ་མང་ནས་ཇེ་མང་རེད།  
   ལོ་འདི་འགའི་རིང་གཅིག་གིས་གཅིག་ལ་འགྲན་བཞིན་ཁྱིམ་ཚང་སོ་སོའི་དཔལ་འབྱོར་གྱི་གནས་བབས་དབྱར་མཚོ་ལྟར་རྒྱས་པ་དང་བསྟུན་ནས་བརྗིད་ཆགས་པའི་ཁང་བརྩེགས་ཆེན་པོ་རྣམས་ཀྱིས་མཐོང་ལམ་ཡང་སྒྲིབ་པར་རྩོམ།  ལམ་ཟུར་གྱི་སྤྲང་བོ་དེས་མི་གསར་པ་དེ་སླེབས་སྐབས་ལམ་སང་ཨོཾ་མ་ཎི་པདྨེ་ཧྰུཾ་ཞེས་ལག་པ་གཉིས་བརྐྱངས་ནས་སློང་མོ་རེ་སློང་བཞིན་མཆིས།
   ཤུ་་་་་་འདས་དོན་གྱི་སྐྱོ་གར་ལ་རོལ་བཞིན་པའི་རྒན་པོ་དེའི་མིག་མཐའ་ན་མཆི་མ་རྡོག་པོ་ཞིག་འོད་ཆེམ་ཆེམ་ངང་འཚེར་བཞིན་མཆིས།
           བརྒྱད།
    ཉི་མ་འཆར་ཐེངས་རེ་ལ་ནུབ་ཐེངས་རེ། མགོ་ནག་སྐྱེས་ཐེངས་རེ་ལ་རྒས་ཐེངས་རེ།  ལོ་ཟླའི་འཁོར་འགྲོས་རིང་མོ་ཆུ་བོ་ཆེན་པོའི་རྒྱུན་དང་སྡོངས་ནས་བཞུར་བཞིན་སྙིང་དབུས་ན་ནམ་ཡང་བརྗེད་པར་དཀའ་བའི་འདས་དོན་གྱི་འཚོ་བ་སྐྱུར་མོའི་ཀློང་དུ་མི་ལོ་བཅུ་ཕྲག་རིང་གི་ཕྱིར་དྲན་གྱི་རླབས་རྒྱུན་དྲག་པོ་ཆེས་ཆེར་བདོ་བས།  ཡལ་དཀའ་བའི་སྐྱོ་སྡུག་གི་རླབས་རིས་མོད་པོ་ཞིག་རྒན་ཐར་མགོན་ལགས་ཀྱི་དཔྲལ་བར་དྲན་རྟེན་གྱི་ཚུལ་དུ་བཀོད་ཟིན།  
    སྤོ་རྒན་ཐར་མགོན་ལགས།  ཆུ་ཚོད་བཞི་བ་ཟིན་འདུག  རྨོ་མོ་སྒྲོལ་དཀར་ལགས་ཀྱི་གསལ་འདེབས་དེས་སྒོ་འགྲམ་ན་རྒྱབ་རྩིག་པར་བསྙེས་ཏེ་འདས་དོན་གྱི་མཁའ་དབྱིངས་འགྲིམ་བཞིན་པའི་རྒན་ཐར་མགོན་གློ་བུར་ངང་འདྲོག་ཏུ་བཅུག   ཨ་་་་ཨོ་ཨོ་གསར་འགྱུར་གསར་འགྱུར།  ཁོ་ཡར་ལངས་ནས་གྱོལ་མ་ལྡང་གིས་ནང་དུ་འཛུལ།
སློབ་གྲྭའི་སློབ་མ་སྐོར་ཞིག་གིས་དཔེ་དེབ་བློ་འཛིན་བྱེད་བཞིན་རྒན་གསོ་ཁང་གི་རྭ་བའི་ནང་འོངས་ཏེ་མ་ཎི་འཁོར་ལོ་དེའི་གཡས་གཡོན་ན་གདངས་དང་བཅས་ཏེ།  ལ་ཁ་ལ་ཤ་བ་ཡོད།  ཤ་བ་ལ་རྭ་ཅོ་ཡོད་ཅེས་དང་།  བོད་ལ་གཡག་མང་པོ་ཡོད།  གཡག་མོ་ལ་འབྲི་ཟེར་བ་རེད།   གཡག་གི་སྐྱག་པ་་་་་་ཞེས་སོགས་ཤུགས་ཀྱིས་གྱེར་བཞིན་ཡར་འགྲོ་མར་འགྲོ་བྱེད།  
   རྒན་ཐར་མགོན་གྱིས་གསར་འགྱུར་ཉན་རྗེས་མགོ་འཕྲེད་དུ་གཡུག་བཞིན་ཤུགས་རིང་ཞིག་ཕྱུངས།     སྤོ་ཐར་མགོན་ལགས་་་་་     རྣ་བར་འཇགས་པའི་འབོད་སྒྲ་གཉོམ་པོ་དེ་ཕྱི་ལོགས་ནས་གྲགས་འོངས་པ་དང་ཁོས་ཀྱང་ཅི་ཞིག་ཡིན་པ་ཧ་གོ་ནས།   ཡ་ཡ་ང་ཡོང་གིན་ཡོད་ཟེར་བཞིན་ལག་རྟེན་བཟུང་ནས་ག་ལེར་སྒོ་ཕྱེ་བ་ན།  རྨོ་མོ་སྒྲོལ་དཀར་ལགས་ཀྱིས་ལག་གཡོན་པས་ལག་རྟེན་སར་བཙུག་ཅིང་གཡས་པས་མ་ཎི་འཁོར་ལོ་ཞིག་སྐོར་བཞིན་སྒོ་འགྲམ་ན་འཛུམ་དམུལ་ལེར་སྒུག་འདུག   
   ཨོ་མ་ཎི་པདྨེ་ཧཱུྃ།   ཨོཾ་མ་ཎི་པད་མེ་་་་་་    གོམ་འགྲོས་འཁྱར་འཁྱོར་ཞིག་དང་འགྲོགས་པའི་མ་ཎིའི་དབྱངས་རྟ་སྙན་མོ་དེ་རྒན་གསོ་ཁང་གི་ཁང་པའི་སྒོ་འགྲམ་ནས་མཆེད་ཅིང་ཇེ་རིང་ཇེ་རིང་དུ་གྱུར་ནས་རིམ་གྱིས་མ་ཎི་ལྷ་ཁང་གི་སྐོར་ལམ་ནང་ཐིམ་སོང་།
    
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒན་ཐར་མགོན།

2012-02-04 ཨ་ར་དཀར་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།