རྨ་ལུང་སྡེ་བའི་གྱོད་གཞི།

གྲ་གཉེན་ཚེ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-31

  ཐམས་ཅད་མཁྱེན་པ་ཨ་ལགས་འཇིགས་མེད་ཚང་གི་བཀའ་དྲིན་ལས་ད་ཆ་རྨ་ལུང་སྡེ་བས་སྡེ་སྡིག་གཅོད་ཐུབ་པ་བྱུང་། སྡེ་སྡིག་གཅོད་རྒྱུ་དེ་ལས་སླ་མོ་ཞིག་མིན་ཏེ་སྡེ་བ་ཡོངས་ཀྱིས་སྡིག་ལས་སྤངས་ཏེ་ཤ་གཅོད་རྒྱུ་དེའོ།  རྨ་ལུང་སྡེ་བས་ལོ་སྟོད་ཀྱི་ས་ག་ཟླ་བ་ནས་ལོ་སྨད་ཀྱི་སྟོན་མཇུག་བར་དུ་ཕྱུགས་ཟོག་གཅིག་ཀྱང་སྲོག་གཅོད་མ་བྱས་པ་ནི་རྒྱུད་ལ་བྱམས་སྙིང་རྗེ་འཁྲུངས་པའི་རྟགས་མཚན་བླ་ན་མེད་པ་ཞིག་ཡིན་ཅེས་ཡ་གིའི་ཨ་ལགས་ནས་བར་གྱི་སྡེ་དཔོན་མ་གིའི་སྡེ་མིའི་ཀུན་གྱིས་ཡང་ཡང་སྔགས་པར་བྱེད་ཅིང་ཕྱིའི་སྡེ་བ་གཞན་ལ་ཡང་ངོམས་བྱེད་དུ་འགྱུར་ཡོད།
  ད་ནི་སྟོན་གྱི་དུས་ཚིགས་ཕར་ལ་འདས་ཏེ་འཆར་ཅན་ལྟར་ཕྱུགས་ཟོག་བཤས་རྒྱག་པའི་དུས་ལ་འཁེལ་ཡོད་མོད་སྡེ་སྡིག་བཅད་ཟིན་པས་སུ་ཞིག་གིས་ཀྱང་བཤས་རྒྱག་རྒྱུའི་བསྐོར་འཆད་གིན་མེད།  འོན་ཀྱང་ད་ཆ་རྨ་ལུང་སྡེ་བའི་མི་རྣམས་ཀྱི་སེམས་སུ་ཅི་ཞིག་སྒྲུབ་མ་ཚར་བའི་སྣང་བ་ཞིག་གིས་ཁྱབ་ཡོད།  སྡེ་བའི་མི་རྣམས་ཕན་ཚུན་ཁ་བརྡ་བྱེད་པའི་དུས་སུ་ཁ་ནས“ད་ལོ་ལུག་བཤའ………”ཅེས་ཤོར་མ་ཐག་འདང་ཞིག་བརྒྱབ་རྗེས་རང་ཉིད་ལ“ལྟ་ལོག”ཅེས་པའི་མཚང་མིང་གིས་འཕྱ་བར་དོགས་པ་འམ་ཅི་ཞིག་ལས“ཨོ………ད་ལོ་ལུག་ཤ་ཤེད་རྒྱས་འདུག”ཅེས་པའི་ཚིག་ལ་བཅོས་པར་བྱེད་ཅིང་ཐ་ན་ཁྱིམ་གཅིག་གི་ཐབ་ཀ་ནས་ཀྱང་ལུག་བཤའ་མིན་ཐད་ལ་གྲོས་བསྡུར་བྱ་མཁན་སུ་ཡང་མེད། སྐབས་རེར་བུ་ཆུང་གིས་གོར་རྡོག་ཐང་དུ་ཕངས་ཏེ་ཤ་ཟ་དགོས་ཞེས་ངུས་ཀྱང“གཅེས་ཕྲུག།  ཨ་ལགས་ཀྱིས་གསུངས་པ་མ་ཐོས་སམ། ཚེ་འདིར་ཁྱེད་ཀྱིས་ལུག་གི་ཤ་བཟས་ན་ཚེ་ཕྱི་མར་ལུག་གིས་ཁྱོད་རང་ཟ་སྲིད”ཅེས་འཇིཊ་སྐུལ་བྱས་པ་ན་བུ་ཆུང་གི་སྲན་མ་ལྟ་བུའི་མིག་གཉིས་ལས་འོད་མདངས་ཞིག་ཕྱུང་བཞིན“ཚེ་ཕྱི་མའི་མི་རྣམས་ཀྱིས་རྩྭ་ཟ་ཨེ་སྲིད”ཅེས་དྲིས་པས་ན“ཕྲུ་གུས་ཅི་ཤེས་ཁ་ཟུམ་ལ་སྡོད”ཅེས་གཤེ་གཤེ་བཏང་།
  ཕྱི་ཚུལ་ནས་བལྟས་ན་རྨ་ལུང་སྡེ་བ་ནི་འོ་མཚོ་ལྟར་ལྷིང་འཇགས་ནའང་། ལྷ་ལུང་ཚང་གི་བཟའ་མི་གཉིས་པོའི་སེམས་སུ་དྭངས་འཚབ་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་བཞིན་ཡོད།  དེ་ཡང་ལྷ་ལུང་གི་ནུ་བོ་ཟི་ལིང་གི་ལས་ཁུངས་ག་གེ་མོ་ཞིག་གི་ནང་ན་བྱ་བ་ལས་ཀྱིན་ཡོད་ཅིང་། ལོ་རེ་བཞིན་བཤས་རྒྱག་པའི་དུས་འཚིགས་སུ་ཤ་གཟན་ཕག་འདྲ་བ་རེ་བཤས་ཏེ་ནུ་བོར་མཚམས་འདྲིར་འགྲོ་བ་ནི་གཅན་གཅུང་བར་གྱི་ལྷག་བསམ་མཚོན་བྱེད་ཞིག་གམ་སྐལ་བ་སྟེར་བ་ལྟ་བུ་ཞིག་ཏུ་གྱུར་ཡོད་མོད་ལོ་སྟོད་ཀྱི་ས་ག་ཟླ་བ་ནས་བཟུང་སྡེ་སྡིག་བཅད་ཟིན་པས་སྡེ་བ་ཡོངས་སུ་བཤས་རྒྱག་མཁན་གཅིག་ཀྱང་མེད་པ་མ་ཟད་རང་མཚམས་ཀྱིས་བཤས་རྒྱག་ག་ལ་ཕོད། མཚམས་རེར་ལྷ་ལུང་གི་རྨི་ལམ་ནང་དུ་ནོར་ཤ་ཚི་ལུ་ཀྲབ་ཀྲབ་དག་སུ་པན་གྱི་གྲོགས་ལ་སྦྱར་ནས་མཆུ་ཏོ་སྣུམ་ཤིག་ཤིག་ངང་ཟ་བ་རྨི་ཐེངས་རེར་ཁ་ཆུ་ལྷུང་སྟེ་སྔས་མགོ་ཡང་སྒོར་ཁྱི་ལེར་སྦངས་པར་བྱེད། ཉིན་གཉིས་པར་མདང་གོང་གི་རྨི་ལམ་དེ་ཧ་ཅང་བརྗོད་འདོད་ཀྱང་རང་ཉིད་ལྟ“ལོག་པར”ཞིག་ཏུ་གྱུར་བར་དོགས་ཏེ་ཆུང་མ་ལ་ཡང་བཤད་མ་ཕོད།
  རྨ་ལུང་སྡེ་བ་ནི་ས་མ་འབྲོག་ཡིན་མོད་ཞིང་ལས་གཙོ་བོར་བརྟེན་པའི་རྨང་གཞིའི་ཐོག་ལུག་འཚོ་སྐྱོང་བྱ་གིན་ཡོད། རྨ་ལུང་སྡེ་བར་འབྲོག་ཁུལ་ལྟ་བུའི་ཕྱུགས་རིགས་དཀར་ནག་གིས་ལྷས་ར་ཁེངས་པ་མེད་ཀྱང་ལུག་གི་མགོ་གྲངས་ནི་འབྲོག་སྡེ་ལས་མི་ཉུང་བ་མེད། ཁོ་ཚོས་རྒྱུན་དུ་འབྲེལ་འདྲིས་ཟབ་པའི་ཁྱིམ་ཚང་གཉིས་རེ་གསུམ་རེ་ལུག་མཉམ་དུ་བསྲེས་ཏེ་ལུག་གི་མང་ཉུང་ལྟར་རེས་མོས་ཀྱིས་ལུག་འཚོ་སྐྱོང་བྱ་གིན་ཡོད།
  དེ་རིང་ནི་ལྷ་ལུང་ཚང་ལུག་འཚོ་བའི་རེས་མོས་འཁེལ་ཡོད། ལྷ་ལུང་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་ཀྱང་གཉིས་ཀ་རྫོང་ཐོག་ཏུ་སློབ་གཉེར་བྱ་གིན་ཡོད་པས་ད་ཆ་ལུག་འཚོ་བར་ལྷ་ལུང་རང་ཉིད་མི་འགྲོ་རང་འགྲོ་རེད། ཁོ་ནི་ལུག་ལ་བྱམས་ཤིང་ལུག་འཚོ་བར་ཡང་ལྷག་ཏུ་མཁས་པས་མིང་དོན་མཚུངས་པའི་ལུག་རྫི་རྒད་པོ་ཞིག་ཏུ་ངོས་བཟུང་ཡང་ཆོག། ཁོས་ཞོགས་པ་སྔ་མོ་ནས་ལུག་ལྷས་ཀྱི་སྒོ་ཕྱེ་སྟེ་ལུག་རྣམས་ལ་རང་དབང་གི་བདེ་བ་ཞིག་ཉམས་སུ་མྱོང་ཏུ་བཅུག།  
  ལྷ་ལུང་གིས་བར་སྐབས་དེར་ཞོགས་ཟས་ཟས་རྗེས་ལུག་ཁྱུ་རྣམས་གྲམ་གཞུང་དུ་ཆུ་འཐུང་དུ་བཅུག་རྗེས་འུར་རྡོ་ཀླད་ལ་བསྐོར་ནས་མདུན་རི་གླང་ཆེན་ཉལ་བ་ལྟ་བུའི་རི་ངོས་སུ་འགོས་སུ་བཅུག། སྟོན་མཇུག་གི་དུས་ཚིགས་འདི་ནི་ལུག་གི་ཤ་ཤེད་རྒྱས་པའི་དུས་ཤིག་ཡིན་པ་སྨྲོས་མེད་ཡིན་མོད་ལྷ་ལུང་གི་མིག་ལམ་དུ་སྔར་རྒྱུན་དང་མི་འདྲ་བར་ད་ལོ་ལུག་གི་ཤ་ཤེད་ལྷག་ཏུ་རྒྱས་ཡོད་པའི་སྣང་བ་བྱུང་། ལྷ་ལུང་གིས་བྲག་རྡོ་ཞིག་གི་སྟེང་དུ་ངལ་གསོ་རྒྱག་བཞིན་མདུན་ངོས་སུ་རྩྭ་ལྗང་ལ་ལོངས་སུ་སྤྱོད་བཞིན་པའི་ཤ་གཟན་དེའི་མཚང་རའི་གཤམ་གྱི་རབ་ཏུ་རྒྱས་པའི་ཤ་གནད་ལ་ཡུན་རིང་ཞིག་བཅེར་རྗེས་ད་ལོ་བཤས་མ་རྒྱབ་ན་དགུན་རྒྱ་སྟག་འདྲ་བ་འདི་ཤོར་ནས་འོང་དུས་ཅི་ཞིག་ཟ་འམ་གོ་རེ་དང་རྩམ་རྐྱང་ཁོ་ནར་བརྟེན་ནས་སྡོད་ག་ལ་ཐུབ་སྙམ་བཞིན་ལྕེ་རྩེ་ན་ལྡད་བཞིན་པའི་གོར་རྡོག་དེ་ལ་ཡང་བྲོ་བ་ཅི་ཡང་མེད་པར་གྱུར།
  ཉི་མ་ནི་ཆུ་ལྷའི་ཕང་ནས་ཕྱི་མིག་ཟིམ་ཟིམ་ངང་ཞེན་ཆགས་ཀྱི་འོད་མདངས་དམར་སེར་ཞིག་ཤར་རིའི་ངོས་སུ་ལ་ཐོད་ཀྱིས་བརྒྱན་པ་ནི་བྲལ་གདུང་གིས་མ་བཟོད་པའི་ཁྱོ་བོས་མཛའ་མོར་མཐའ་མཇུག་གི་འཐམ་འཁྱུད་བྱེད་པ་དང་མཚུངས། ལྷ་ལུང་གྱིས་ཀྱང་ལུག་ཁྱུ་སྒོར་ནས་ལྷས་རའི་ཕྱོགས་སུ་ལོག་པའི་གྲ་སྒྲིག་བྱས། ལུག་རྣམས་ཤ་ཤེད་རབ་ཏུ་རྒྱས་ཡོད་པས་ལྷས་སུ་ལོག་པར་ལྷག་ཏུ་བྲེལ་འཚུབ་ཆེ། ལྷ་ལུང་གིས་ལུག་ཁྱུའི་རྗེས་ནས་ཤུ་གླུ་ཤིག་ལེན་བཞིན་རྗེས་སུ་ལུས་པའི་ར་རྒན་དག་ལ་འུར་རྡོ་ཕངས་སྟེ་མྱུར་དུ་ཡོང་དགོས་པའི་དྲན་སྐུལ་བྱས།
  ལྷ་ལུང་ཚང་གི་ཤ་གཟན་ཕག་འདྲ་བ་ཞིག་ཐུར་དུ་བབ་བཞིན་པའི་དུས་སུ་ཁྱིམ་མཚེས་ཚང་གི་ཤ་གཟན་ཞིག་གིས་རྩེད་འཇོའི་ཉམས་ཀྱིས་དེའི་མཚང་རའི་ངོས་སུ་ར་ཀེན་ནས་ཡང་མོར་བརྡུངས་པ་ན་ལྷ་ལུང་ཚང་གི་ཤ་གཟན་དེ་དོགས་ཟོན་ཅི་ཡང་བྱུང་མེད་པ་འམ་ཅི་ཞིག་ལས་ལྷ་ལུང་ཚང་གི་ཤ་གཟན་དེ་བལྟས་བལྟས་རིག་རིག་ལ་སྨི་ཁ་ཤས་སར་རྦབ་རྡོར་གྲིལ་ཅིང་ལུག་ཁྱུ་རྣམས་གཡས་ཐོར་གཡོན་ཐོར་དུ་འདྲོགས། ལྷ་ལུང་གིས་མྱུར་མོར་རྦབ་རྡོར་གྲིལ་བའི་ལུག་དེའི་ཕྱོགས་སུ་རྒྱུགས་པ་ན་ལུག་དེའི་ཀླད་ཁུང་བྲག་རྡོར་བརྡབས་ཏེ་འགུལ་ཙམ་ཡང་བྱེད་མི་ཐུབ་པར་གྱུར་ཟིན། ལྷ་ལུང་གིས་ཁྱིམ་མཚེས་ཚང་གི་ཤ་གཟན་དེའི་ཐོག་ལ་སྡང་སེམས་ཆེན་པོ་ཞིག་སྐྱེས་ཤིང་གཡས་འཐོར་གཡོན་ཐོར་དུ་གྱུར་བའི་ལུག་ཁྱུ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་ལྷས་རིའི་ཕྱོགས་སུ་འགྲོ་རུ་བཅུག། ཤི་རོར་གྱུར་པའི་ལུག་རོ་དེའི་སུག་ལག་བཞི་པོ་འུར་རྡོས་བསྡམས་ཏེ་ཏ་ལེན་ལྟར་ཁུར་ཏེ་ལུག་ཁྱུའི་རྗེས་དེད་དེ་སོང་། ལྷ་ལུང་ལྷས་རའི་ཕྱོགས་སུ་སླེབས་པའི་དུས་སུ་ཁྱིམ་མཚེས་ཚང་གི་ཕ་རྒན་ཡང་ལུག་ཚང་རྩིས་རྒྱག་པར་སླེབས་ཡོད། ལྷ་ལུང་གིས་ཁྱིམ་མཚེས་ཚང་གི་ཤ་གཟན་དེས་རང་གི་ལུག་དེ་ཇི་ལྟར་མེད་པར་བཏང་བའི་ཚུལ་དྲང་པོར་སྨྲས་ཀྱང་ཁྱིམ་མཚེས་ཚང་གི་ཕ་རྒན་གྱིས“ཨོའོ¨¨¨¨¨¨¨¨དེ་འདྲ་རེད་དམ། ཁྱེད་ཚང་གི་ལུག་རྦབ་རྡོར་གྲིལ་ཏེ་རྨ་གང་དུ་བཅོས་འདུག་ཁྲག་གང་དུ་འཛར་འདུག་གམ”ཞེས་དྲི་བར་བྱེད་མོད་ཀླད་ཁྲག་དྲེས་པའི་ལུག་རོ་ཞིག་ལ་རྨ་ཤུལ་དང་འཁྲག་འཛར་ཤུལ་རྙེད་མི་སྲིད་པས་ཁྱིམ་མཚེས་ཚང་གི་ཕ་རྒན་གྱིས“དུད་འགྲོ་ནི་བསམ་མི་ཤེས་པ་དེ་འདྲ་ཞིག་ཡིན་ཡང་སྲིད”ཅེས་ཟེར་བཞིན་རྒྱབ་ལག་བྱས་ཏེ་ཁྱིམ་དུ་ལོག།  ལྷ་ལུང་གིས་ཀྱང་བརྗོད་འདོད་པ་མང་པོ་ཞིག་ཁོག་ཏུ་མིད་དེ་ཁྱིམ་དུ་མི་ལོག་ཀ་མེད་དུ་གྱུར།
  ཁོས་དོགས་མི་བདེ་བའི་ངང་ཁྱིམ་གྱི་སྒོ་ཕྱེ་བ་ན་ཐབ་འགྲམ་ན་ཆུང་མས་ཟ་མ་གཡོས་སྦྱོར་བྱ་བཞིན་ཡོད་པས་མངར་སིལ་སིལ་གྱི་དྲི་མ་ཞིམ་པོ་ཞིག་སྣ་ལམ་དུ་ཐུལ། ཆུང་མས་ཁོའི་རྒྱབ་ཏུ་འཁུར་བའི་ལུག་རོ་དེ་མཐོང་བས་ན་རེ་ཞིག་ཧད་དེ་ལུས།
  ལྷ་ལུང་གིས་ལུག་ཇི་ལྟར་ཤི་བ་ཞིབ་བརྗོད་བྱས་མ་ཐག་ཆུང་མའི་གདོང་ལ་གཅེས་ལང་གི་ཉམས་ཞིག་ཤར་ཏེ་སྣང་མེད་དུ“འོ་ན་ང་ཚོས་ཤ་ཟོས་ཆོག་ཨང་”ཅེས་བཤད་རྗེས་ཧ་ཅང་དོགས་མི་བདེ་བའི་ངང“ལྟས་ངན་ངའི་ཁ་འདི། ༀ་མཎི་པདྨེ་ཧཱོུཾ”ཅེས་ཟེར་བཞིན་ཡང་མོར་རང་གི་མཆུ་ཏོའི་ངོས་སུ་བརྡེབས་པར་བྱེད།
  ལྷ་ལུང་གིས་དོགས་མི་བདེ་བར་ལུག་རོ་ཐང་དུ་ཕབ་རྗེས་ཟུག་ཟེར་གྱིས་མྱོས་པའི་དཔུང་པར་རྡེབ་བཞིན“སྒྲོལ་དཀར་ལུག་རོ་འདི་ཇི་ལྟར་བྱེད། འདི་ལྟར་ཤ་ཤེད་རྒྱས་པའི་ལུག་རོ་ཞིག་ཕངས་མེད་དུ་སྐྱུར་ན་ག་ལ་འགྲིག་ཁྱོད་ཀྱིས་ལྟོས་དང་ལུག་འདི་ཅི་འདྲའི་རྒྱགས་པ་ལ”ཅེས་བཤད།
   ཆུང་མས་ལྷ་ལུང་ཇ་འཐུང་དུ་བཅུག་རྗེས“འོ་ན་ལུག་རོ་འདིའི་པགས་པ་བཤུས་ཏེ་ཁྱེད་ཀྱི་ནུ་བོར་སྐྱེལ་ན་ཅི་འདྲ་རེད”ཅེས་དྲིས།
  ལྷ་ལུང་གིས་ཅི་ཞིག་དྲན་པ་ལྟར་ཧར་ལངས་བྱ་བཞིན“ཐབས་ཤེས་དེ་ཧ་ཅང་བཟང་ཁྱོད་ནི་བློ་གྲོས་ལྡན་པའི་ཆུང་མ་ཞིག་རེད”ཅེས་སྔགས་བརྗོད་བྱས་པ་ན།
སྒྲོལ་དཀར་གྱིས“ཁྱོད་ཀྱིས་ངོ་མ་ཁ་ཡག་བཤད་ཤེས་ཀྱིས་ཡྰ”ཟེར་བཞིན་རེ་ཞིག་ཁང་པའི་ནང་དུ་འུར་ཟིང་ངེར་སོང་།
  ཐབ་སྟེང་གི་ཟ་མ་ལྷོག་ལྷོག་ཏུ་འཁོལ་བས་ཁོ་གཉིས་ཀྱིས་ཟ་འཐུང་ལ་རོལ། དུས་དེར་ལྷ་ལུང་གིས་ཐུག་པ་འཐུང་མཚམས་བཞག་སྟེ“ང་གཉིས་ཀྱིས་རང་མཚམས་ངང་ལུག་པགས་བཤུས་ན་སྡེ་སྡིག་བཅད་ཟིན་པས་ཨ་ལགས་ཀྱི་ཐུགས་ཁྲོས་ཡང་སྲིད”ཅེས་ཟེར་བཞིན་མིག་ཟུང་དམིགས་ཡུལ་མེད་པར་མདུན་དུ་བཅེར་ནས་རེ་ཞིག་བསམ་གཞིགས་ཀྱི་རྒྱ་རུ་ཚུད། ཡུད་ཙམ་སོང་རྗེས“ལུག་རང་གར་ཤི་བས་སྡིག་པ་ཡོད་མི་སྲིད།སྔོན་ཆད་ང་ཚོས་ཨ་ལགས་ཁོང་ལ་ཤི་ཤ་འབུལ་བ་མིན་ནམ”ཟེར།
  སྒྲོལ་དཀར་གྱིས་ཅི་ཞིག་དྲན་པ་ལྟར“རེད་ཨང་། ཨ་ལགས་ཀྱིས་ཤི་ཤ་བཞེས་པ་ངས་ཀྱང་རིག་མྱོང་”ཅེས་བཤད།
    ཁོ་གཉིས་ཀྱིས་ཟ་མ་ཟས་ཚར་རྗེས་ལུག་གི་པགས་པ་བཤུ་མགོ་བརྩམས་ཤིང་ནང་ཁྲོལ་དག་ཀྱང་གཙང་མར་བཀྲུས་ཏེ་བཟས་ཆོག་ཆོག་ཏུ་བཅོས་རྗེས་ལྷ་ལུང་གིས་སང་ཉིན་རང་ནུ་བོར་སྐྱེལ་བར་འགྲོ་རྒྱུའི་སེམས་ཐག་བཅད། དུས་དེར་དུས་ཚོད་ཡང་ཧ་ཅང་འཕྱི་པོ་ཆགས་ཡོད་པས་སྒྲོལ་དཀར་གྱིས་ལྷ་ལུང་ལ“སྔ་ཙམ་ཉོལ་དང་སང་ཉིན་སྔ་པོ་ནས་ལམ་དུ་བཞུད་དགོས”ཞེས་བཤད་རྗེས་ལྷ་ལུང་ཉལ་ཚར་རྗེས་རང་ཉིད་ཀྱིས་་སང་ཉིན་ཐོན་རྒྱུའི་ཐོན་ཆས་དག་ལེགས་པར་བསྒྲུབས།
    ཉིན་གཉིས་པའི་ཞོགས་པར་བྱ་ཕོའི་བྱ་སྐད་ཀྱིས་ཁོ་གཉིས་མཇམ་པོའི་རྨི་ལམ་གྱི་ཡུལ་ནས་སད་དུ་བཅུག། སྒྲོལ་དཀར་གྱིས་ཤ་ཁོག་དེ་ལྷ་ལུང་ལ་འཁུར་དུ་བཅུག་རྗེས་ལུག་ལྤགས་དེ་ཡང་བསྐུར་ཏེ་ཟི་ལིང་དུ་འཚོང་ཨེ་ཐུབ་ལྟོས་ཅེས་མངགས་པ་མ་ཟད་ལམ་བར་དུ་ཡིད་གཟབ་བྱ་དགོས་པ་དང་ངོ་མི་ཤེས་པའི་མི་ལ་ཁ་ཡ་བྱེད་མི་རུང་བ་སོགས་ཁ་ཏ་མང་པོ་ཞིག་བྱས།  སྐད་ཅིག་དེར་སྣའི་གཟེངས་མཐོ་ཞིང་རྨ་ར་ཚམ་ཚོམ་དུ་སྐྱེས་པའི་ལྷ་ལུང་ནི་བསམ་མེད་ཀྱི་བྱིས་པ་ཞིག་ཏུ་གྱུར་ཅིང་སྒྲོལ་དཀར་ནི་བུ་ཕྲུག་ལ་བརྩེ་འདང་ཟབ་པའི་ཨ་མར་གྱུར་ཏེ་པྲ་ཚགས་ཀྱི་བྱིས་པ་འདི་སློབ་གྲྭ་འགྲོ་བར་སྐྱེལ་མ་བྱ་བ་དང་མཚུངས།
  ཟི་ལིང་གི་ཕྱོགས་སུ་འགྲོ་བའི་རླངས་འཁོར་དེ་འུར་སྒྲ་ཞིག་དང་ལྷན་དུ་ལམ་དུ་ཆས་ཤིང་སྒྲོལ་དཀར་གཅིག་པུ་རྡུལ་འཚུབ་ཁྲོད་དུ་ལུས། ཅི་ཞིག་གི་རྐྱེན་ལས་དེ་རིང་ཁོ་མོའི་ཡིད་སེམས་སྟོང་ལྷང་ལྷང་དུ་འགྱུར་ཅིང་རླངས་འཁོར་གྱི་རྗེས་སུ་འཁྲེང་བའི་ཕྱི་མིག་བལྟ་བཞིན་ཁྱིམ་དུ་ལོག།
ད་ལྟ་སྟོན་ཁ་ཡོལ་ཟིན་པས་ཁྱིམ་དུ་གལ་ཆེ་བའི་བྱ་བ་སྒྲུབ་རྒྱུ་མེད། ཁོ་མོས་ཁྱིམ་གྱི་མདོ་སྦུག་མེད་པར་གད་ཕྱིས་གཙང་མ་ཞིག་བྱས་རྗེས་ཁ་ལག་བཀྲུས་ཏེ་ཉི་མར་ལྡེ་བཞིན་བསྡད། དུས་དེར་རླུང་འཕྲིན་ལས<<མེ་ཏོག་གངས་ལྷའི>>ལེ་ཚན་གཏོང་འགོ་ཚུགས་པའི་རོལ་མོ་སྒྲགས་བྱུང་བས་ཁོ་མོས་ད་ལྟ་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་ལ་ཐོན་པ་ཤེས། ཁོ་མོས་གདོང་སྟེང་དུ་མར་བསྐུ་བཞིན་རང་གི་ཁྱོ་བོ་འཛུམ་ཤིག་ཤིག་གིས་ནུ་བོའི་ཁྱིམ་དུ་འབྱོར་བ་རྟོག་བཟོ་བྱས། སྐབས་དེར་ཕྱི་སྒོ་བརྡུངས་བའི་སྒྲ་ཡིས་ཁོ་མོ་བསམ་གཞིགས་གི་རྒྱ་ལས་དཀྲོལ་ཤིང་རྒྱུགས་མ་འདུར་གྱིས་ཕྱི་སྒོའི་ཕྱོགས་སུ་བརྒྱུགས། སྒོ་ཕྱེ་བ་ན་ཨ་ལགས་འཇིགས་མེད་ཚང་ཞལ་སྣུབ་བག་ཚི་ལེར་རང་ཁྱིམ་གྱི་སྒོ་འགྲམ་དུ་ཐོན་ཡོད་པ་མ་ཟད་ངོ་གདོང་ཡོངས་ལ་ཧ་ཅང་གཟབ་ནན་གྱི་ཉམས་ཤིག་མངོན་འདུག།  ཁོ་མོ་རེ་ཞིག་ཧད་དེ་ལུས་ཤིང“རིན་པོ་ཆེ་ནང་དུ་ཕེབས”ཞེས་དད་གུས་ཆེན་པོས་བཤད།
  “ལུག་རོ་གང་ན་ཡོད”ཧ་ཅང་ཆ་རྒྱུས་ལྡན་པའི་སྐད་ཆ་དེས་ཁོ་མོ་ཅི་ཤོད་འདི་ཤོད་མེད་པར་གྱུར། དོན་ངོ་མར་སྐད་ཆ་འདྲི་མཁན་དེ་ནི་སྡེ་དཔོན་ཡིན་ཅིང་ཨ་ལགས་ཀྱི་རྒྱབ་ན་སྒྱིག་པ་ཞ་ལེར་ལངས་འདུག།
  གློ་བུར་དུ་དྲིས་པའི་སྡེ་དཔོན་གྱི་དྲི་བ་དེས་སྒྲོལ་དཀར་ཅི་ཞིག་བརྗོད་དགོས་པ་མ་ཤེས་པར“ལུག་རོ། ལུག་རོ”ཟེར་བཞིན་ལུས་པའི་ཚེ་ན་སྒོ་རའི་ཟུར་ཞིག་ན་སྐྱུར་ཡོད་པའི་ལུག་གི་ཁོག་ནང་གི་བཙོ་རྣམས་ཨ་ལགས་ཀྱིས་མཐོང་མ་ཐག་ཧ་ལས་ཧང་སངས་པའི་ངང“བསོད་ཟད་མ་ཁྱོད་ད་དུང་མ་ཤེས་མདོག་མདོག་གིས་སུ་ཞིག་ལ་མགོ་བསྐོར་གཏོང་གི་ཡོད”ཅེས་སྡིག་བཞིན་ལག་གི་ཕྲེང་བ་ཤེད་ཀྱིས་དེད་བཞིན་ཁ་མོག་མོག་གིས་མ་ཎི་འདོན་མགོ་བརྩམས། ཅི་ཞིག་གི་རྐྱེན་ལས་སྡེ་སྡིག་བཅད་ཚུན་དུ་དོན་དག་ཆེ་ཆུང་ཅི་འདྲ་ཞིག་བྱུང་ཡང་བྱ་སྤུ་རླུང་གིས་འཁུར་བ་བཞིན་སྡེ་བ་ཡོངས་ལ་ཁྱབ་སྲིད་པ་ནི་ཡ་མཚན་གྱི་གསར་འགྱུར་ཐད་གཏོང་ཁང་ཞིག་གཙུག་ཡོད་པ་འདྲ། ལྷ་ལུང་ཚང་གི་ལུག་ཤི་བའི་སྐོར་དེ་སྡེ་དཔོན་དང་ཨ་ལགས་ཀྱི་རྣ་ལམ་དུ་ཐོས་པ་མ་ཟད་ད་ལྟ་ཁོ་གཉིས་ཀྱི་ཁྱིམ་དུ་རྩད་གཅོད་དུ་འོང་བ་རེད།
  སྡེ་དཔོན་གྱི་གདོང་མདོག་ཀྱང་གློ་མདོག་ཏུ་གྱུར་ཏེ“ཡར་ཀླུང་ཁོག་ཏུ་སྡོན་ན། ཡར་ཀླུང་མཁན་པོར་བསྟུན་དགོས་ཞེས་པའི་གཏམ་དེ་མི་ཤེས་སམ་སྡེ་བས་སྡེ་སྡིག་བཅད་པ་དེ་ཁྱེད་ཀྱིས་ཀྱང་ཤེས་ངེས་རེད། ས་ག་ཟླ་བའི་དུས་མཆོད་སྐབས་སུ་ཁྱེད་ཚང་གིས་ཀྱང་ཤ་གཅོད་རྒྱུར་ཁག་ཐེག་བྱས་པ་མིན་ནམ། ཁྱེད་ཅག་ནི་ཞོ་ལྟར་ཆགས་པའི་སྡེ་བ་འདིའི་བར་སྣང་དུ་འཕུར་གྱིན་པའི་སྦྲང་ནག་དག་རེད”ཅེས་སྡིག།
  སྒྲོལ་དཀར་གྱིས་ལུག་དེ་རང་གར་ཤི་བ་ཞིག་ཡིན་པས་སྡིག་པ་མེད་ཚུལ་དང་ལྷ་ལུང་གིས་ཟི་ལིང་དུ་ནུ་བོར་སྐྱེལ་བར་སོང་བ་སོགས་སྨྲས་ཀྱང་། ཨ་ལགས་རབ་ཏུ་ཁྲོས་ཏེ“ལྟ་ལོག་མ་ཁྱེད་ཀྱིས་ཅི་ཤེས། སངས་རྒྱས་ཀྱི་བསྟན་པ་དེ་ཁྱེད་ལྟ་བུ་ཞིག་གི་གླེང་བྱ་མ་ཡིན་སངས་རྒྱས་བསྟན་པར་ལོག་འགྲེལ་རྒྱག་གིན་མ་སྡོད”ཅེས་བཤད། ཁོ་མོས་ད་ལྟའི་བར་ཨ་ལགས་ནི་འདི་འདྲིའི་མི་གཏུམ་པོ་ཞིག་ཡིན་པ་ཤེས་མ་མྱོང་།
  དོན་དེས་སྡེ་བ་ཧྲིལ་པོ་ཟང་ཟིང་དུ་བཏང་བས་སྒྲོལ་དཀར་འུ་ཐུག་སྟེ་སྡེ་བའི་ཙག་ཙིག་ཚོང་ཁང་ནས་ལྷ་ལུང་གི་ནུ་བོར་ཁ་པར་བཏང་སྟེ་ལྷ་ལུང་ཁྱིམ་དུ་མི་འབོད་མཐུ་མེད་བྱུང་། སྒྲོལ་དཀར་གྱིས་མིག་ཟུང་ཀེམ་ཀེམ་ངང་སྡེ་བའི་མདོ་ན་འཐེན་པའི་རྐང་ལམ་སྟེང་དུ་ཡང་ཡང་བལྟ་བཞིན་ཁྱིམ་ལས་ཙག་ཙིག་དག་སྒྲུབ་ཞོར་ཁྱོ་བོ་ལོག་པར་སྒུག།
  ཕྱི་དྲོའི་མཚམས་སུ༤༥༠རྟགས་ཅན་གྱི་རླངས་འཁོར་ཆུང་བ་ཞིག་བྱ་ཕུར་བ་ལྟར་ཡོང་སྟེ་ལྷ་ལུང་ཚང་གི་སྒོ་ཁ་རུ་ཁ་བཀག། དེ་ནི་ལྷ་ལུང་གི་ནུ་བོའི་རླངས་འཁོར་ཡིན་ཅིང་ལྷ་ལུང་སྐྱེལ་བ་དང་སྦྲགས་ཨ་ལགས་ཚང་ལ་གནས་ཚུལ་དེར་དམིག་ཏེ་འོང་བ་རེད།
  ལྷ་ལུང་གི་ནུ་བོ་ཚེ་རིང་རྒྱལ་གྱིས་རུམ་ལས་ཁ་བཏགས་ཞིག་དང་ཇ་སི་ར་ཞིག་ཨ་ལགས་ལ་ཕུལ་ཏེ་རང་གིས་སྔོན་ཆད་ཕུ་བོ་ལྷ་ལུང་ལ་ཤ་ཁོག་གཅིག་མངག་པ་དང་ཕུ་བོས་རྦབ་རྡོར་གྲིལ་ཏེ་ཤི་བའི་ལུག་ཤ་ཁོག་གཅིག་རང་ཉིད་ལ་སྐྱེལ་བར་འོང་ཚུལ་སོགས་སྨྲས་པ་དང་ལུག་རོ་དེ་རྦབ་རྡོར་གྲིལ་ཏེ་ཤི་བས་སྡིག་པ་མེད་ཚུལ་སོགས་གླེང་བས་ཨ་ལགས་ཁྲོས་སུ་བཅུག་སོང་།
  ཨ་ལགས་ཀྱིས་མི་དགའ་བའི་ཉམས་ཀྱིས“ཁྱེད་ཀྱི་ཇ་དང་ཁ་བཏགས་ཕྱིར་འཁྱེར་ནས་སོང་། ངས་མི་སེར་གྱི་ཅ་དངོས་ཁབ་སྐུད་ཙམ་ཡང་ལེན་གྱི་མེད”ཅེས་བཤད། ཚེ་རིང་རྒྱལ་གྱིས“རང་སྡེ་བས་སྡེ་སྡིག་བཅད་དེ་སྲོག་གཅོད་སྤངས་པ་ནི་སངས་རྒྱས་ཀྱི་བཀའ་ལྟར་མཐུན་པའི་མཛད་བཟང་བླ་ན་མེད་པ་ཞིག་ཡིན་མོད་སྤྱིར་མདོ་དབུས་མཐོ་སྒང་འདི་ནི་གྲང་ངར་ཆེ་ཞིང་སྔོ་ཚོད་སོགས་འབོལ་པོར་ཟ་རྒྱུ་མེད་ཅིང་གྲང་རེག་ཡང་ལྷག་ཏུ་ཆེ་བས་ཤ་མ་ཟས་ན་ལུས་ཁམས་ཀྱི་འཚོ་བཅུད་སྙོམས་སྒྲིག་བྱེད་མི་ཐུབ་ཅིང་། གྲང་ངར་ཡང་འགོག་མི་ཐུབ་པས་འབྱུང་བཞི་འཁྲུག་ཏེ་ནད་སྣ་ཚོགས་འབྱུང་སྲིད། ཤ་རྩམ་གཉིས་ནི་བོད་ཀྱི་ཟ་བཅའ་གཙོ་བོ་མ་ཡིན་ནམ”ཅེས་བཤད་པས་ན་སྡེ་དཔོན་དང་ཨ་ལགས་གཉིས་ཀ་ཁ་སྤོ་ཁ་ནས་ལངས་ཞེ་སྤོ་གཏིང་ནས་ལངས་ཏེ“སྡེ་ཞི་འཇམ་འོ་མཚོ་ལྟ་བུ་འདིའི་ནང་ན་མི་སེམས་དཀྲུག་པར་བྱེད་པའི་དུག་གི་ལྗོན་པ་ཁྱེད་ལྟ་བུ་སྐྱེས་ཡོད་པ་ནི་ད་ལྟ་མ་གཏོགས་མ་ཤེས་ང་ཚོས་ཁྱེད་ནི་ཕྱིའི་སྡེ་ལ་ངོམས་ས་དང་ནང་གི་མིག་དཔེ་བལྟ་ས་རུ་འཛིན་གྱིན་ཡོད་ཀྱང་། བསྟོད་བསྟོད་པའི་མཐའ་མར་ཁྱེད་ནི་སངས་རྒྱས་ཀྱི་བསྟན་པར་ལོག་འགྲེལ་མཁན་ཞིག་ཏུ་འགྱུར་འདུག་ཨང”ཟེར་བཞིན། “ལྟ་ལོག་པ”ལྷ་ལུང་ཚང་སྡེ་བ་འདི་རུ་གནས་ས་ཡེ་ནས་མེད་མཐར་སྤྲོད་དགོས་ཞེས་སྡེ་དཔོན་དང་བཅས་པའི་སྡེ་མི་ཡོངས་ཀྱིས་འུར་སྒྲ་དང་མི་འདོད་པའི་འབོད་སྐད་སྣ་ཚོགས་སྒྲོགས། ཚེ་རིང་རྒྱལ་གྱིས་སྡེ་མི་རྣམས་ལ་གསལ་བཤད་ཇི་ལྟར་གྱིས་ཀྱང“ལྟ་ལོག་པ་ཁྱེད་ཀྱིས་ཨ་ལགས་རིན་པོ་ཆེ་ལ་ཡང་ཁ་ལན་སློག།  ཁྱེད་ལྟ་བུ་ཞིག་སྡེ་འདི་ན་གནས་ས་མེད་ཅེས་སྡིག་པ་ན་ཚེ་རིང་རྒྱལ་འུ་མཐུག་སྟེ་རླངས་འཁོར་ཤུག་ཀྱིས་བསྐོར་བཞིན་རྫོང་མི་དམངས་ཁྲིམས་ཁང་གི་ཕྱོགས་སུ་སོང་།
  སྡེ་བའི་མི་རྣམས་ཡིད་འཚིམ་པའི་མིག་གིས་སྡེ་འདབས་ན་བྱ་ཕུར་བ་ལྟར་བསྐྱོད་བཞིན་པའི་རླངས་འཁོར་ལ་ཅེར་ནས་ལུས། ཕྱི་དྲོའི་གྲང་རླུང་བསིལ་པོ་ཞིག་གིས་རླངས་འཁོར་གྱི་རྗེས་ན་འཐུལ་གྱིན་པའི་ཐལ་འཚུབ་དག་ལམ་ངོགས་ནས་བཏེགས་པ་ནི་འབའ་འབར་ཅན་གྱི་རྐང་ལམ་སྟེང་དུ་དར་ཟབ་ཞིག་བཀབ་པ་དང་ཀུན་ནས་མཚུངས།།
                                           
                                    ༢༠༡༡ལོའི༡༠པའི་ཚེས་༦ཉིན་ཟི་ལིང་དུ་བྲིས།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ལུང་སྡེ་བའི་གྱོད་གཞི།

2011-12-31 གྲ་གཉེན་ཚེ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།