རྔོན་པའི་བུ།
སྡོང་རྒན་དེ་ནི་ར་སྐོར་འདིའི་གོམ་པ་བཅུ་ཕྲག་འགའི་མཚམས་ན་ཡོད་ལ། སྡོང་བོའི་གཞུང་རྟ་ནི་གླང་བོ་ཆེའི་ལྟོ་བ་བཞིན་དུ་སྟུག་ཅིང་ཤ་ཤུར་ཟབ་མོ་མང་བོ་ཡར་འཐེན་མར་འཐེན་བྱས་འདུག སྡོང་རྩེ་ནི་ཨ་སྔོན་མཐོན་པོའི་དབྱིངས་སུ་ཟུག་ཅིང་མཐུག་ལ་ཐར་ཆེ་བའི་ལོ་མའི་ཚོགས་ཀྱིས་རྫོབས་སྟུག་པོར་ཁེབས་ཡོད་པས། ཁབ་རྩེ་ལས་ཕྲ་བའི་ཉི་ཟེར་གྱི་ཟེགས་མ་དག་ཀྱང་བར་ནས་མ་ཤོང་བར་ནག་རོག་གེར་མཆིས། ཁོས་སོས་དལ་མོས་གོམ་པ་གཅིག་རེ་གཅིག་རེ་ཐེག་ལ་མ་ཐེག་གིས་སྔུན་ལ་སྤོ་གྱིན་སྡོང་བོའི་ཉེ་སར་བཅར་ནས་བལྟས་པ་ན། སྡོང་བོའི་གཞུང་རྟ་ནི་མདོག་ཤོར་ཏེ་སྐྱ་ཐག་གེར་ཡོད་ལ། བར་བར་ན་འབུ་གསེ་བོ་དང་སྡོམ་སྡིག་ཕྲན་ཕྲན། གྲོག་མ་མགོ་ཆེ་མང་བོ་མ་ཁོམ་པར་ཡར་འགྲོ་མར་འགྲོ་བྱེད། སྡོང་རྒན་འདི་ནི་ལྕགས་ཀྱི་གདུང་མ་བཞིན་ལོགས་སྐྱེས་གང་ཡང་མེད་པ་ཞིག་མ་ཡིན་ཏེ། ཁོའི་མགོ་ཚོད་ལས་ཅུང་ཟད་ཡར་འཕགས་པའི་ས་ན་ཡལ་ག་མཉེན་ཞིང་འཇམ་པ་སྙོམས་པོར་ཕྱོགས་སུ་བརྐྱངས་ཤིང་སྟེང་དུ་འཁྲི་ཤིང་གི་ལོ་མས་གྱ་ནོམ་དུ་གཅུད་འདུག་པས། ངལ་གསོ་ལ་གོམས་པའི་མི་རྒན་ཕོ་འབུར་དག་གཉིད་པར་ཤིན་ཏུ་འཚམ། ཁོ་བདེ་རྩལ་འཁྱུག་པོས་ཡར་འཛེགས་ནས་ཐོག་ཏུ་བུད་ཅིང་དེ་མ་ཐག་ར་བཟི་བའི་མི་ལྟར་ལུས་པོ་འཕྲེད་དུ་ཡལ་གའི་སྟེང་དུ་འགྱེལ་བ་ན། ཡལ་ག་དེ་ནི་སུ་ཞིག་ལ་འབོད་བརྡ་གཏོང་བའི་ལག་པ་བཞིན་ལྡེམ་ཤུགས་ཆེན་པོས་ཡར་འགུལ་མར་འགུལ་བྱས་བྱུང་། མིག་གིས་གནམ་ལ་བལྟས་ཚེ་སྡོང་རྒན་དེའི་རྫོབ་ཅིང་མཐུག་པའི་ཡལ་གའི་གསེབ་ནས་རྩེ་མོར་བཅོས་པའི་ཁ་སྐྱག་གི་ཚང་དེ་རབ་རིབ་དུ་མཐོང་ཐུབ། རླུང་བུ་བསིལ་མོ་དེའི་ཤུགས་ཀྱིས་ད་སོ་མར་ལོ་མ་ལེབ་མོ་ཞིག་འཕྱོ་ཙམ་འཕྱོ་ཙམ་བྱས་ནས་མར་བབས་ཡོང་ལ་ལོ་མ་དེའི་གར་གྱིས་ཁོའི་མིག་གི་ལམ་དུ་འཕྱོ་ཙམ་འཕྱོ་ཙམ་བྱས་ནས་མར་འཕྱང་འགྲོ་བའི་ཟ་འོག་གི་རི་མོས་སྤུད་པའི་གོས་ལྭ་དེ་མངོན་ཡོང་ཞིང་། དེར་མཐུད་ནས་ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོའི་བགད་ལ་མ་བགད་པ་འདྲ་ལ། འཛུམ་ཞིང་མ་འཛུམ་པ་དང་ཡང་མཚུངས་པའི་ངོ་གདོང་དེ་ཤར་ཡོང་། ཞོ་གསར་ཆགས་པའི་ངོ་གདོང་དེའི་གསེབ་དུ་བཞའ་སྐུང་བྱས་པའི་མཚམས་སྤྲིན་དམར་བོའི་ཁ་སྐྱེངས་ཀྱི་ཕྲ་རྒྱན།
དཀར་རོ་དུང་གི་སྒོང་རིལ་དེའི་རྩེ་ན་ནག་ཅིང་དྭངས་ལ་གོར་ཞིང་འཁྱུག་པའི་མིག་གི་དཀྱིལ་འཁོར་ནང་མ། སྐྲ་ལོ་སྣུམ་པའི་ཉེ་གམ་ན་ཆུ་ཟིལ་བཞིན་དམར་ཤ་ཆགས་ལ་གཉོམ་དུང་གི་སྐུམ་པའི་ཚུལ་དུ་བཞུགས་པའི་མཆུ་ཡི་འདབ་མ།འབྱིན་རྔུབ་རྩུབ་རགས་ཀྱི་འདེགས་འཇོག་གསལ་བའི་དབུགས་ཀྱི་གོམ་ཁའི་ལྕི་ཡང་དང་།ཟ་རྐོང་མར་འགྲམ་ན་རླུང་གི་འཕྱོ་ཤུགས་ཀྱིས་ལྡེམ་ལྡེམ་པྲ་ཚག་བྱེད་པའི་པགས་པ་དཀར་རོའི་མྱུ་གུ།
རེ་རེ་བཞིན་ཡིད་ཀྱི་གཅལ་དུ་བཀྲམ་ནས་མཁའ་ལ་གཟུགས་བརྙན་བཞིན་གསལ་ལེར་མངོན་ཡོང་། དེའི་མུ་ལ་སེམས་པའི་གཤོང་དུ་ན་ཟུག་གི་མཚོ་མོ་འཁྱིལ་ནས་མིག་ཀོང་ཡང་འོད་ཀྲིག་ཀྲིག་ཏུ་བྱས་བྱུང་། ཆབས་ཅིག་རྒྱལ་ཁམས་འགྲིམ་པའི་ཁ་སྐྱག་ཨ་མས་ཁ་ཟས་ཞིམ་པོ་རེ་འཁྱེར་ནས་ཕྱིར་ཕེབས་བྱུང་བས་ཁ་སྐྱག་བུས་བ་དག་གིས“ཕ་ཕ-----ཕ”ཞེས་རང་ལ་མཁོ་ཚུལ་གྱི་བརྡ་བཏང་བྱུང་། ཁོས་ལུས་པོ་འགུལ་ཙམ་བྱས་ཏེ“ཕ་ཕ----ཕ་ཡུལ”དང་རྒྱལ་ཁམས་འགྲིམ་ཚུལ་དྲན་བྱུང་།
ཁོ་ཚང་ནི་མེས་པོའི་རིང་ནས་རྔོན་པའི་ཁྱིམ་ཚང་ཞིག་ཡིན་ལ། རི་བོ་ཀུན་གཙང་ནི་སྐྱིད་ན་སྡུག་ན་ཤི་ན་གསོན་ན་ཁོ་ཚང་གི་འཚོ་རྟེན་ཉག་གཅིག་ཏུ་གྱུར་ཡོད། ཀུན་གཙང་རི་བོ་འདིས་ལོ་ཁོར་མོ་ཡུག་ཏུ་རྩེ་མོར་ཁ་བའི་ཅོད་པན་གྱོན་ཡོད་པས་དཀར་བོང་བོང་བྱེད་ལ། སྐེད་པར་ནགས་ཚལ་གྱི་གཡོགས་ཁེབས་སྟེང་དུ་ཤ་རྐྱང་རི་དྭགས་དང་བྱ་བྱེའུ་འབའ་འབུའི་ཕྲ་ཚོམ་བཏབ་ཡོད་པས་རྔོན་པའི་མིག་ལམ་ནས་ཅི་འདྲའི་མཛེས་པ་ཞིག་རེད་ཨང་། ཁོའི་ཕ་མ་གཉིས་ལ་གཞོན་སོ་དཀར་གྱི་ན་སོ་ཡོལ་ནས་རྒན་མགོ་དཀར་གྱི་དུས་སུ་ད་གཟོད་བུ་འདི་བྱུང་བས། གདོང་ནས་ཡུན་རིང་ལ་དམ་པོར་སྦྲེལ་བའི་གཉེར་མདུད་ཟབ་མོ་དག་ཀྱང་དགའ་སྤྲོའི་སེམས་ཀྱི་དབའ་རླབས་ཤིག་གིས་འཁྱེར་ནས་གར་སོང་རྗེས་མེད་དུ་གྱུར་ལ། བུ་ཆུང་ཁོ་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་སྟག་གིས་བཟུང་བའི་ལོ་དེར་ན་རྒས་ལོ་ཡིས་འཐིབས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་གཤར་སོང་།
རྔོན་པའི་བུ་འདི་གཤིས་ཀ་གསལ་ཞིང་རང་བཞིན་བཟང་ལ་བློ་རིག་གྲུང་ཞིང་བཀྲ་བ་དང་ངང་རྒྱུད་འཇམ་ལ་གཤིས་རྒྱུད་དྲང་བ། བརྩོན་པའི་ངར་ཁ་ནི་སྐམ་ཁབ་ལས་རྣོ་ཞིང་། ལྷག་པར་ཞལ་རས་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། ཁོས་ཕ་མ་གཉིས་འདས་རྗེས། ཉི་མ་རེ་རེ་བཞིན་དོང་རལ་དང་མདའ་གཞུ་རྒྱབ་དུ་འཁུར་ནས་གོམ་ཁ་ལ་སོས་དལ་མེད་པར་ལ་བརྒལ་ལུང་བརྒྱབ་ཀྱིས་ཉིན་ཧྲིལ་བོར་གང་སར་འཁྱམས་ཀྱང་སྤུ་ཁ་འཇམ་ལ་ཤ་ཁ་ཅུང་ཚོ་བའི་རི་དྭགས་དེ་དག་ནི་དྲི་ཟའི་གྲོང་ཁྱེར་བཞིན་མཐོང་དཀོན་ལ། ཐ་ན་ཉིན་ཞག་དུ་མར་ཡར་རྒྱུགས་མར་རྒྱུགས་དང་ཤར་འཁྱམས་ནུབ་ཉུལ་བྱས་ཀྱང་ཨ་ཕོ་འབྲོང་ལྟ་བུའི་རི་དྭགས་བརྗིད་པོ་ལྟ་ཞོག ཨ་ཅག་ཝ་དང་རི་བོང་སྲེག་པ་ལྟ་བུའི་རི་དྭགས་བྱིས་པའི་མཐེབ་ཆུང་འདྲ་བའང་ལག་ཏུ་ཆུད་དཀའ་བས་འཚོ་བ་ནི་ཉིན་རེ་ནས་ཟླ་རེར་ཇེ་ཞན་ཇེ་སྡུག་རེད། ཕ་མ་གཉིས་ཚེ་ལས་འདས་ཁར་རང་ཉིད་གཅིག་པུ་ཤུལ་དུ་གནའ་རྫས་བཞིན་བསྐྱུར་བྱུང་ལ་ད་ནི་འགྲོ་ན་འགྲོ་རོགས་མདའ་གཞུ་དང་འདུག་ན་འདུག་གྲོགས་གྲིབ་མ་ལས་མེད་པས་གར་འཕུར་ཐང་དཀར་རྒོད་བཞིན་ནམ་ཞིག་གི་ཚེ་ཕྱིའི་རྒྱལ་ཁམས་ཉུལ་བའི་འདུན་པ་འགོག་མེད་སྐྱེས།
དེ་རིང་ནི་བཀྲ་ཤིས་པའི་དུས་བཟང་གི་ཉིན་མོ་ཞིག་སྟེ་མཐོངས་ན་གནམ་ཨ་སྔོན་ངུ་ལ་ཁད་བྱེད་ཀྱང་ཁོས་ཐང་དཀྱིལ་གླ་བོ་ཁེར་ཉལ་ཞིག་རྔོན་ཐུབ་སོང་བས་དངོས་གནས་ཉིན་བཟང་བོ་འདུག ཁོས་གླ་བོ་དེ་དཔའ་ངར་གྱི་དཔུང་བ་ཇེ་རོམ་དུ་བཏང་ནས་ནང་ཐུར་ལ་རྗེས་ན་གང་གིས་ཕུ་འདེད་གཏོང་བ་ལྟར་གོམ་ཆུང་མྱུར་མོས་ཁུར་ཡོང་ལ། ལ་གྱེན་དུ་གཞུག་ན་གང་གིས་འཐེན་པ་ལྟར་ན་རེ་ནུར་རེ་དྲུད་ཡོང་། ཁོ་སྤྱིལ་བུའི་སྒོ་ཁར་ཐོན་དུས་ལུས་ཡོངས་རྔུལ་ཆུས་བཤལ་ཏེ་ཕྱི་ནང་གསང་གསུམ་མེད་པར་བངས་འདུག ཁོས་མཚན་དེར་སྤྲོ་འཛུམ་གདོང་ནས་མ་འཚོགས་པར་ཡོངས་སུ་ལུད་དེ་སྔར་འཐུང་མ་མྱོང་བའི་བྲོ་བ་ཆེས་ཞིམ་པའི་དགོང་ཚལ་མངར་མོ་ཞིག་འཐུང་སོང་། དེ་ནི་གླ་ཤ་ཟོས་པས་མིན་ཏེ་རྔུལ་ཆུ་འཐུང་བས་རེད།
ཕྱི་ཉིན་ཁོ་སྔ་མོ་ནས་མལ་ལས་ལངས་ཏེ་པགས་ལ་དྲོན་པོར་གྱོན་ཞིང་ཕ་མ་གཉིས་ཀྱིས་བསྐྱུར་བའི་དུང་ཙེའི་ཁུག་སྣོད་དང་ཚྭ་ཤའི(ཚྭ་ཁུ་བྲོ་བའི་ཤ་སྐམ)་སྒྲོ་བ་ཏ་ལེན་དུ་འཁུར་ཞིང་ཁྱིམ་རྒྱུད་ཀྱི་ཤིང་རྟ་རྐང་གཅིག་མ་དེ་དྲུད་ནས་རྒྱལ་ཁམས་འགྲིམ་པའི་ལམ་ཆུང་དུ་གོམ་ཁ་དང་བོ་བསྒྱུར། འབའ་འབུར་མི་སྙོམས་པའི་ལམ་གྱི་སྒང་གཤོང་གི་སྟབས་ལ་ཁེན་ནས་ཤིང་རྟའི་ཁུག་མའི་ནང་དུ་གཅུད་པའི་ཤ་གཟུག་དེ་གསོན་ཉམས་ཀྱིས་མེར་མེར་འགུལ་བར་བྱེད། ཁོ་མཐོངས་ཡངས་པའི་གཡེར་མོ་ཐང་དེ་བརྒྱུད་སྐབས་མགོ་ཐོག་ནས་ཁྲི་གདུགས་ཉི་མས་འཛུམ་དམུལ་ལེར་ཚ་ཟེར་གྱི་རྒྱན་པོ་འགྱེད་བཞིན་སྙད་བརྐོས་བྱུང་ལ། བྱི་ལོང་མིག་མེད་དེ་ཚོས་ཀྱང་ཏག་ཏག་ལམ་དཀྱིལ་ནས་ས་བརྐོ་རྡོ་སློག་བྱས་ཏེ་ཅོ་དྲིས་བྱུང་བས་ཁོའི་གློ་སྙིང་མཆིན་གསུམ་ནས་རྔུལ་ནག་ཤམ་ཤམ་བཞུར། ལུང་མདོའི་མཚོ་ཁ་དེར་ཐོན་པ་ན་ཉི་མ་འདེ་བཞིན་པའི་ཉ་མོ་རྒན་རྒོན་མང་བོ་མགོ་བོ་ཕར་གཡོ་ཚུར་གཡོ་དང་རྔ་གཤོག་ཡར་གཡུག་མར་གཡུག་བྱེད་ཀྱིན་བདེ་བར་མཚོ་གཏིང་དུ་བཤར་སོང་ལ། ཤུལ་དུ་བྱེ་མའི་ཕོན་པོ་དང་རྡོ་བ་ལེབ་མོ་དག་གནའ་རྫས་བཞིན་བསྐྱུར་བྱུང་། ལྟེམས་མེར་འཁྱིལ་བའི་མཚོ་མོ་ནི་ཉ་མོའི་འགྲོས་ཀྱིས་འདར་ཡོམ་ཡོམ་བྱེད། དེ་ནི་ཕ་མ་གཉིས་བཤར་ཤུལ་གྱི་རང་ཉིད་ཀྱི་གྲང་ཤུར་ཤུར་གྱི་སེམས་པ་དང་མཚུངས་ཨང་། ཁོའི་མིག་མཐའ་ནས་ཀྱང་ཉ་མོ་མེད་པའི་མཚོ་མོ་ཞིག་ལྟེམས་མེར་འཁྱིལ་ཡོང་།
ཉིན་འདི་དག་གི་རིང་ལ་ཉི་མ་ནི་གསེར་ཆུས་ཡག་ལས་བྱས་པའི་མཛེས་མའི་ངོ་གདོང་བཞིན་ཀུན་གསལ་མེ་ལོང་དུ་ཡུན་རིང་ཧད་དེ་ལྟ་ཞིང་སེར་ལམ་ལམ་བྱེད་ལ། ས་རུ་བསིལ་རླུང་གི་གནོན་ཤུགས་ཐེབས་པའི་ཤིང་གི་ཕྱགས་མས་ཡང་ཡང་གད་བདར་བཏང་སྟེ་ན་བུན་ས་རྡུལ་གྱི་དྲི་མ་གར་སོང་ཆ་མེད་དུ་གྱུར་འདུག་པས་མཛེས་ཤིང་ལྟ་ན་སྡུག་ལ་མིག་དབང་འཕྲོག་པ་ཞིག་རེད། ཡིན་ཡང་ཁོ་ཐོག་དང་བོར་ཕྱི་རོལ་རྒྱལ་ཁམས་འགྲིམ་པ་ཡིན་པས་ཕྱི་ཡུལ་གྱི་ལེགས་ཉེས་གོད་ཆག་ལ་ཆ་རྒྱུས་མེད་ཅིང་མ་འོངས་པའི་ལམ་ཁ་ལ་ཡང་གདེང་ཚོད་ཉམས་ཏེ་སེམས་བློང་བློང་བོར་གྱུར་ཞིང་མིག་དབང་ཇེ་ཞན་དུ་སོང་བའི་སྣང་བ་ཞིག་གིས་ཕྱི་ཡུལ་གྱི་མཛེས་རིས་དེ་དག་ལ་དོ་སྣང་དེ་འདྲ་བྱ་མ་ཐུབ། ཁོས་རང་གི་ཕྱི་རྗེས་སྙེག་གིན་པའི་གྲིབ་མ་ནག་རིལ་དེ་ཡབ་ཡུམ་གཉིས་ཀྱི་བསྡོངས་གྲོགས་ཡིན་པར་བསམ་དུས་ཡར་ལངས་པའི་སེམས་པ་ཅུང་ཟད་མར་ཉལ་འགྲོ།
སྐྱ་ཐག་གེར་འཐེན་པའི་ལམ་ནི་ཟད་དེ་ཁ་ལྕེའང་སྐམ་འདུག ལན་རེར་ལམ་གཞུང་ནས་ས་རྡུལ་སོག་སོག་བྱེད་པའི་འཚུབ་མ་ཆུང་ཆུང་རེ་དྲི་བཞོན་བུ་མོའི་རྒྱུ་ཕྱོགས་དང་བསྟུན་ནས་འགྲེ་ལོག་རྒྱག་བཞིན་ལྡང་ཡོང་ལ། སྐབས་རེར་ཁ་ངོ་ཡོངས་སུ་ཟད་པའི་ལམ་ཐོག་ན་སེམས་ཅན་གྱིས་བཏང་བའི་གཅིན་པ་ཕྱོགས་སུ་བཞུར་ནས་སྐམ་འདུག་པ་མཐོང་ཐུབ། གང་ལྟར་མི་རྣམས་ཡར་འགྲོ་མར་འགྲོ་བྱེད་རྒྱུ་རྒྱུན་མ་ཆད་པས་བར་ཐག་ངེས་ཅན་གྱི་མཚམས་ནས་ཅིས་ཀྱང་ཇ་ཁང་དང་ཆང་ཁང་ཆུང་ཆུང་རེ་རིག་རྒྱུ་འདུག ཁོས་ཐོག་མར་སླེབས་པའི་ཆང་ཁང་དེ་ནས་ལོ་ཆང་ཁམ་པ་འཁྱག་ཏོ་དཀར་ཡོལ་གང་སྒོག་འཐུང་བྱས་རྗེས། མྱུར་དུ་གླ་ཤ་དེ་བླངས་ནས་རིན་གོང་བདེ་མོར་བཙོང་ཞིང་ཁྱིམ་རྒྱུད་ཀྱི་ཤིང་རྟ་རྐང་གཅིག་མ་དེ་ཡང་བཅོལ་བསྡམས་ལེགས་པོར་བྱས། ཕྱི་ཉིན་ནངས་མོར་ཉི་མ་ལྷོད་ལ་བབས་དུས་ཞེན་ཆགས་ཀྱི་ཕྱི་མིག་ཡང་ཡང་བལྟ་བཞིན་ལམ་ཆས་བརྒྱབ། ཉི་མ་འདི་འགའི་རིང་ལ་འཁུར་བའི་ཁུར་བོ་ལྗིད་མོ་དེ་འདི་ལྟར་མེད་པར་གྱུར་བས་ཡང་ལ་ཤུགས་རྒྱས་པའི་ཚོར་བ་ཞིག་བྱུང་ཞིང་རིག་པའང་ཇེ་གསལ་དུ་སོང་། ལམ་དུ་ལོ་ན་རྒན་གཞོན་དང་དཔོན་ཆེན་མི་ཆུང་མེད་པར་ཆ་ལུགས་འདྲ་མིན་སྣ་ཚོགས་ཀྱི་མི་མང་བོ་ཞིག་གཤར་གྱིན་ཡོད་ལ་གདོང་དུ་ཟོ་མདོག་ཤར་འདུག་པས་ཁོས་ཀྱང་མི་འགྱང་བར་མི་ཚོགས་མང་བོ་འདུ་ས་ཞིག་ཏུ་ཐོན་རྒྱུ་ཡིན་པ་ཤེས་ཏེ་སྣང་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་སོང་། ད་ནི་གོམ་པའི་འདེགས་འཇོག་ཀྱང་ཡང་ཟོར་དང་ལྡན་པར་གྱུར་ཏེ་སྤྲིན་ཐོག་ལ་ཞབས་སེན་འགོད་པ་དང་ཨ་ན་མ་ན་རེད། ཁོ་སེམས་ཀྱི་སྤྲིན་ཐོག་ནས་དར་ཅིག་ལ་བསྐྱོད་པ་ན་མདུན་ཕྱོགས་ནས་རྟ་མཆོག་ལྔས་མི་རེ་རྒྱབ་དུ་འཁུར་ནས་མགོ་བོ་སྒུར་ཙམ་སྒུར་ཙམ་གྱིས་ཕྱག་འཚལ་གྱིན་འཚལ་གྱིན་ཐོན་ཡོང་། དེ་དག་ནི་བུ་མོའི་གཞུག་གི་ངོ་གདོང་སྣུམ་ཙིག་ཙིག་བྱེད་པའི་སྲུང་དམག་བཞི་ཀ་ལྟར་གཟུགས་བོངས་ཆེ་ཞིང་སྤུ་མདོག་འོད་ཀྱུག་ཀྱུག་བྱེད་ལ་ཕལ་ཆེར་སྔ་དྲོ་རྟ་བོ་ཆས་ཀྱིས་གསོས་པ་འདྲ། བུ་མོ་དེ་རུ་དར་བཞིན་ཆེད་དུ་ཁོའི་ཕྱོགས་སུ་གདོང་གཏད་ནས་འཕྱར་ཡོང་བས་དེ་མ་ཐག་ཁོའི་མིག་ཟུང་ཇེ་ཆུང་དུ་གྱུར་ནས་བུ་མོ་དེ་གཅིག་པུ་ལས་མི་མཐོང་ཞིང་སེམས་པ་ཇེ་འཁྱག་ཏུ་སོང་ནས་གཞན་པའི་ཆོས་དངོས་ཐམས་ཅད་སྐད་ཅིག་གིས་འཁྱག་པས་བསྡམས་སོང་།
མཛེས་པའི་གདོང་ལ་སྐྱ་ཀ་ཁྲ་མོའི་མིག །
ཕྲ་བའི་མགུལ་ལ་ཀ་ལ་པིང་ཀའི་གསུང་ །
དར་བའི་ལུས་ལ་རྨ་བྱ་སྔོན་མོའི་གོས །
མུ་ཏིག་དོ་ཤལ་འོག་ན་འོ་མའི་རི །
རིན་ཆེན་རྣ་རྒྱན་གོང་ན་དབེན་པའི་ནགས །
ལྟ་བས་མི་ངོམ་ཡིད་འཕྲོག་ལྷ་མོའི་སྤུན །
ཉན་པས་མི་ཟད་ཚངས་སྲས་བུ་མོའི་གྲོགས །
ཀྱེ་ཀྱེ་ཁྱོད་འདྲ་རིག་པ་བསོད་ནམས་བཟང་ ། ཞེསདུང་གི་སོ་ལས་སྒྲ་རུ་མ་ཐོན་ཡང་།དམར་ཆུང་སེམས་ནས་ཀུ་ཅོ་ཆེན་པོས་བོས།རེ་ཞིག་དེ་ནས་འབག་སྐུ་བཞིན་ཧོན་ཐོར་ཏེ་བསྡད། མིག་ཟུང་ཇེ་ཆེ་དང་སེམས་རྒྱ་ཇེ་ཡངས་སུ་སོང་དུས་རྟ་བཞོན་བུ་མོ་སྔར་ནས་རྒྱང་རིང་དུ་ཕྱིན་ཚར་ཞིང་ཟ་འོག་གི་རི་མོས་སྤུད་པའི་གོས་ལྭ་དེ་ཉི་ངོགས་ན་འཕྱོ་ཙམ་འཕྱོ་ཙམ་བྱས་ནས་མར་འཕྱང་འགྲོ་གིན་པ་རབ་རིབ་དུ་མཐོང་ཐུབ།
ཉི་མའི་མགོ་བོ་ནུབ་རིའི་ཕང་བ་ལ་སྔས་ཏེ་མཚམས་སྤྲིན་དམར་བོའི་མགུལ་རྒྱན་བསྒྲིགས་དུས་ཁོ་མི་ཚོགས་མང་བའི་གྲོང་བརྡལ་ཞིག་ཏུ་ཐོན། དེ་ནི་ཁོའི་བསམ་ཚོད་ལས་ལྡབ་འགྱུར་གྱིས་ཆེ་ཞིང་དཀྱུས་ཕྲ་ལ་ཞེང་རིང་བ་ཞིག་ཡིན་པས་ལོགས་ཀྱི་རི་བོ་དེར་བཅིངས་པའི་སྐ་རགས་ཤིག་དང་ཅིས་མི་མཚུངས། ཁོ་གྲོང་བརྡལ་དེ་རུ་ཟླ་བ་གསུམ་ལ་བསྡད་ནས་ཁྱིམ་ཚང་ཞིག་ལ་རྟ་འཚོ་རོགས་བྱས་པས་སྟོང་བར་གྱུར་བའི་དངུལ་ཁུག་ཇེ་ལྗིད་ནས་ཇེ་ལྗིད་དུ་གྱུར་ཞིང་རྟ་ཞིག་ཀྱང་རྒྱལ་སར་འགྲོ་སྤྱད་དུ་སྦྱིན་བྱུང་། ཁོ་རྟ་བཞོན་བུ་མོ་སོང་བའི་ལམ་དེ་དེད་ནས་རྒྱལ་སར་ཆས་སྐབས། སྣང་བ་ཞིག་ལ་རྟ་བཞོན་བུ་མོས་མདུན་ཕྱོགས་ན་ཟ་འོག་གི་རི་མོས་སྤུད་པའི་གོས་ལྭ་འཕྱོ་ཙམ་འཕྱོ་ཙམ་བྱས་ནས་སྒུག་ཡོད་ཅིང་། ཕ་མ་གཉིས་ཀྱིས་གཞུག་ན་ནག་རིལ་རིལ་དུ་བསྡོངས་གྲོགས་མཛད་ཀྱིན་འདུག་སྙམ་ནས་གྲོང་བརྡལ་འདི་ཤུལ་དུ་གནའ་རྫས་བཞིན་བསྐྱུར་བྱུང་།
རྒྱལ་ས་ནི་དངོས་གནས་མི་ཚོགས་ཀྱིས་ཕྱུར་བར་གཏམས་པ་ཞིག་རེད་ཨང་། དེ་ཚོ་འཛད་མཐའ་མེད་པར་སྲང་ལམ་ངོགས་ན་ཤར་ཤུར་དུ་བཞུར་གྱིན་འདུག ཁོ་ཐོག་མར་ཧད་ཅིང་དེ་ནས་མཚར་ཉམས་ཀྱིས་ཡར་ལྟ་མར་ལྟ་བྱས་པ་ན་ཁང་བའི་ཚོགས་ནི་ལམ་གྱི་འགྲམ་གཉིས་ན་གཡས་གཏད་གཡོན་གཏད་ཀྱིས་སོ་ཕག་བསྒྲིགས་བསྒྲིགས་བྱས་ཡོད་ལ། ཐང་གི་གཅལ་དུ་ངོས་སྙོམས་པའི་རྡོ་ལེབ་འཇམ་ཞིང་ཆེ་བ་མང་བོ་བཏིངས་འདུག སྒྲ་དབྱངས་སྣ་ཚོགས་ནི་རྔ་སྦུག་ནང་དུ་གླིང་བུ་བཞིན་ཤིན་ཏུ་མི་མཛའ་བར་འབྲུག་སྟོང་ལྡིར་ལྡིར་བྱེད། འབྲུག་སྟོང་བོ་དེའི་ནང་ནས་ཀྱང
འབྲུག་འགོ་མ་སྐད་གསེང་ཅན་པོ །
ཟླ་ལྔ་བའི་ནང་གི་དྲོད་ཁོལ །
བྱ་རྨ་བྱའི་སྙིང་གི་ཐིག་ལེ །
གནམ་ཨ་སྔོན་རྒྱལ་མོའི་གཅེས་ཕྲུག །
ནི་བཀྲེས་སྐོམ་གྱིས་ཕོ་བ་འུར་ཁྲོག་བྱེད་པའི་ཁོ་ལ་མཚོན་ན་ཟ་ཁང་གི་ཞབས་ཞུ་བའི་མགྲོན་འབོད་གཏོང་བའི་སྐད་དེ་ཡིན་པ་སྨོས་ཅི་དགོས། ཁོས་ཅོག་ཙེ་གྲུ་བཞི་ཆུང་ཆུང་ཞིག་གི་སྟེང་ནས་ཐུག་པ་དཀར་ཡོལ་གང་རྔམས་འཐུང་བྱེད་སྐབས་འཁྲིས་ཀྱི་ཅོག་ཙེའི་སྟེང་གི་མི་དེ་དག་གིས་སྟོང་ཕོད་དང་བློ་ཁོག་ཆེན་པོས་ཁ་བརྡ་བྱེད་ཀྱིན་འདུག “གོ་ནི་ཡིན་ན་ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་རྙེད་བཏང་གཟིགས་ཟེར་ག”“སྲས་མོ་འདི་པྲ་ཚག་ཆེ་བ་ལ་ཨང་། ཨ་ཁུ་རྒྱལ་བོ་སེམས་ཚེགས་ཆེན་པོར་གཏད་ཡོད་རྒྱུ་རེད། དཀོན་མཆོག་མཁྱེན། ད་རྙེད་བཏང་ན་བཟང་།”“རྒྱལ་སྲས་དམག་ཐོག་ནས་མི་གྲོངས་རྒྱུ་ན་རྙེད་མི་རྙེད་ད་རུང་ཡང་བཤད་དཀའ་རྒྱུ་རེད”“སྲས་མོ་ཡང་ལོ་ན་གཞོན་པས་ཁག་ཅི་ཡོད”“……”
ཁོ་སྣེ་གཉིས་ཕྱོགས་སུ་བརྐྱངས་ནས་ནུབ་འདུག་པའི་སྲང་ལམ་དུ་ཉུལ་སྐབས། གློ་བུར་དུ་དབུགས་རྒྱུན་བཙན་པོ་ཞིག་ཁོའི་ལུས་པོའི་ནང་རིམ་ནས་ཕྱི་རིམ་བརྟོལ་ཏེ་ལྡང་ཡོང་ལ། དེ་མ་ཐག་མིག་ཟུང་ཇེ་ཆུང་དུ་སོང་། སེམས་པ་ཇེ་དོག་ཏུ་གྱུར་ནས་ཕྱིའི་ཆོས་དངོས་ཐམས་ཅད་འཁྱག་པས་བསྡམས་ཏེ་ཁུ་སིམ་སིམ་བྱེད། ད་ནི་སྐྱ་ཀ་ཕྲ་མོའི་མིག་དཀྱུས་ཅན་གྱི་རྟ་བཞོན་བུ་མོ་ལས་ཤོང་རྒྱུ་མི་འདུག རིམ་གྱིས་མིག་ཟུང་ཇེ་ཆེ་དང་སེམས་རྒྱ་ཇེ་ཡངས་སུ་སོང་དུས་རྟ་བཞོན་བུ་མོ་སྔར་ནས་རྒྱང་རིང་དུ་ཕྱིན་མེད་ལ། མོའི་ཟ་འོག་གི་རི་མོས་སྤུད་པའི་གོས་ལྭ་དེ་ཡང་འཕྱོ་ཙམ་འཕྱོ་ཙམ་གྱིས་མར་འཕྱང་རྒྱུ་མི་འདུག དེ་ནི་མོའི་གཟུགས་རིས་བཀོད་པའི་བསྒྲགས་ཡིག་ཅིག་རེད། ལུས་པོ་འགུལ་ཙམ་བྱས་པ་ན་གམ་ནས་གྲིབ་མ་ནག་རིལ་དེ་ཡང་འགུལ་ཙམ་བྱས་བྱུང་། ད་ཐེངས་ཁོས་གྲིབ་མ་དེ་རང་གི་ཕ་མའི་བསྡོངས་གྲོགས་ཡིན་པར་མ་སེམས། དེ་ནི་རྒན་པོ་ཞིག་གི་གུག་ཅིང་འཁྱོག་པའི་གྲིབ་མ་རེད། ཁོས་བསྒྲགས་ཡིག་སྟེང་ན་ཅི་ཞིག་ཟེར་གྱིན་འདུག་ཅེས་དྲིས་པ་ན། རྒན་པོ་དེས་ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་རྙེད་ན་དངུལ་སྲང་སྟོང་གི་བྱ་དགའ་སྟེར་རྒྱུ་ཡིན་ཚུལ་ལབ་འདུག་ཟེར་ལ་འགྲོ་ཁར་ད་རུང་ད་ཐེངས་ཕྱི་ཕྱོགས་ལ་དམག་བཀྱེས་ནས་རྒྱལ་སྲས་གྲོངས་ཚུལ་དང་ཨ་ཁུ་རྒྱལ་བོས་དམག་བསྡུ་གིན་ཡོད་རབས་བཤད། ཁོ་རྒན་པོའི་ངག་ལྟར་མདུན་ཕྱོགས་སུ་འགྲོ་སྐབས་གཞུག་ནས་དངོས་པོ་གང་ཞིག་འཕྱོ་ཙམ་འཕྱོ་ཙམ་བྱས་ནས་མར་འཕྱང་སོང་། དེ་ནི་མ་གཞིར་ཟད་ནས་ཐེད་འདུག་པའི་བསྒྲགས་ཤོག་གི་སྣེ་མོ་ཞིག་རེད། ཁོ་རྒན་པོས་བཤད་པ་ལྟར་མདུན་དུ་སོང་བ་ན་དངོས་གནས་དམག་བསྡུ་ར་བར་ཐོན་སོང་། རྒྱུགས་གཞི་ནི་རྟ་ཞོན་པ་དང་མདའ་འཕེན་པ་རེད། ཕྱི་ཉིན་ཉི་ཤར་གྱི་རྩེ་མོ་དེར་རྟེན་འབྲེལ་གྱི་འགོ་མར་རྟ་རྒྱུགས་མདའ་འཕེན་བྱེད་སྐབས་ཁོ་རྟ་འདོ་བའི་གོང་ནས་བལ་དཀར་གྱི་ཡང་ཡིན་ཞིང་མདའ་འཕེན་པའི་རྩལ་ལ་ལྷན་སྐྱེས་ཀྱིས་དབང་འབྱོར་བས་ཀུན་གྱི་མིག་དབང་རི་མོར་བྱས་ཏེ་གོ་ས་ཆེ་ཙམ་ཐོབ། གཤིས་བཟང་བློ་རིག་བཀྲ་ཞིང་ངང་རིང་རྒྱུད་གཤིས་འཇམ་པས་གཞན་གྱི་སེམས་པ་གོར་མོ་བཞུས་ཏེ་ཀུན་ཀྱང་ཁོ་ལ་གཉོམ་དུང་དུང་དུ་གྱུར། དམག་ཏུ་ཞུགས་ནས་ལོ་ངོ་གཅིག་ཙམ་སོང་བའི་རིང་ལ་ཁོའི་གོ་གནས་སྤྲེའུའི་མཆོངས་པ་ལྟར་གོང་དུ་འཕར་ཏེ་དམག་དཔོན་ཆེན་མོར་བསྡད། ། ཡིན་ཡང་ཨ་ཁུ་རྒྱལ་བོས་ཁོ་ལ་སེམས་ནག་ནག་བཟུང་ནས་མིག་དཀར་བོས་བལྟ། ད་ཐེངས་ཆེད་དུ་རི་དྭགས་རྔོན་པ་ལ་ཁ་གཡར་ཏེ་ཁོ་རང་ནགས་ཀློང་སྟུག་པོར་སྤྱུགས་བྱུང་། ཁོས་ནགས་ཚལ་ནས་མྱང་བའི་སྡུག་བསྔལ་ཡིད་ལ་དྲན་པ་ན་ལུས་ལ་འཁྱག་འདར་ཞིག་བརྒྱབ་ཅིང་ཡུན་རིང་བཙུམ་པའི་མིག་ཟུང་ཕྱེས་ཏེ་ཡར་བལྟ་དུས། ཁ་སྐྱག་ཁྱིམ་ཚང་གང་བོ་སྔར་ནས་གཉིད་ཟིན་ལ། ནམ་མཁའ་ན་ཟླ་བ་ལྷ་མོས་དལ་ཅག་གེར་མིག་ཧྲིག་ཧྲིག་གིས་ཐུར་དུ་བལྟས་འདུག ཁོས་ནམ་གུང་དུ་སླེབས་པ་ཤེས་ནས་སྡོང་བོ་ལས་དལ་གྱིས་མར་བབས་ཞིང་བརླན་གྱིས་ནེམ་ནས་འདུག་པའི་སྤང་ཤའི་སྟེང་གོམ་པ་སྤོ་གྱིན་ར་སྐོར་ནང་གི་བྲག་དོང་དུ་ཕྱིན། བྲག་དོང་ནང་ནག་རོག་གེར་ཡོད་པས་མིག་གིས་ཅི་ཡང་མི་མཐོང་། ཁོས་རྐང་མྱོང་ལག་མྱོང་གིས་ཡུན་རིང་ལ་བཙལ་མཐར་ད་གཟོད་གཙོད་ཀྱི་པགས་པ་དེ་རྙེད་ཐུབ་སོང་། ཉིན་འདི་དག་གི་ནང་ལ
ཉིན་དཀར་ཉི་མས་མ་སོང་།
ཞག་མཚམས་ཟླ་བས་མི་ཟད་ཅིང་ད་ཡང་གཉིད་ཡོང་བའི་དཔེ་མེད། ཁོས་ལུས་པོ་གཙོད་པགས་དེས་རིལ་རིལ་བོར་གཅུད་རྗེས་སྔར་ནས་བཏོགས་ཡོད་པའི་སིལ་ཏོག་དེ་དག་ཟ་ཞོར་མིག་ཟུང་ལ་རྡེབ་འབྱེད་མེད་པར་ཕྱིར་དྲན་བྱས།
ཁོ་བློ་ཐབས་དང་དཔའ་རྩལ། ཤེས་རྒྱ་གང་གི་ཆ་ནས་ཀྱང་མི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པས། དམག་ཏུ་ཞུགས་ནས་རིང་བོ་མ་འགོར་བར་གོ་གནས་བསྟུད་མར་གོང་དུ་འཕར་ཞིང་རྩིས་མཐོང་ཆེན་པོ་བྱས། ནམ་རྒྱུན་ཨ་ཁུ་རྒྱལ་བོའི་གམ་དུ་ཆབ་སྲིད་ལ་གྲོས་མོལ་བྱེད་དུ་འགྲོ་དགོས་ཤིང་གསོལ་སྟོན་ཆེ་ཆུང་མང་བོར་ཡང་ཞུགས་དགོས་པས། སྐྱེད་ཚལ་ལྡུམ་ར་དང་བར་ཁྱམས་ར་སྐོར་གང་རུང་ནས་རྒྱལ་བོའི་སྲས་མོ་དང་ལན་གྲངས་མང་བོར་གདོང་ཐུག་རྒྱག་སྲིད། གདོང་ཐུག་རྒྱག་ཐེངས་རེ་རེར་གཅིག་གི་སྐྱེངས་པའི་དམར་མདངས་མཁུར་ཀོང་དུ་ལྷུང་ངེས་ལ། གཅིག་གི་དུང་བའི་སེམས་ཚོར་མིག་ཀོང་ནས་འཆོར་སྲིད་པས་གཅིག་སེམས་གཅིག་ལ་ཤོར་ནས་བརྩེ་ཐོག་ལ་དུང་བ་བསྣན་པ་ཕར་ཞོག ཁོ་གཉིས་ཕོ་བྲང་ནས་ཐོག་མར་འཕྲད་པའི་ཉིན་དེར་ཡང་མཐོང་བ་ཙམ་གྱིས་བརྩེ་དུང་གི་རླུང་རླབས་དྲག་ཏུ་གཡོས་ནས་གཅིག་སེམས་གཅིག་ཤོར་གྱི་རྦ་ཀློང་ངང་གིས་འཁྲུགས་མྱོང་། ད་ནི་མ་ཐུག་ན་ཐུག་ན་འདོད་ལ་ཐུག་ན་བཤད་རྒྱུ་མེད་པའི་ཚད་དུ་སླེབས་འདུག ལོ་འདིའི་ནང་དུ་ཁོ་སྲས་མོའི་སྙིང་གི་དམ་པར་གྱུར་བ་དང་ཆབས་ཅིག་རྒྱལ་བོའི་ཐུགས་ཀྱི་སྲས་པོར་ཡང་གྱུར་བས་རྒྱལ་བོ་ཡང་ཁོ་ལ་གཅེས་ཤིང་བྱམས་ལ་དགའ་ཞིང་དུང་།
ཨ་ཁུ་རྒྱལ་བོའི་སྲས་མོ་ནི་ཅི་འདྲའི་མིག་ཏུ་འཚེར་བའི་མུ་ཏིག་རྡོག་པོ་ཞིག་རེད་ཨང་། གཞོགས་ཀྱི་གྲུ་ཟུར་གང་རུང་ནས་མོའི་མུ་ཏིག་གི་རྐང་བའི་ཆ་ཤས་ཡང་ཤས་ཤིག་ཕྱིར་ཕྱུངས་ཀྱང་ཁོས་དེ་མ་ཐག་ཚོར་འགྲོ་ལ་རྒྱལ་བོས་གསུང་གིན་པའི་བཀའ་གྲོས་གལ་ཆེན་དེ་རྣ་བའི་ལྟག་རྒྱབ་ཀྱི་རླུང་བུས་འཁྱེར་ནས་ཁོང་འཛུམ་ཡང་ཡང་དགོད།
རྔོན་པའི་བུ་ནི་ཅི་འདྲའི་སྒེག་ཅིང་དཔའ་བའི་འཛམ་གླིང་ཉི་མ་ཞིག་རེད་ཨང་། ཁོའི་ཉི་མའི་རྐང་བའི་ཆ་ཤས་ཡང་ཤས་ཤིག་སར་སྤོས་ཀྱང་མོས་དེ་མ་ཐག་ཚོར་འགྲོ་ལ་ཡུམ་ཆེན་གྱིས་གནང་གིན་པའི་བསླབ་བྱ་འགངས་ཆེན་དེ་ཆེས་ཡང་བའི་རྡོག་སྒྲ་དེས་བཀབ་ནས་ཁ་སེམས་ལྷུག་ལྷུག་དགོད།
ཁོ་གཉིས་ཀྱིས་ཟླ་འོད་བསིལ་བསིལ་ཁྲོད་ནས་གསང་འཕྲད་མང་བོ་ལོས་བྱེད། ཉི་འོད་ལམ་ལམ་ངོགས་ནས་ཀྱང་འདི་ལྟར་བརྩེ་བ་ཕར་བསྐྱལ་ཚུར་ལེན་བྱས་པས། ག་དུས་ཨ་ཁུ་རྒྱལ་བོས་ཀྱང་མཁྱེན་ནས་སྣ་དགོད་རེ་རྟགས་ཞོར་སྤྲོ་བ་ཆེན་པོ་ལངས། ཁོ་ལ་སྔར་ལས་སྙིང་ཉེ་ཞིང་ཤ་ཚ་བ་མ་ཟད་སེམས་དཀར་དཀར་དང་མིག་ནག་ནག་གིས་བལྟ། ཡིན་ཡང་ཁོས་རང་ཉིད་རྔོན་པའི་བུ་ (རིགས་ངན་པས་རྒྱལ་བོ་མ་དགའ་བ)ཡིན་ཞེས་དྲང་མོར་བཤད་པའི་ཉིན་དེ་ནས་བཟུང་གནམ་ས་གཉིས་ཡོངས་སུ་འགྱུར་སོང་། རྒྱལ་བོས་ཤ་ཚའི་སེམས་པ་བསྐྱུང་ཞིང་བརྩེ་བའི་ལག་ཟུང་བསྐུམ་ནས་སེམས་ནག་ནག་དང་མིག་དཀར་དཀར་གྱིས་བལྟ་བར་བྱེད། ཁོ་འཇོན་ཐང་ཆེ་ཡང་ཀ་རྟ་ཚེག་ལུག(རིག་གནས་དང་ཡི་གེ)གི་ནོར་གྱིས་ཆེས་དབུལ་ཞིང་ཕོངས་ལ་སྲས་མོ་ཡང་ད་རུང་ལོ་ན་གཞོན་པས་ཨ་ཁུ་རྒྱལ་བོས་སེམས་ནག་ནག་དང་མིག་དཀར་དཀར་གྱིས་ལོ་གསུམ་གྱི་རྗེས་ནས་རྒྱུགས་བླངས་ཏེ་བུ་མོར་མག་པ་འཇོག་རྒྱུ་ཡིན་ཚུལ་ཁྱབ་བསྒྲགས་བྱས།
ཉིན་དཀར་ཉི་མ་དཀར་ལ །
གསོག་གསོབ་རྫུས་མའི་ཡང་རྩེ །
མཆིད་ཚིག་གཏམ་གྱི་རྨི་ལམ །
སྙན་དུ་རྨི་རྒྱུ་བྱུང་བ །
ཚངས་པའི་སྒྱུ་འཕྲུལ་མིན་ནམ །
གདོན་གྱི་བརླམས་བསྒྱུར་མིན་ནམ །
གཉིས་ཀ་རེ་ཞིག་བརྒྱལ་ཞིང་ །
ཉིན་ཞག་དུ་མར་མནལ་གསོས །
ཨ་ཁུ་རྒྱལ་བོས་འཁོར་དག་བསྡུས་ནས་ལྐོག་ཏུ་གསང་གྲོས་ལེགས་པོར་བྱས་ཤིང་ཟླ་བ་གཅིག་གི་རྗེས་སུ་ནགས་ཀློང་སྟུག་པོ་དེ་རུ་ཁོ་གཡོ་ཐབས་ཀྱིས་བསྐྱུར་བྱུང་། དེ་ནི་རྔོན་པའི་བུ་ལ་མཚོན་ན་ཆེས་ཆ་རྒྱུས་མེད་པའི་གནས་ཤིག་རེད། ཁོ་ཚོས་ནགས་ཀློང་སྟུག་པོ་དེ་ནས་རི་དྭགས་རྔོན་པར་ཁ་གཡར་ཏེ་རང་རང་ས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་གཤར་སོང་། ཁོ་གཅིག་པུ་ཤུལ་དུ་གནའ་རྫས་བཞིན་བསྐྱུར། འདི་ནི་ཨ་ཁུ་རྒྱལ་བོས་རང་གི་བུ་མོའི་ང་ཁོ་དང་འགྲོགས་ཁོ་ཐག་ཡིན་སོགས་ཀྱི་ཁ་སྡིགས་མ་བཟོད་པར་འཐེན་པའི་ཆེས་སྐྱུག་བྲོ་བའི་ཐབས་བཀོད་ཅིག་ཡིན་ཀྱང་སྲིད། ད་ནི་ནགས་ཀློང་སྟུག་པོ་འདི་རུ་ཁོ་རང་གཅིག་པུ་ལུས་ཡོད། ཡུན་རིང་བོར་ནས་མ་མཐོང་བའི་ཕ་མའི་བསྡོངས་གྲོགས་ལྟ་བུའི་གྲིབ་མ་ནག་རིལ་དེ་ཡང་བསྐྱར་མིག་ལམ་ནས་མངོན་བྱུང་། འདི་ནི་ཅི་འདྲའི་འདྲིས་ཤིང་གོམས་པའི་ཚོར་བ་ཞིག་རེད་ཨང་། སྐྱོ་ཤུར་ཤུར་གྱི་སེམས་ཁམས་ཤིག་གིས་ཁོའི་མིག་ལམ་དུ་འཕྱོ་ཙམ་འཕྱོ་ཙམ་བྱས་ནས་མར་འཕྱང་འགྲོ་བའི་ཟ་འོག་གི་རི་མོས་སྤུད་པའི་གོས་ལྭ་དེ་མངོན་ཡོང་ལ། དེར་མཐུད་ནས་ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོའི་བགད་ལ་མ་བགད་པ་འདྲ་ལ། འཛུམ་ཞིང་མ་འཛུམ་པ་དང་ཡང་མཚུངས་པའི་ངོ་གདོང་དེ་ཤར་ཡོང་། ཁོ་དང་ངོ་གདོང་དེ་གཉིས་ཀྱིས་ལོ་འདིའི་ནང་དུ་གསང་འཕྲད་མང་བོ་བྱས་ལ།
ཉེ་སྔོན་ངོ་གདོང་དེ་ན་རེ“ཀྭ་ཡེ་ལྷ་ཕྲུག་གཞོན་ནུ །
ཞལ་རས་དུང་གི་ཟླ་བ །
སྐུ་གཟུགས་གངས་ཀྱི་ལྷུན་པོ །
གཤིས་རྒྱུད་དར་གྱིས་མདུད་པ།
ཤེས་རབ་ཕུན་ཚོགས་མེ་ལོང་ །
དཔའ་རྩལ་གནོད་སྦྱིན་ནག་པོ །
དབྱངས་སྙན་ཤང་ཤང་ཏེའུ །
ཚངས་པས་བརྩིགས་པ་མིན་ཀྱང་ །
བི་ཤྭ་ཀ་རྨས་བཞེངས་འདུག །
ཨེ་མ་ལྷ་ཕྲུག་གཞོན་ནུ །
མཛེས་འཛུམ་དཔལ་གྱིས་ཕྱུག་ཀྱང་ །
སྤོབས་པའི་སྙིང་ཞིག་མེད་དམ །
བརྩོན་པའི་མིག་ཅིག་མེད་དམ །
ཁྱོན་ཡངས་རིག་པའི་ཚལ་དུ །
བང་གིས་རྒྱུགས་ཅིང་བསྐྱུར་ཤོག །”
ཅེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཁོའི་ལག་པའི་རྩེ་ནས་བཟུང་སྟེ་བསྡམ་བསྡམ་འགའ་བྱས་ཤིང་སྐུལ་མའི་ཚིག་གི་མདའ་མོ་དུང་དུང་སྙིང་གི་ཁ་རྒྱུད་ནས་ཤོར་ཏེ་གཞོན་ནུའི་རྣ་ལོ་གཟས་ནས་ཕྱོགས་ཡོང་། ཁོས་ངོ་གདོང་དེ་ལ་འདི་ལྟར་སྨྲས“
འདབ་ཡངས་གཉོམ་པའི་པད་མ །
སྒེག་འཆང་ཆུ་ཡི་ལང་ཚོ །
མུན་པའི་བཞིན་ལ་གནག་ཅིང་ །
ཉི་ཐིག་ཞལ་ཟས་ཅན་མ །
ཞབས་སེན་ས་རིམ་ཉུལ་བས །
ལྷུན་པོའི་ལངས་ཕྱོགས་བརྟན་མ །
བསུང་ངད་སྐབས་གསུམ་བདུད་རྩི །
སྲིད་པ་མཛེས་པའི་རྣ་རྒྱན །
སྦྲང་ཆུང་བྲེ་ལོ་ལོས་ཆགས །
ཤ་ཟན་རྒོད་ཀྱང་ཆགས་ནས །
བསྐོར་བ་ཐེངས་གསུམ་རྒྱག་གི །
མར་ཟན་ཉ་ཡང་ཆགས་ནས །
རིག་རིག་ལན་གསུམ་བྱེད་གི །”
ད་དུང---ཉི་མ་འགར་ཡི་གེ་བསླབ་པས་ཡིག་ངོ་ཙམ་ཆོད། བལྟས་ཡོང་ན་ཡོན་ཏན་སློབ་པ་སླ་ཡང་རིགས་རུས་བརྗེ་བ་དཀའ་ཞེས་བཤད་པ་ན། ངོ་གདོང་དེས“ངའི་ཡིད་ནས་རིགས་མི་གཙོ། རུས་མི་གཙོ། བརྩེ་དུང་གཙོ”ཞེས་བརྗོད་བྱུང་ལ་ཞིམ་མངར་གྱི་མཆུ་ཡི་འདབ་མ་ཚུར་བསྲིང་ནས་ཁོ་ལ་འོ་ཞིག་བྱས་ཤིང་གཉིས་ཀས་དགའ་སྐྱོ་ཟུང་གི་སྦྲང་རྩི་མིག་ནས་བྱོ་ཡོང་། རི་དྭགས་རྔོན་དུ་མ་ཡོང་གོང་གི་མཚན་མོ་དེར་ངོ་གདོང་དེས་འབྲལ་མི་བཟོད་པའི་སེམས་ཀྱིས་མིག་ཆུ་ཤམ་ཤམ་བཞུར་གྱིན“
ངའི་མདང་གསུམ་རྨི་ལམ་དང་བོ་ལ །
དགུང་གན་ནས་ཁྲི་གདུགས་ཉི་མ་ཤར །
སྤང་སྔོན་མོའི་ཁུགས་ནས་པད་མ་བཞད །
འོད་སེར་པོས་གླིང་བཞིའི་མུན་པ་སེལ །
དྲི་ཞིམ་པོས་རྐང་དྲུག་བུང་བ་དགྱེས །
དེ་ཡིན་རུང་གློ་བུར་ཆུ་སྤྲིན་འཁྲིགས །
སྤྲིན་ནག་པོའི་འདབ་མ་ཕྱོགས་སུ་མཆེད །
གསེར་སེར་བོའི་ཉི་མ་ཁྱུར་མིད་བཏང་ །
ཆར་རྡོ་མཁྲེགས་སྲ་མོའི་སེར་བ་བབས །
འདབ་ཡངས་པའི་ཆུ་སྐྱེས་རྩ་ནས་བཅོམ །
གན་རྨི་ལམ་མི་བཟང་རྨི་ལམ་ངན །
ངའི་མདང་གསུམ་རྨི་ལམ་བར་མ་ལ །
བར་གན་ནས་འོད་ལྔའི་གུར་ཁྱིམ་ཕུབ །
མཚོ་དྭངས་མོའི་ནང་ནས་ཉ་མོ་འཁྱུག །
འོད་སྣ་ལྔས་མཁའ་འགྲོའི་མཛེས་པ་བཀག །
ཉ་གསེར་མོས་ཀླུ་མོར་གནོང་བ་བྱིན །
དེ་ཡིན་རུང་གློ་བུར་ན་བུན་འཁྲིགས །
རླུང་འཚུབ་མའི་མཁྲིག་མ་ཕྱོགས་སུ་བརྐྱངས །
གནམ་སྔོན་པོའི་འཇའ་གུར་རྡུལ་དུ་བརླགས །
ས་ཐལ་རྡུལ་རྩུབ་མོའི་ཕུང་བོ་རྒྱས །
རྒྱབ་རིང་བའི་གསེར་མིག་ཀུན་ནས་མནར །
གན་རྨི་ལམ་མི་བཟང་རྨི་ལམ་ངན །
ངའི་མདང་གསུམ་རྨི་ལམ་མཐའ་མ་ལ །
སྨད་གན་ནས་ནགས་ལ་ཤིང་ལོ་རྒྱས །
ནགས་རྒྱ་རྫོང་དཀྱིལ་ན་ཁུ་བྱུག་དགོད །
ཤིང་སྟུག་པས་རང་བྱུང་ས་ཆུ་བཟང་ །
གསུང་སྙན་པས་དཔྱིད་ཀྱི་དཔལ་ཡོན་དར །
དེ་ཡིན་རུང་གློ་བུར་སྒྲ་ཆེན་གྲགས །
ཐོག་བཙན་པོའི་འཇིགས་པ་ཕྱོགས་སུ་ལྷུང་ །
ནགས་རོག་གེའི་གཞུང་རྟ་ཚལ་བར་གས །
རླུང་ལྷགས་གཞུག་གྲང་མོའི་དཔུང་རྩ་རོམ །
ངག་བདེ་བའི་གཞན་གསོས་རྨང་ནས་ཤི །
གན་རྨི་ལམ་མི་བཟང་རྨི་ལམ་ངན །”
ཞེས་ཁོ་ལ་བཤད་མྱོང་བ་དང་ཁོས་ཀྱང་དེ་ལྟར་སེམས་པ་ད་ལྟའང་སེམས་ན་གསལ་བོར་འདུག ཁོས་ངོ་གདོང་དེ་ཡིད་ལ་དྲན་སྐབས་གསར་དུ་བླངས་པའི་ཀུ་ཤུ་དེའི་ཤུན་ལྤགས་ལ་སྐྱི་བཤུས་ཙམ་བཏོད་ཡོད་པ་ལས་དོན་དུ་ཁམ་གང་ཡང་ཟོས་མི་འདུག་ལ་མིག་ཟུང་མུན་པའི་ཟབ་སར་གཅེར་ནས་རྡེབ་ཙམ་ཡང་མི་བྱེད། ཕྱི་ན་མིག་གིས་འཕྲེད་དུ་མདུན་ཕྱོགས་སུ་བལྟས་འདུག་ཀྱང་ནང་ན་སེམས་པ་ཐུར་དུ་ས་ངོས་ལ་བཙུགས་འདུག་པ་འདྲ།
ཁོས་བཀྲེས་སྐོམ་ཚ་གྲང་གི་སྡུག་བསྔལ་མྱོང་གིན་པའི་སྐབས་དེར་གང་ནས་ཡོང་བ་མི་ཤེས་ལ་སུས་རྨས་པ་ཡང་མི་ཤེས་པའི་གཙོད་བསྣད་མ་ཞིག་ཁོའི་མདུན་ན་ཤི་མ་གསོན་གྱིས་འགྲོ་གྱིན་འདུག་པ་མཐོང་ནས་དེའི་རྗེས་སུ་དེད་པས་ཁོ་ལྡུམ་ར་ཅན་གྱི་བྲག་དོང་འདིར་ཐོན་པ་རེད། དེ་མིན་མི་རྟག་གཤིན་རྗེའི་རླུང་ཁ་ན་འཕྱོ་ཙམ་འཕྱོ་ཙམ་གྱིས་མར་འཕྱང་རྒྱུ་མེད་པར་སོང་ཡོད་དམ། བྲག་དོང་འདི་ནི་རང་བྱུང་གི་བྲག་ཁུང་ཆུང་ཆུང་ཞིག་གི་སྟེང་དུ་གསར་བྱུང་གི་མི་རྣམས་ཀྱིས་རྒྱ་བསྐྱེད་པ་ལས་གྲུབ་པ་ཞིག་རེད། རྒྱ་ཆུང་ལ་བྲག་ཁུང་ནང་གི་ལྡེབས་ངོས་དང་ར་སྐོར་གྱི་གྱང་ལྡེབས་སུ་སྲོག་ཆགས་དང་སྐྱེ་དངོས་ཡ་མཚར་མང་བོ་བརྐོས་འདུག་པ་ལས་བྲག་དོང་འདི་ནི་གནའ་ནས་འཇིག་སོང་བའི་རྒྱལ་བོ་གང་གི་ཕོ་བྲང་དང་སྐྱེད་མོས་ཚལ་གྱི་རྗེས་ཤུལ་མིན་པ་ཤེས་ཐུབ། ར་སྐོར་གྱི་ཁྱམས་ར་ནི་སྔར་དུས་བདེ་ལ་སྙོམས་པ་ཞིག་ཡིན་སྲིད་ཀྱང་ད་ནི་ལོ་ངོ་མང་བོར་སྤུངས་པའི་ཤིང་གི་ལོ་མ་རུལ་བའི་སྟེང་དུ་ས་རྡུལ་མཐུག་པོས་མནན་ཡོད་ལ། ས་བབ་ཀོང་སར་ཆུ་འཁྱིལ་ནས་སྒུག་དོང་བརྐོས་འདུག་ཅིང་ས་ངོས་མཐོ་དམའ་བར་ཁྱད་ཅུང་ཆེ་ས་རུ་ཆུ་རྒྱུགས་ནས་ཆུ་ཤུར་ཟབ་མོ་མང་བོ་ཡར་འཐེན་མར་འཐེན་བྱས་འདུག གཙོད་དེ་ནི་གནམ་གྱིས་ཁོ་ལ་གནང་བའི་ལྷ་སྐལ་ཡིན་ལ་ཁོའི་སྲོག་སྐྱོབ་ཀྱི་དྲིན་ཆེན་ཡང་རེད། ཁོ་གཙོད་དེའི་རྗེས་དེད་ནས་བྲག་ཁུང་འདིར་ཐོན་དུས་གཙོད་དེ་ཤི་ནས་ཅུང་འགོར་མེད། ལུས་ཀྱི་མེ་དྲོད་ཀྱང་ཉམས་མི་འདུག ཁོས་གཙུབ་ཤིང་ཟུང་དུ་བརྡར་ཞིང་བཙག་རྡོ་བཏུས་ནས་མེ་བསྲོས་ཤིང་རྡོ་ལེབ་བརྡར་ནས་གྲི་ལས་ཏེ་ཟླ་བ་འགའ་ལ་འདང་བའི་ཟ་མ་བཟོས། གཙོད་པགས་དེའི་དྲིན་གྱིས་མཚན་མོ་མལ་བདེ་ཞིང་ལུས་པོ་དྲོད་ལམ་ལམ་བྱེད། ད་ནི་ནམ་སྨད་དུ་ཐོན་འདུག ཁོས་དྲོད་ལམ་ལམ་གྱི་གཙོད་པགས་ཁུགས་ནས་རི་དྭགས་རྔོན་དུ་ཡོང་བའི་ནངས་མོ་དེར་ངོ་གདོང་དེས་མཁར་ཁ་ན་སྐྱ་ཀ་ཁྲ་མོའི་མིག་ལ་ཆུ་ཟིལ་སྒེག་མོའི་རྒྱན་ཞིག་བཏགས་ནས་ཟ་འོག་གི་རི་མོས་སྤུད་པའི་གོས་ལྭ་དེ་འཕྱོ་ཙམ་འཕྱོ་ཙམ་གྱིས་ཁོ་ལ་བལྟས་འདུག་པའི་ཚུལ་དེར་ཕྱིར་དྲན་བྱས།
རིམ་གྱིས་ཁོའི་དབང་རྩ་ཇེ་ལྷོད་དུ་སོང་ནས་ཤེས་པའང་མོག་པོར་གྱུར་སོང་། ནམ་སྨད་ཀྱི་དུས་ཚོད་འདིར་ངོ་གདོང་དེས་ད་རུང་ཡང་སྐྱ་ཀ་ཁྲ་མོའི་མིག་ལ་ཆུ་ཟིལ་སྒེག་མོའི་རྒྱན་ཞིག་བཏགས་ནས་སྒེའུ་ཁུང་འགྲམ་ན་ཧད་ཡོད་དམ། ཡང་ན་མཁར་ཁ་རུ་ཟ་འོག་གི་རི་མོས་སྤུད་པའི་གོས་ལྭ་དེ་འཕྱོ་ཙམ་འཕྱོ་ཙམ་གྱིས་འགྲེང་ཡོད། ཁོ་སྟོང་འདང་དང་ཕྱིར་དྲན་ཁྲོད་ནས་གཉིད་དུ་ཡུར།
ཕྱི་ཉིན་གཉིད་ལས་སད་དུས་གསེར་ཆུས་བྱུགས་པའི་ཉི་མ་ལྷ་མོ་ཀུན་གསལ་མེ་ལོང་གི་ནང་དུ་བལྟས་ཏེ་ཧད་འདུག ཅི་འདྲའི་ངོ་མཚར་བ་ལ་ཨང་།
“ཡོན་ཏན་ཡོན་ཏན་ཟེར་བ་དཔལ་པོ་ཆེ །
མིག་ལ་རྒྱང་ཐུང་བསྩོལ་བའི་ལག་རྩལ་ཅན །
རྣ་ལ་རྣོ་སྦྲེང་དཀྲོལ་བའི་རོལ་མོ་མཁན །
སེམས་པའི་ལྕགས་མཁར་ཕྱེ་བའི་སྟོབས་ཆེན་པོ །
ངོ་མཚར་འཕྲུལ་གྱིས་བཞེངས་པའི་གཙུག་ལག་ཁང་ །
སྒྱུ་འཕྲུལ་ཐབས་ཀྱིས་བྱོན་པའི་གསུང་རབ་ཆེ །
ནོར་གྱིས་རི་རབ་བརྩིགས་ཀྱང་མཇལ་བ་དཀའ །
ཚོགས་ཀྱིས་རྒྱ་མཚོ་བསགས་ཀྱང་ཐོས་པ་དཀའ །
ཡ་མཚར་ཡོད་པའི་ནང་ནས་མཆོག་གི་རྒྱན །
ངོ་མཚར་ངེས་པའི་ཁྲོད་ནས་གཙུག་གི་ནོར །
དགའ་ལ་སྤྲོ་བའི་མིག་གི་བདུད་རྩི་ནི །
ཡོན་ཏན་རྒྱ་མཚོའི་ནང་ནས་བག་མེད་བཅུས །”
འདི་ནི་གནའ་དཔེ་རྙིང་བས་ཁེངས་པའི་གཏེར་མའི་བྲག་ཕུག་དེ་མཐོང་དུས་ཁོའི་ངག་ནས་ཅི་ཤོར་འདི་ཤོར་མེད་པར་ཤོར་སོང་བའི་བསྟོད་ཚིག་ཅིག་རེད། བྲག་དོང་ནང་སྨུག་ནག་པས་ནམ་རྒྱུན་མུན་ཁྲོད་ནས་གཙོད་པགས་དུས་ཡུན་རིང་བོར་འཚོལ་དགོས། འདི་ནི་དཀའ་ལས་ཆེ་བའི་ལས་ཤིག་རེད། ཁོས་གཙོད་པགས་འཚོལ་བདེ་ཆེད་གཙོད་པགས་ཏེ་ཕུར་བ་ཞིག་གི་སྟེང་དུ་བྲག་དོང་གི་གྱང་ལྡེབས་སུ་འགེལ་འདོད་པ་རེད། ཁོས་བྲག་དོང་གི་གྱང་ལྡེབས་སུ་བརྡབས་པའི་ཕུར་བ་དེ་དག་ནི་འཇིམ་གླང་རྒྱ་མཚོར་ལྷུང་བ་བཞིན་གར་སོང་ཆ་མེད་དུ་གྱུར། མ་གཞིར་གྱང་ལྡེབས་འདིའི་ནང་ཁོག་ན་གཏེར་མའི་བྲག་ཕུག་ཅིག་འདུག འདིའི་ནང་དུ་ཧོ་མའི་ལོ་རྒྱུས་སྙན་རྩོམ་རིང་མོ་དང་མ་ཧ་བྷ་ར་ཏ། རྰ་མ་ཎ་སོགས་ཁྱད་མཚར་བསྟན་བཅོས་མང་བོས་ཁེངས་འདུག ཁོས་ཉི་མ་རེ་རེའི་ཁ་གྲངས་མ་ནོར་བ་བྱས་ཏེ་ལོ་ངོ་གསུམ་གྱི་རིང་ལ་དཀའ་བ་སྤྱད་པས
ཆོས་ཡོན་ཏན་ཐམས་ཅད་ཐུགས་སུ་ཆུད །
དོན་གནས་ལུགས་ཟབ་མོ་བདེ་ལེགས་རྙེད་ནས་མཁས་པ་ཆེན་པོར་གྱུར།
ལོ་ངོ་གསུམ་གྱི་རྗེས་སུ《གནས་ཡིག་གཏེར་མཛོད》ཅེས་པའི་གཏེར་མའི་བསྟན་བཅོས་ལ་བརྟེན་ནས་ཁོ་རང་ཕྱིར་རྒྱལ་སར་ལོག ཡིག་རྒྱུགས་ཆེན་པོ་ལན་གསུམ་ལ་བཏང་མཐར་ཨང་དང་པོ་ཐོབ་ནས་མག་པའི་ཆོ་ལོ་དང་མཁས་པའི་གོ་ཐོབ་ཀྱི
སྙན་གྲགས་འདི་ལ་གཟུགས་མཆིས་ན །
ཁམས་གསུམ་འདི་ཡང་སྣོད་དུ་ཆུང་ །
རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར །
ཕུད་ཀྱིས་བཅལ་བར་གཞལ་མི་ནུས །
བའི་ཚད་དུ་སླེབས། ཨ་ཁུ་རྒྱལ་བོ་སྐུ་གཤེགས་དུས་ཀྱང་ན་ཟུག་དང་འགྱོད་པ་ཅི་ཡང་མེད་པར་ཁོ་ལ་ཡིད་ཚིམས་ནས་སེམས་དཀར་དཀར་དང་མིག་ནག་ནག་གིས་ཡང་ཡང་ལྟ། ཁོང་ཉིད་ཚེ་ལས་འདས་རྗེས་ཁོས་སྲིད་བརྐྱངས་ཤིང་མཐའ་བཞི་ཞེ་དང་འཁོན་པ་བསྡུམས་ནས་མཛའ་བརྩེའི་གཉེན་གྱི་ཕྱི་ཐག་རིང་ལ། ཕྱོགས་བཅུ་སྟོབས་དང་འབྱོར་བ་རྒྱས་ནས་གནམ་འོག་བདེ་ཞིང་སྐྱིད་པས
“གནམ་ལ་ཉི་ཟླ་ཟུང་གཅིག །
ས་ལ་བཙན་པོ་རྗེ་འབངས །”ཞེས་སྒྲ་དབྱངས་སྙན་མོ“བང་བང་”གྲགས། ཁོ་དང་རྒྱལ་བོའི་སྲས་མོ་གཉིས་དགའ་བདེའི་དཔལ་གྱིས་བཟི་འདུག་པ་ངས་མ་བཤད་ཀྱང་ཤུགས་ནས་དཔྱིད་ཐོན་ན་ས་ཆུ་ཞོར་ནས་དྲོས་པ་གོ་ནུས་པ་དང་གཅིག་རེད།
དོ་ནུབ་ཟླ་བ་ཤིན་ཏུ་སྒོར། འདི་ནི་སེམས་དོན་ཞིག་གི་ཁ་གང་བས་ཡིན་ནམ།
རྩོམ་ཁུངས། ངེད་དྲ་བ།