སྐྱུག་བྲོ་བའི་ལོ་ཟླ།

ཧོར་ནག་པ་འདྲེ་མིག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-20

    གྲང་རླུང་འུར་འུར་ལྡང་ཞིང་ཁ་བ་རླུང་འཚུབ་ཅིག་དང་ལྷན་དུ་ས་གཞིའི་ཕང་བ་རུ་ཤུགས་ཀྱིས་འཕྱོ་བའི་དགུན་ཟླ་བཅུ་བའི་ཚེས་ག་གེ་མོ་ཞིག་གི་ཕྱི་དྲོ་ཞིག་ལ་ངོ་གདོང་མགོ་དཀྲིས་ཀྱིས་བཏུམས་ཤིང་ལུས་ལ་རས་ཚར་རྙིང་བ་ཞིག་གྱོན་པའི་བུད་མེད་ཅིག་གིས་བྱིས་པ་ཞིག་རྒྱབ་ཏུ་འཁུར་ནས་ཁ་བ་བུ་ཡུག་གི་ཁྲོད་གསལ་བོ་ཞིག་འདེད་རྒྱུ་མེད་པའི་བྲག་དམར་འཕྲང་འགག་གི་ཀྱག་ཀྱོག་གི་རྐང་ལམ་དེར་ཞུགས་ནས་ཐག་རིང་ཐག་རིང་ཞིག་ལ་བུད་སོང་བ་སུ་ཞིག་གིས་ཀྱང་མ་ཤེས།ཡིན་ནའང་།  སོང་ཤུལ་གྱི་རྐང་ལམ་དེར་བཞག་པའི་ཁོ་མོའི་རྐང་རྗེས་རེ་རེས་མོའི་སེམས་སུ་ན་ཟུག་དང་སྡུག་བསྔལ་གྱི་ཁུར་བོ་ཅི་འདྲའི་ལྗིད་མོ་ཞིག་འཁུར་ཡོད་པ་སྒྱུ་རྩལ་ལ་རྒྱུས་མངའ་ཅུང་ཙམ་ལྡན་པའི་མི་ཞིག་ལ་མཚོན་ན་རང་བཞིན་གྱིས་རྟོགས་མི་འོངས་པ་ག་ལ་སྲིད།
    ཁོ་མོའི་མིང་ལ་སྒྲོལ་མ་སྐྱིད་ཟེར་ཞིང་ལོ་དེར་མོ་མོ་ལོ་ཉི་ཤུར་བུད་མ་ཐག་ཡིན། མོའི་ངོ་གདོང་དང་སྐྱེས་གཟུགས་ནི་ཨ་ལ་ལ་ཟེར་བའི་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་མིན་ཡང་། ནག་ཀྲིག་ཀྲིག་གི་སྨིན་མའི་འོག་གི་འོད་ཀྲིག་ཀྲིག་གི་མིག་མདངས་དེས་ཡུལ་དེ་གའི་གསར་བུ་དག་གི་སེམས་སུ་འདོད་པའི་མེ་རི་དགུང་དུ་འཕྱུར་དུ་བཅུག་མྱོང་བར་མ་ཟད། ཁོ་ཚོའི་སྡེ་བའི་ནང་གི་གསར་མོ་དག་གི་གང་མཛེས་གང་ཡག་ལ་ལབ་གླེང་བྱེད་དུས་ཀྱང་མོའི་མིག་མདངས་ཀྱི་མཛེས་པ་མ་བཤད་པའི་དུས་ཚོད་ཅིག་ཕལ་ཆེར་མེད་པ་འདྲ། དེ་ནི་མོའི་མིག་མདངས་ཀྱི་ཕ་རོལ་ན་བསླུ་བྲིད་ཀྱི་མཛེས་པ་ཅི་ཞིག་བསྐུངས་ཡོད་པ་ཡིན་ནམ། ཡང་ན་ལྷད་མེད་དང་གཞུང་དྲང་། དྭངས་གཙང་གི་སེམས་གཤིས་ཤིག་ཡོད་པས་ཡིན་ནམ། ཡང་ན་སུས་ཀྱང་བློས་དཔག་དཀའ་བའི་གསང་བ་གཞན་ཞིག་ཡོད། གང་ལྟར་ཀྱང་། རང་བཞིན་ལྷན་སྐྱེས་སུ་མངའ་བའི་ཡ་རབས་གཞུང་དྲང་གི་སྤྱོད་ཚུལ་ཞིག་གིས་མོ་ས་དེ་གའི་སྐྱེས་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་མཛེས་པའི་མིག་དཔེ་བལྟ་སའི་བུ་མོ་མཛངས་མ་ཞིག་ཏུ་གྱུར་སོང་ཚུལ་ངས་ཅི་ལ་གསང་། དུས་དེ་ནས་བཟུང་མོ་ནི་སྡེ་བ་དེ་དང་ས་ཆ་དེའི་རྫིག་རྫིག་ངར་ངར་ཟེར་བའི་གསར་བུ་དག་གིས་གླེང་གཞིར་དང་རྩོད་གཞིར་གྱུར་ལ། ད་དུང་ཚེ་གཅིག་གི་འདུན་མ་བཅོལ་རྒྱུ་ཡིན་ཟེར་བའི་རེ་བའང་གང་མང་ཞུས་ཀྱང་དེ་དག་རེ་རེ་ལ་མོས་སེམས་གཏིང་ནས་འདོད་པའི་ཨ་ལན་མ་བྱིན་པར་མ་ཟད། རྒྱུ་འབྱོར་བ་སོགས་ཕྱོགས་གང་ཐད་ནས་བཟང་ཟེར་བའི་ཁྱིམ་ཚང་འགའ་ཤས་ཀྱིས་མོ་མནའ་མར་བསླངས་ཀྱང་དེ་དག་རེ་རེའང་མོའི་འདོད་ཐོག་ཏུ་ཕོག་མ་མྱོང་། གང་ཡིན་ཟེར་ན་མོའི་ལོ་ཉི་ཤུའི་མཛེས་སྡུག་གི་ལང་ཚོ་དང་རང་ཉིད་ཀྱི་ལྷད་མེད་བརྩེ་དུང་དེ་རྒྱུ་འབྱོར་བ་དང་མི་གང་ཡིན་ཞིག་ལ་བཅོལ་མ་འདོད་པའི་རྒྱུ་མཚན་གྱིས་ཡིན་པ་འདྲ།
    ལོ་རེའི་ལོ་གསར་གྱི་རྗེས་སུ་ཡུལ་གྲུ་དེའི་ཚེ་འདི་ཕྱི་གཉིས་ཀྱི་མགོ་དད་པས་སྒུར་ས་དང་སེམས་དད་པས་ཉན་ས་རེབ་གོང་རོང་བོ་དགོན་ཆེན་དུ་རྒྱ་ལོའི་སྨོན་ལམ་ཆེན་མོ་ཞེས་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ལོ་རེར་འཚོགས་བཞིན་ཡོད་ལ། དེར་འགྲོ་བ་སེམས་ཅན་གྱི་དོན་དང་ནང་དགོས་སུ་བོད་གངས་ཅན་གྱི་བསྟན་སྲིད་ཀྱི་སླད་དུ་ཡུལ་དེ་གའི་བླ་སྤྲུལ་དང་དགེ་འདུན་བཙུན་པ་རྣམས་ཀྱིས་དགེ་བའི་སྨོན་ལམ་བསྔོ་བ་དང་། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཡུལ་དེའི་སྟོད་སྨད་བར་གསུམ་གྱི་ཡ་གྱལ་དུ་གྱུར་བའི་དགོན་ཆེན་པོ་དེའི་ལྷ་རུ་རྟེན་བཞེངས་ལ་མཆོད་མཇལ་དང་ཕྱག་སྐོར་ལེན་དུ་འགྲོ་བའི་གོམས་སྲོལ་བཟང་བོ་ཞིག་ལོ་ངོ་བརྒྱ་ཕྲག་ཙམ་གྱི་སྔོན་ཞིག་ནས་དར་ཡོད་རབས་བཤད། ཡིན་ནའང་། དུས་ཚོད་ཀྱི་གོམས་འགྲོས་དང་བསྟུན་ཏེ་མིའི་སྤྱི་ཚོགས་དང་ཁོར་ཡུག་ལ་འགྱུར་བ་ཇི་ལྟར་འགྲོ་བ་དེ་བཞིན་ཡུལ་སྲོལ་གོམས་གཤིས་དང་མིའི་སྤྱོད་སྟངས་ལའང་དེ་ལྟར་འགྱུར་བ་འགྲོ་བཞིན་ཡོད་པ་བསྙོན་མེད་ཡིན་ལ། དེ་དང་བསྟུན་ནས་སྔོན་གྱི་མཆོད་མཇལ་ཕྱག་སྐོར་ཁོ་ནའི་ངོ་བོ་སྣ་མང་ཅན་དུ་འཕེལ་ཏེ། དད་པ་ཡོད་མཁན་གྱི་མི་རྣམས་ལ་མཇལ་ས་དང་ལྟད་མོ་དང་གླུ་ལེན་གར་རྩེད་ལ་རོལ་འདོད་པའི་མི་རྣམས་ལ་དེའི་ཚོད་ཀྱིས་གར་སྟེགས་དང་སེམས་པ་གཡེང་སའི་འཇིག་རྟེན་ཇེ་མང་དུ་གྱུར་ལ། དེ་ལས་ཀྱང་གླེང་འདོད་པ་ཞིག་ནི་ཕོ་མོའི་འདོད་བརྩེ་ལ་རོལ་འདོད་པའི་ཕོ་གསར་མོ་གསར་དག་ལ་མཚོན་ན་ལོ་འཁོར་གཅིག་ཁྲོད་ཀྱི་ཉིན་བཞི་ལྔའི་དུས་ཡུན་ཆུ་ཚོད་ཐུང་ཐུང་འདི་ནི་ལྷན་འཛོམས་ཀྱི་སྐལ་བ་ཞིག་དང་ཐུག་འཕྲད་ཀྱི་གོ་སྐབས་ཤིག   ད་དུང་སྟེས་དབང་གིས་ངོ་ཤེས་ས་དང་བརྩེ་དུང་གིས་སེམས་མཐུན་སའི་བདེ་སྐྱིད་དང་སྣང་བ་རང་དབང་གི་མཁའ་དབྱིངས་ཤིག་ཏུ་གཞི་ནས་ཆགས་ཚར།
    ལོ་དེ་གར་དབྱར་རྩྭ་དགུན་འབུའི་རིན་གོང་ཇེ་མཐོ་ནས་ཇེ་མཐོར་སོང་བ་དང་བསྟུན་ནས་ས་དེ་གའི་དབྱར་རྩ་འཐུ་བའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཡོངས་སྒོ་དང་དཔལ་འབྱོར་གྱི་ཆུ་ཚད་ཀྱང་ཇེ་ལེགས་ནས་ཇེ་བཟང་དུ་སོང་ལ། དེ་དང་བསྡོངས་ནས་མཇལ་བ་དང་ལྟ་སྐོར་བ་གང་ཡིན་ཆ་མ་འཚལ་བའི་མང་ཚོགས་ཀྱང་རོང་བོ་སྨོན་ལམ་ལ་གྲོག་ཚང་བརྡོལ་བ་ལྟར་ཇེ་མང་ནས་ཇེ་འཕེལ་དུ་ཕྱིན། ལོ་དེར་མཐའ་འཁོར་གྱི་སྡེ་བ་གཞན་པ་ལྟར་གཡང་ལུང་སྡེ་བའང་ཞོགས་ལངས་ཏེ་རོང་བོ་སྨོན་ལམ་ལ་འགྲོ་བའི་སྟ་གོན་སྔ་མོ་ནས་བྱས་ཟིན་ལ། རེ་བ་གསར་བ་ཞིག་དང་རྨི་ལམ་དྭངས་མོ་ཞིག་རུམ་ལ་བཅུག་ནས་མོ་སྨན་སྐོར་ཅིག་དང་ལྷན་དུ་སྒྲོལ་མ་སྐྱིད་ཀྱང་འཁོར་སྒམ་ཅན་གྱི་རླངས་འཁོར་ཞིག་ལ་བསྡད་ནས་རྫོང་ཐོག་ཏུ་ཆས་སོང་སྐད །
     ཉིན་དེའི་རོང་བོ་གྲོང་བརྡལ་ནི་རྒྱང་ནས་བལྟས་ན་གྲོག་ཚང་ཞིག་གི་ཁ་ཤོར་བ་དང་ཅི་འདྲིའི་མཚུངས་ཨང་། ཕར་འགྲོ་ཚུར་འོང་དང་ཡར་འགྲོ་མར་གཤར་གྱི་མི་ཚོགས་ཀྱི་ཀློང་ན་སྒྲོལ་མ་སྐྱིད་དང་མོའི་གྲོགས་མོ་གཉིས་ཀ་ཡང་ཡོད་ལ། ཁོ་མོ་ཚོ་ཞུགས་འདུག་པའི་སྲང་ལམ་དང་ཚུགས་ཀར་བལྟས་ན་དགོན་པའི་ནང་དུ་མཆོད་མཇལ་དུ་འགྲོ་བ་འདྲ། སེར་ལམ་ལམ་གྱི་ཉི་འོད་ནི་རང་རང་གི་སེམས་ཁོང་གི་མི་དེ་ལྟར་ནམ་མཁའི་དབྱིངས་སུ་བརྩེ་དྲོད་ཀྱི་འོད་སྣང་འཁུར་ནས་མི་ཚོགས་ཀྱི་ཀློང་ལ་ཟུག་འདུག  སྐབས་དེ་དུས་ཕལ་ཆེར་དུས་ཚོད་ཀྱང་ཉིན་གུང་ལ་སླེབས་འདུག  སྒྲོལ་མ་སྐྱིད་སོགས་འཁོིར་དང་བཅས་པའང་ལྷ་ཁང་དང་མཆོད་ཁང་ལ་མཇལ་ཁ་ཡོངས་སུ་ཞུས་ཏེ་སྔོན་གྱི་སྲང་ལམ་དེའི་མགོ་ནས་ཆུ་སྣ་ཞིག་དང་འདྲ་བར་ཤར་སེ་ཐོན་འོང་ལ། སེམས་ལ་མ་དྲན་པ་ཞིག་ལ་སྒྲོལ་མ་སྐྱིད་ཀྱི་ཕྲག་མགོར་ལྟག་རྒྱབ་ནས་ལག་པ་ཞིག་གིས་བཞུས་སོང་བ་དེ་རེད། ཅི་དྲན་འདི་དྲན་མེད་པར་ཁ་ཕྱིར་འཁོར་དུས༸ཁྱོད་བདེ་མོ༸ཞེས་ཕོ་གསར་ཞིག་གིས་མོའི་ལག་པར་འཇུས་བྱུང་ལ་ཉམ་ཆུང་སེམས་ཆུང་གཞུང་ཡིད་དྲང་བའི་རང་བཞིན་གུས་ཆུང་གི་མོ་ལ་མཚོན་ན་བདེ་མོ་ཡིན་ཞེས་པའི་ཚིག་འབྲུ་དེ་གསུམ་པོ་ཡང་བཤད་དཀའ་བའི་ཚོད་དུ་འདུག་མོད།  གློ་བུར་དུ་ཅི་བཤད་འདི་བཤད་མེད་པར་མོའི་ངག་ནས༸བདེ་མོ་ཡིན༸ཞེས་རང་དབང་མེད་པར་ཤོར་སོང་། དེ་དུས་མོའི་ངོ་མདངས་ཅུང་དམར་བོར་གྱུར་འདུག
     ཁོས་ལག་པ་གཏོང་ཞོར་དུ་མུ་མཐུད་དུ༸ཁྱོད་སྨོན་ལམ་ལ་ནམ་ཡོང་བ་ཡིན། ང་ཚོ་ངོ་མ་འདི་ནས་ཐུག་འཇོག་པ་ཡིད་ལའང་མ་ཤར༸ཞེས་ངོ་ཤེས་རྙིང་བ་ཞིག་གི་ཚུལ་དུ་སྐད་ཆ་དེ་བྱང་ཆ་ལྡན་པའི་ངང་ཤར་མར་བཤད་སོང་ལ། ད་དུང་༸ངོ་མ་ཐུག་ནས་ཡུན་རིང་འགོར་སོང་ནི་རེད། ཁྱོད་ངོ་མ་འགྱུར་འདུག༸ཅེས་སྐད་ཆ་དེའི་སྟེང་ལ་སྣོན་བཏབ། ཁོའི་མཚམས་འདྲི་བྱེད་སྟངས་དང་སྐད་ཆ་བཤད་ཕྱོགས་ལ་བལྟས་ནས་མོའི་གྲོགས་མོ་གཉིས་ཀྱིས་ཀྱང་ཕོ་གསར་དེ་མོའི་ངོ་ཤེས་ཤིག་ཡིན་པ་གསལ་བོར་རྟོགས་བྱུང་ལ།  ཁོ་ཚོས་གཅིག་གིས་གཅིག་ལ་ངོ་འཛུམ་རེ་ཡང་བསྟན། དྲང་མོར་བཤད་ན་གྲོགས་མོ་གཉིས་ཀྱི་སེམས་ལ་དྲན་པ་ལྟར་ཁོ་ནི་མོའི་ངོ་ཤེས་ཤིག་ཅི་ལ་མིན།
    ༸དུས་ཚོད་ཇི་ལྟར་བཞུད་ཀྱང་ང་འགྱུར་ནི་མ་རེད། ང་དེ་སྔོན་གྱི་སྒྲོལ་མ་སྐྱིད་རང་ཡིན༸ ཞེས་ངོ་ཚ་ཡོད་ཚད་རྒྱབ་དུ་བསྐྱུར་ནས་ཀུ་རེ་དགོད་འཛུམ་དང་ལྷན་དུ་བཤད་བྱུང་། དེ་ནི་མོའི་སེམས་ཁོང་དུ་བརྣགས་མྱོང་བའི་ན་ཟུག་ཅིག་དང་ཚོར་བའི་གཏིང་རིམ་ལ་སིམ་པའི་བརྩེ་དུང་གི་ངོས་ཤིག་ཀྱང་གཅིག་བྱས་ན་ཡིན་ན་ཐང་།
    ༸འོ་ལེ། འཇིག་རྟེན་གྱི་མི་ཚང་མ་འགྱུར་མེད་ཅིག་ཡིན་ན་ཇི་འདྲའི་སྐྱིད་པ་ལ་ཨང་༸ཞེས་རང་ཉིད་ཀྱི་སྐྲ་ལོ་ལྟག་ཀར་ཤད་ཀྱིན་ཁོས་ཀྱང་དེ་ལྟར་བཤད།
    ༸དེས་ན་ཁྱོས་ཀྱང་འགྱུར་མེད་ཅིག་བཅོས་ན་ཆོག་ནི་རེད ༸བཤད་ཞོར་མོའི་མགོ་བོ་བྲང་ཁར་དུད།
    ༸འོ་ལེ། ང་འགྱུར་མེད་ཅིག་བཅོས་ཀྱང་ཁྱོད་འགྱུར་སོང་ན་ངས་ཅི་བྱ༸ཞེས་ལན་འདེབས་དུས་ཁོའི་མིག་ཟུང་གནམ་མཐའ་ལ་ཅེར་འདུག
    ༸ང་ས་ཡི་མེ་ཏོག་ཅིག་མ་གཏོགས་གནམ་གྱི་སྐར་མ་ཞིག་བཅའ་བའི་འདུན་པ་གཏན་ནས་མེད༸ཅེས་ཟེར་ཞོར་མོས་ཁོའི་གདོང་ལ་བལྟས། དེ་ནི་འོད་ཀྲིག་ཀྲིག་གི་མོའི་མིག་མདངས་ཀྱི་གསང་བ་གང་ཞིག་ཁོ་ལ་བཤད་པ་དང་ཇི་འདྲའི་མཚུངས་ཨང་།
    ༸དེས་ན་ངས་ཀྱང་རྩྭ་ཐང་གི་ལུ་གུ་ཞིག་གི་སྐྱེ་བ་བླངས་ཆོག༸ཅེས་བཤད་དུས་ཁོའི་སེམས་ཁོང་གི་རི་ལ་ན་བུན་ལྟར་འཁྲིགས་མྱོང་བའི་སེམས་དོན་གང་ཞིག་རླངས་པ་ཞིག་གི་ཚུལ་གྱིས་དབུགས་རིང་ཞིག་དང་ལྷན་དུ་ཁ་ནས་ཕྱི་ལ་བཏོན།
    ཨེ་མ།  ཉིན་དེའི་གནམ་ངོ་ནི་ཇི་འདྲའི་སྔོ་ཞིང་དྭངས་བ་ཞིག་མ་རེད་ཨང་། སྔོ་ཞིང་དྭངས་པའི་གནམ་མཁའ་དེའི་འོག་གི་འུར་ཞིང་འཚུབ་པའི་མི་ཚོགས་ཀྱི་རྦ་རླབས་ཀློང་ནས་ཁོ་ཚོའི་འདི་ལྟར་སྐད་ཆ་བཤད་ཀྱིན་བཤད་ཀྱིན་རྫོང་མཁར་དུ་སྐོར་བ་ཁ་ཤས་བྱས། དེ་ནས་ཟ་ཁང་དང་ཟ་ཁང་ནས་ཚོང་ཁང་། ཚོང་ཁང་ནས་རྩེད་ར་དང་རྩེད་ར་ནས་མགྲོན་ཁང་དུའང་སོང་ཟེར།
   དུས་དེ་ནས་བཟུང་། སྒྲོལ་མ་སྐྱིད་དང་ཕོ་གསར་དེ་གཉིས་ཀའི་དབར་ལ་རྐང་རྗེས་གསར་བ་ཞིག་གི་རི་མོ་བྲིས་ཤིང་། དྲན་གདུང་ལྷག་མ་ཞིག་གི་ཆུ་ཕྲན་ཡང་བཞུར། རྐང་རྗེས་སེམས་ཁོང་དུ་བཞག་ཡོད་ལ། ཆུ་ཕྲན་རྒྱ་མཚོར་འདྲེས་ཡོད། གངས་རི་ཇི་ལྟར་དཀར་ན་ཆུ་ཕྲན་གྱི་ལང་ཚོ་དང་ཚེ་སྲོག་ཀྱང་དེ་ལྟར་རིང་སྲིད་ལ། སེམས་ཁོང་དུ་ཕབ་པའི་རི་མོ་ཡང་དེ་ལྟར་གསལ། མཚན་མོ་རེ་རེར་ཕོ་གསར་དེས་དམར་ཆུང་གི་སེམས་པ་འདི་ལྟ་བུ་ཞིག་རུམ་ལ་བཅུག་ནས་གོམ་པ་གང་རེ་གང་རེ་སྤོས་ནས་ཐག་རིང་གི་སྒྲོལ་མ་སྐྱིད་ཀྱི་ཕྱོགས་སུ་ཆས་འགྲོ་ལ། མོས་ཀྱང་དྭངས་གཙང་གི་ནམ་མཁའ་འདི་ལྟ་བུ་ཞིག་པང་ནས་ངང་སྒུག་གི་གོ་རིམ་རེ་རེ་མུན་ཁྲོད་ནས་དུས་ཚོད་ཀྱིས་མེ་ལ་བསྲེགས་མྱོང་།  འདི་ལྟར་ཁོ་གཉིས་ཀྱིས་ཁ་འདྲེས་ནས་སེམས་འདྲེས་ཤིང་སེམས་འདྲེས་ནས་ལུས་འདྲེས་པར་གྱུར་ལ།  ཁ་འདྲེས་སེམས་འདྲེས་ལུས་འདྲེས་ཀྱི་འཇིག་རྟེན་འདི་ནས་ཁོ་གཉིས་ཀྱིས་ཀྱང་མི་ཡུལ་གྱི་འགྲོ་སྲོལ་ལྟར་འཁོར་བ་ཁྱིམ་གཞི་གཅིག་གི་གསོལ་སྟོན་བཤམས་ལ། མ་འོངས་ལག་རྟེན་ཁེན་སའི་བྱིས་པ་ཞིག་ཀྱང་སྒྲོལ་མ་སྐྱིད་ཀྱི་མངལ་ལ་ཆགས།
   མོ་གནས་ཡུལ་འགྲིམས་པའི་སྡེ་བ་དེའི་མིང་ལ་བྲག་མགོ་ཁ་ཟེར་ཞིང་རྒྱང་ནས་བལྟས་ཚོད་ཀྱིས་བྱ་ཆེན་ཞིག་གི་ཀླད་གཙུག་སྟེང་ཆགས་ཡོད་པའི་སྣང་བ་སྟེར་ཞིང་། མཐའ་འཁོར་གྱི་ས་བབས་ཅུང་རྩུབ་ཅིང་གཟར་མོ་ཡིན་ལ། ཁང་ལེབ་དེ་དག་གི་མདུན་རྒྱབ་གང་རུང་ན་ཤིང་མ་གལ་གྱི་རིགས་ཅུང་མང་བོ་ཡོད། མདུན་ངོས་ཀྱི་བྱ་ཆེན་དེའི་གཤོག་པ་ལྟ་བུའི་བདེ་ཐང་གི་ས་ཞིང་དེ་དག་ནི་སྡེ་བ་དེའི་འཚོ་རྟེན་ཉག་གཅིག་ཏུ་གྱུར་བའི་ཞིང་ས་ཡིན་པ་འདྲ།  དེ་དུས་ཐག་རིང་ནས་སྡེ་འགྲམ་ལ་ཟུག་འདུག་པའི་ཀྱག་ཀྱོག་གི་ལམ་ཕྲན་དེར་ཞུགས་པའི་མི་ཞིག་གིས་འདར་མ་འདར་གྱི་སྒྲ་སྙན་རྡུང་ལེན་ཞིག་ངག་ལ་གྱེར་བཞིན་སྡེ་བའི་ཕྱོགས་སུ་ཡོང་གིན་འདུག  ཉེ་འགྲམ་ལ་ཐོན་དུས་ཁོ་ནི་སྟོབས་ལྡན་རེད། སྐྲ་ལོ་ཅུང་རིང་ཞིང་ཁ་མིག་དང་སྐྱེས་གཟུགས་ནི་རི་མོ་སྒྱུ་རྩལ་པ་ཞིག་གི་པིར་རྩེ་ནས་ཐོན་པ་དང་འདྲ་བའི་གསར་བུ་ཕོ་རྒོད་ཅིག་འདུག  དེ་ལས་ཀྱང་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་ཁོ་ལ་རང་བཞིན་འཇམ་པའི་གཤིས་ཀ་ཞིག་ཡོད་པ་དེ་ཡིན་ཟེར། དྲང་མོར་བཤད་ན་ཁོ་ནི་ད་ལྟའི་སྒྲོལ་མ་སྐྱིད་ཀྱི་མག་པ་དང་དེ་སྔོན་རོང་བོ་སྨོན་ལམ་སྐབས་སུ་ངོ་འཕྲད་པའི་མོའི་ངོ་ཤེས་རྙིང་བ་ཕོ་གསར་དེ་རེད་ཟེར་ན་སུ་ཞིག་གི་རྣ་ལ་འགྲོ་ཨང་། ཁོ་གཉིས་ཆེས་ཐོག་མ་ངོ་འཕྲད་པའི་དུས་ནི་དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་ཤིག་ཡིན་ཟེར་ལ་དེ་དུས་ས་ཐོག་ཆུ་ཐོག་གཅིག་ནས་ཁོ་ཚོས་དབྱར་རྩྭ་བཏུས་ཤིང་། ཟུར་མིག་དང་ལྐོག་ལྐོག་སུད་སུད་ཀྱི་སྐད་ཆའི་ལབ་གླེང་ཁྲོད་ནས་ངོ་ཤེས་པར་གྱུར་མོད། སེམས་བསམ་པའི་གཏིང་གི་སྙིང་གཏམ་དེ་དག་གཅིག་གིས་གཅིག་ལ་བཤད་མ་ཕོད་ཟེར། འོན་ཀྱང་སྨོན་ལམ་སྐབས་སུ་ངོ་འཕྲད་པ་ནས་བཟུང་ཁོ་གཉིས་ལ་འདི་ལྟ་བུའི་སྐལ་བཟང་ཞིག་འཐོབ་འགྲོ་བ་སུ་ཞིག་གིས་ཀྱང་ཡིད་ལ་དྲན་ག་ལ་ཐུབ།
  ཤེལ་དམ་གྱི་སེང་སྒྲ་དང་ལྷན་དུ༸ངས་ཁྱོད་ཀྱི་ལག་ལ་རོ་འཇོག༸ཞེས་ཕོ་གསར་གྱི་ངར་སྐད་ཅིག་མུན་ཁྲོད་ཀྱི་མིག་ཟུང་དང་འདྲ་བའི་གློག་འོད་ཀྱི་སྒེའུ་ཁུང་དེ་བརྒྱུད་ནས་མུན་སྨག་གི་མཁའ་མཐར་མཆེད་འོངས།
  ༸ཆོས་ལུགས་ནི་ཀ་ཁའི་མགོ་རྔའང་རྟོགས་དཀའ་ཚོད་དུ་འདུག་པའི་འུ་ཅག་གི་རྩོད་གཞི་མ་རེད། དེ་ནི་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་འམ་དཀྱེལ་ཡངས་དང་ཤེས་བྱའི་མཛོད་ལ་མངའ་བརྙེས་པའི་སྐྱེས་བུ་དག་གི་སེམས་ཀྱི་མྱོང་བྱ་དང་རིག་པས་དཔྱད་གཞི་རེད༸ཅེས་མིག་ཤེལ་གྱོན་ཞིང་ངོ་མདངས་ཅུང་སྨུག་ནག་ཡིན་པའི་ཕོ་གསར་ཞིག་གིས་ཡིད་ཆེས་དང་བློ་སྤོབས་ཀྱི་སྒོ་ནས་དེ་ལྟར་བཤད།
  ༸ཁྱོད་ཀྱིས་བཤད་མི་དགོས། ང་ཚོས་ཁྱོད་ཀྱིས་བཤད་པའི་སྐད་ཆའི་ནང་དོན་དེ་ཧ་གོ་ཡིན་མི་འདུག༸ཅེས་ལག་ལ་ཤེལ་དམ་བཙུར་བའི་ཕོ་གསར་གཞན་ཞིག་གིས་ཁོའི་སྐད་ཆའི་བཤད་མཚམས་བཅད། དེ་དུས་མིག་ཤེལ་གྱོན་པའི་ཕོ་གསར་དེའི་སེམས་ལ༸འདི་འདྲའི་སྐད་ཆ་ཞིག་གི་གོ་བ་མ་ལོན་ན། ཆོས་ལུགས་བཟང་ངན་གྱི་དབྱེ་བ་ནི་ཇི་ལྟར་འབྱེད། ཁུ་ཚུར་དང་རྡུང་རེས་ཁོ་ནས་འབྱེད་རྒྱུ་ཡིན་ནམ༸ཞེས་རང་གིས་རང་ལ་དྲི་བ་དྲིས། དྲང་མོར་བཤད་ན། སྡེ་བ་དེར་འཕྲད་པའི་ཆོས་ལུགས་བཟང་ངན་གྱི་དབྱེ་འབྱེད་ནི་མིག་ཤེལ་གྱོན་པའི་ཕོ་གསར་དེའི་སེམས་ལ་དྲན་པ་ལྟར་ཁུ་ཚུར་དང་རྡུང་རེས་ཁོ་ནས་ཐག་གཅོད་དགོས་པ་ལས་ཐབས་གཞན་ཞིག་གང་ན་ཡོད། སྐབས་དེར་ཁོས་ཡང་བསྐྱར་གླེང་འདོད་པ་ཞིག་ཡོད་པ་ནི༸འུ་ཚོས་ཆོས་ལུགས་བཟང་ངན་བརྩད་ན་རྙོག་དྲ་ལས་མཐའ་ཆོད་དེ་ཉི་མ་ལྟ་བུའི་བདེ་སྐྱིད་ཅིག་གཏན་ནས་ཡོང་མི་སྲིད་པ་དེ་རེད། དེ་ལས་ཆོས་ལུགས་མཐའ་དག་ལ་གཅིག་གྱུར་དུ་སྣང་བའི་དགོངས་པ་སྙིང་རྗེ་ཞེས་པ་དེ་ཉམས་སུ་བླངས་ནས་མཐུན་སྒྲིལ་དང་རོགས་རམ་བྱས་ན་དེ་ནི་འཇིག་རྟེན་འདི་དང་ཕྱི་མ་གཉིས་ཆར་ཕན་པའི་བདེ་འགྲོའི་ཐར་ལམ་མ་ཡིན༸ཞེས་ངག་སྒོ་ནས་གླེང་བའི་སྐལ་བ་དབེན་ཡང་ན་ཟུག་གིས་བཞུར་བའི་དམར་པ་ཁྲག་ལྟར་སེམས་ཁོང་ནས་ཡང་ཡང་འབར།
     ༸ཁྱོད་ཚོས་ཆོས་ལུགས་ཧྲ་ནི་མ་རེད༸ཁོང་ཚོ་ལ་འདི་ལས་ལྷག་པའི་སྐད་ཆ་གཞན་ཞིག་གང་ན་ཡོད།
    ༸ཧྲ་མི་ཧྲ་ཞེས་པའི་ལྟ་བ་དེ་ནི་ཕྱོགས་རིས་དང་དུངས་ཞེན་ཁོ་ནའི་སྐད་ཆ་ཞིག་ལས་ཐུན་མོང་གནས་ལུགས་དང་མཐུན་པའི་ལྟ་ཚུལ་ཡང་དག་ཅིག་མིན་པ་གསལ་བོ་རེད། གང་ཡིན་ཞེ་ན། འཇིག་རྟེན་འདིའི་སྟེང་གི་མི་རེ་རེའི་སེམས་ཁོང་ན་རང་ཉིད་ལ་གནས་ལུགས་རེ་དང་མཛེས་པ་རེ་ཡོད་པའི་རྒྱུ་མཚན་གྱིས་མ་ཡིན་ནམ། རང་ཉིད་ལ་གནས་ལུགས་རེ་དང་མཛེས་པ་རེ་ཡོད་པའི་རྒྱུ་མཚན་གྱིས་རང་རང་གི་མགོ་བོ་དད་སའི་འུ་ཅག་གི་ཆོས་ལུགས་ཀྱི་ངོ་བོ་ཡང་མ་འདྲ་བ་ཡིན་ལ། དེའི་དབང་གིས་ཧྲ་མི་ཧྲ་ཞེས་པའི་སྐད་ཆ་འདིས་རང་ཉིད་ལ་སྐད་ཆ་བཤད་ན་མ་གཏོགས། ཐུན་མོང་ལ་འགྲེལ་བརྒྱབ་ན་ནོར་འཆུགས་མིན་འགྲོ༸ཞེས་སེམས་ཁོང་ནས་རྦ་རླབས་བཞིན་དྲག་ཤུགས་ཀྱིས་འཕྱོ་འོངས་པའི་ཚོར་བ་དེའི་མགོ་གནོན་མ་ཐུབ་པར་སྐད་ཆ་འདི་ལྟ་བུ་ཞིག་ཁོས་ཆུ་བཞུར་བ་ལྟར་དབུགས་ཐེངས་ཤིག་གིས་བཤད་འོངས་ཚུལ་ལ་བལྟས་ན། ཟུག་རྔུ་དང་བསམ་བློའི་ལྗིད་ཤུགས་ཀྱིས་བཏེགས་འོངས་པའི་ཁོའི་ཚོར་སྣང་གི་འཇིག་རྟེན་དེ་ན་བཤད་མ་ཚར་བའི་སྐད་ཆ་དང་རྨིས་མ་ཚར་བའི་རྨི་ལམ་ག་ཚོད་ཅིག་བརྩེགས་འདུག་པ་དུས་ཚོད་དང་བདེན་ལུགས་ཀྱིས་ཐག་གཅོད་བྱེད་པ་ལས་ཐབས་གཞན་ཅི།
    ཁོ་ཚོས་ཆང་འཐུང་ཞོར་དུ་མུ་མཐུད་དུ་འདི་ལྟར་རྩོད་པ་བྱས་ལ། རྩོད་པ་བྱས་ཀྱིན་བྱས་ཀྱིན་རྡུང་རེས་རྒྱབ། རྡུང་རེས་བརྒྱབ་ནས་རྐང་ལག་དང་མགོ་ལག་བཅག  རྐང་ལག་མགོ་ལག་བཅག་ནས་སྨན་ཁང་དུ་སོང་། སྨན་ཁང་དུ་སོང་ནས་སྨན་བཅོས་བྱས། སྨན་བཅོས་བྱས་ནས་སྒོར་མོ་བརླག  ཨ་ཨ་ཡིད་སྐྱོ་བ་ལ་ཨང་། ཆོས་ལུགས་ཕྱོགས་རིས། སྤུན་ཟླ་ནང་དམེ། སྐབས་དེར་སྙིང་ནས་སེམས་གཏམ་ཞིག་གླེང་འདོད་པ་ནི་ནད་ཡམས་དེ་དག་གིས་རང་མགོ་མ་ཐོན་པའི་བསམ་བློའི་བྲན་གཡོག་པ་སྐོར་ཞིག་གཤིན་རྗེའི་ལྔ་ལམ་དུ་བརྫངས་རྩིས་ཡིན་ནམ། ད་དུང་འགྱེལ་ཀྱང་ལངས་ཀྱིན་པའི་མི་བུའམ་མི་རིགས་གང་ཞིག་གི་རྐང་ལག་ཡང་བསྐྱར་དེ་དག་གིས་གཅོད་རྩིས་ཡིན་ནམ། གང་ལྟར་ཀྱང་། སྐད་ཆ་འདི་འདྲ་ཞིག་གླེང་འདོད་པའི་མི་བུ་ཞིག་དུས་དེར་སྡེ་བ་དེའི་ནང་དུ་བསྡད་ཡོད་པར་གྲགས།
    སྒྲོལ་མ་སྐྱིད་ཀྱིས་བྱིས་པ་བཙས་ནས་ཟླ་ངོ་གཅིག་འཁོར་བའི་རྗེས་སུ་རླུང་ནག་འཚུབ་མ་དང་འདྲ་བའི་དོན་རྐྱེན་དེ་སྡེ་བ་དེའི་ནང་དུ་འཚུབ་བྱུང་བར་བཤད་ལ། སྐབས་དེར་མ་གཏོགས་དེའི་ཡར་སྔོན་གྱི་དུས་ཚོད་ཁྲོད་དུ་གནད་དོན་དེ་ལྟ་བུ་ཡུལ་དེར་བྱུང་མ་མྱོང་བ་ཞིག་ཀྱང་ག་ལ་ཡིན། ཡིན་ནའང་། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་རྙོག་འཛིང་ཆེ་བའི་དཀའ་ངལ་དེ་འདྲ་ཡུལ་དེར་ཆར་རྗེས་ཀྱི་ཤ་མོ་ལྟར་རབ་དང་རིམ་པ་ཞིག་བྱུང་མྱོང་ལ། དེ་དང་བསྟུན་ནས་འགད་རྫས་བཀད་པ་ལྟ་བུའི་ཁྱད་མཚར་བའི་གནས་ཚུལ་སྐྱུག་བྲོ་བ་གང་མང་ཞིག་གིས་ས་དེ་གའི་མི་རྣམས་ཀྱི་ཁུ་སིམ་ལྷིང་འཇགས་ཀྱི་འཚོ་བའི་མཁའ་དབུགས་ཀྱང་ཡོངས་སུ་འཕྲོག
    དུས་དེ་ནས་ཐུན་མོང་སྤྱི་ལ་དབང་བའི་སྡེ་བ་དེའི་ལྷ་ཁང་གཅིག་པུའང་མགོ་སྐེ་གྲིས་བཅད་པ་ལྟར་གས་མ་གཉིས་སུ་བགོས་ཏེ་ཞེ་སྡང་གིས་བཤིག་བྱུང་ལ། དེ་དང་བསྟུན་ནས་དགྲ་ཡ་ཁ་འཕྲད་པ་ལྟ་བུའི་ལྷ་ཁང་གསར་བ་རེའང་ཕར་ཚུར་ཁ་གཏད་དེ་ཁོག་དཔུང་གིས་བཞེངས་ཟིན། ལྷ་ཁང་ནི་སེམས་དང་དད་པས་བཞེངས་པ་མ་གཏོགས་ཁོག་དཔང་དང་ལ་རྒྱས་བཞེངས་ཏེ་འགྲུབ་ཡོང་བ་ཞིག་ག་ལ་ཡིན། ཡིན་ཡང་ཡུལ་དེའི་མི་རྣམས་ཀྱིས་དེ་ལྟར་ལས་འགྲོ་ཟེར། ཆོས་ཀྱི་སྙིང་བོ་ཡང་བྱམས་བརྩེ་དང་མཐུན་སྒྲིལ་གྱིས་བསྒྲུབ་དགོས་པ་མ་གཏོགས་ཞེ་སྡང་དང་ཁུ་ཚུར་གྱིས་བསྒྲུབ་ཐུབ་པ་ཞིག་ཀྱང་ག་ལ་ཡིན། ཡིན་ཡང་མཐའ་འཁོར་གྱི་མི་དེ་དག་གིས་དེ་ལྟར་བསྒྲུབ་འགྲོ་ཟེར། གང་ལྟར་ཀྱང་། ལྷ་ཁང་དེ་གཉིས་བཞེངས་པ་ནས་བཟུང་ཕ་བོང་ཕྱེད་གཤགས་སུ་བཏང་བ་ལྟར་སྡེ་བ་དེ་བལྟས་ཚོད་ཀྱིས་ཀྱང་གས་མ་གཉིས་སུ་གྱུར་སོང་ལ། སྔར་གྱི་ཁྱིམ་ཚང་གི་ཁང་ལེབ་དེ་དག་ཀྱང་དེ་དུས་ཡོངས་སུ་བཤིག་སྟེ་རང་རང་གིས་བཞེངས་ཟིན་པའི་ལྷ་ཁང་གི་ཉེ་འགྲམ་གང་རུང་ལ་གནས་སྤར་བར་བཤད།
      ལྷ་ཁང་བཞེངས་པའི་ལོ་དེའི་སྟོན་མཇུག་གི་ཉིན་ཞིག་གི་སྔ་དྲོར་སྟོབས་ལྡན་གྱི་ཁོག་ལ་གདོན་ཞུགས་པ་ལྟར་སྒྲོལ་མ་སྐྱིད་ལ་གཅར་རྡུང་སྐོར་གསུམ་བྱས། མོ་མ་བུ་གཉིས་ངུ་ཚུལ་དང་གནས་ཚུལ་ཅི་ཡིན་གང་ཡིན་སོགས་འདྲི་ཚུལ་ལ་བལྟས་ན།  ཁོ་ལ་རྒྱུ་མཚན་གསལ་བའི་གནས་ལུགས་ཤིག་བཤད་རྒྱུ་མེད་པ་འདྲ། དྲང་མོར་བཤད་ན། ཅི་ཡང་མེད་དེ། ཁོ་དང་ཆོས་ལུགས་གཅིག་པའི་གསར་བུ་སྐོར་ཞིག་དང་རྒན་པོ་འགའ་ཡིས༸ཁྱོད་ཀྱིས་ཁྱོད་ཚང་དང་ཆོས་ལུགས་མི་གཅིག་པའི་ཁྱིམ་ཚང་ཞིག་གི་བུ་མོ་མནའ་མར་བླངས་པ་དེ་ནི་འཆུགས་སོང་ནི་རེད། མྱུར་བ་མྱུར་དུ་སྒོར་འཕུད་བཞག་ན་དགའ་ནི་རེད། ད་ལྟ་ཁྱོད་ཀྱི་ཨ་མར་ན་ཚ་འདྲ་མིན་སྣ་ཚོགས་འབྱུང་གིན་འདུག་པའང་མཐར་གཏུགས་ན་མོར་ཁྱོད་ཚང་ལ་གདོན་སོང་ནི་རེད། ད་དུང་ཆོས་ལུགས་མི་གཅིག་པའི་ཁྱིམ་ཚང་གི་བུ་མོ་མནའ་མར་བླངས་ནས་འཐོར་མ་ཐུབ་པ་ནི་ཁྱོད་ཁོ་ན་རེད༸ཅེས་ཁོང་ལ་ངར་བསླངས་པའམ་སྡིག་དམོད་བྱས་པས་ཡིན་པ་འདྲ། གང་ལྟར་ཀྱང་། ཆོས་ལུགས་ཕྱོགས་རིས་ཀྱི་ལྟ་བ་དེ་ཁོ་ནས་ཞེ་འདང་ཟབ་པའི་བཟང་ཚང་མང་པོའང་བྱིས་པ་ཡོད་མེད་ལ་བསམ་བློ་མི་འཁོར་བར་བཟའ་འཐོར་བྱས་སོང་བ་མང་ལ། སྐབས་དེར་ས་ཆ་དེར་འཐོར་བཞིན་པ་དང་འཐོར་འགྱུར་བ་གང་མང་ཞིག་ཀྱང་ཡོད་སྲིད། ད་དུང་ཆོས་ལུགས་ཕྱོགས་རིས་ཀྱི་ལྟ་བ་དེ་ཁོ་ནས་ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར། རི་ཁ་ཁྱིམ་མཚེས་ལ་འགྲིག་མཐུན་བྱེད་པའི་ཆོས་ལུགས་ཡོད་ཚད་ཀྱི་དགོངས་པ་ངོ་མ་བོ་དེའང་སྐབས་དེ་དུས་སྡེ་བ་དེར་ཡོངས་སུ་ཉམས་ཟིན་པ་མ་ཡིན་ནམ།
     བྱིང་ལ་ཉེ་བའི་ནུབ་མཁའི་ཕ་མཐར་འཚེར་བའི་མག་མོག་གི་ཟླ་འོད་ནི་འགག་ལ་ཉེ་བའི་སུ་ཞིག་གི་མཇུག་མཐའི་ཚེ་སྲོག་དང་ཇི་འདྲའི་མཚུངས་ཨང་། ཤག་ཤག་འཐོར་བའི་ལོ་མའི་འབབ་སྒྲ་དང་སྒེའུ་ཁུང་བརྒྱུད་དེ་འཛུལ་འོངས་པའི་སྟོན་མཇུག་གི་ལྷགས་རླུང་ཡང་ཧ་ཅང་འཁྱག་པས་ནམ་གུང་ཡོལ་ཟིན་ཡང་གཉིད་ཁུགས་ཀྱིན་མེད་པའི་མིག་ཤེལ་གྱོན་པའི་ཕོ་གསར་དེ་ལ་སྔར་བསླངས་མ་མྱོང་བའི་གྲང་འདར་ཞིག་བྱུང་། ཁོའི་སེམས་སུ་སྐབས་དེའི་དུས་ཚིགས་དེ་ནི་ཁོ་ལ་མཚོན་ན་ཇི་འདྲའི་འཁྱག་པ་ལའང་སྙམ། ལུས་པོ་གྲང་ལ་སེམས་པའང་ཧ་ཅང་འཁྱག་སྙམ། ཡིན་ན་ཡང་ལུས་པོ་དྲོ་ཞིང་སེམས་པའང་ཧ་ཅང་སྐྱིད་པའི་ལོ་ཟླ་ནི་རང་ཉིད་དང་ཕ་ཡུལ་ལ་ཇི་འདྲའི་རྒྱང་ཐག་རིང་ཨང་སྙམ། ལོ་ཟླ་འདི་ལྟ་བུ་ཞིག་གི་སླད་དུ་ཁོས་ཁེར་རྐྱང་དང་དབུལ་ཕོངས་ཀྱི་མི་ལོ་ག་ཚོད་ཅིག་བསྐྱལ་བ་ས་དེ་གའི་མི་རྣམས་ཀྱིས་རྟོགས་ག་ལ་སྲིད། ཁེར་རྐྱང་དང་དབུལ་ཕོངས་ཀྱི་ལོ་ཟླ་འདི་དག་གི་ཁྲོད་དུ་ཁོ་ལ་སྙིང་ཉེ་བའི་སེམས་གཏམ་བཤད་ས་མང་པོ་ཞིག་མེད། འགའ་ཤས་ཡོད་པ་ནི་སྡེ་བ་དེའི་ནང་དུ་དཔེ་ཆ་འདོན་བཞིན་པའི་སློབ་མ་སྐོར་ཞིག་རེད། སློབ་མ་དེ་དག་ལས་ཁོ་ལ་སྙིང་ཉེ་བའི་ཤ་ཉེ་དང་གྲོགས་པོའང་མེད་ཟེར།  ཁོ་ཚོ་ནི་ཁོའི་སང་ཉིན་དང་མ་འོངས་པའང་ཡིན་ཟེར། སང་ཉིན། མ་འོངས་པ། ཁོའི་སེམས་པ་བྲེད་ཤ་ཞིག་དང་ལྷན་དུ་འདྲོགས་འོངས། ཁོའི་བསམ་གཞིག་ཕྱིར་རྟོག་དང་མདུན་ལྗོངས་ལ་འཕོས་འགྲོ།འཆམ་མཐུན། བདེ་སྐྱིད། ཁོའི་ཡིད་ལ་གློག་བརྙན་ཤར་བ་ཇི་བཞིན་སློབ་མ་ཚོ་ཝ་ལེར་ཝ་ལེར་དྲན་འོངས། སློབ་མ་ཚོ་དྲན་གྱིན་དྲན་གྱིན་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་གི་ཕ་ཡུལ་གྱི་ཆག་སྒོ་སྣ་ཚོགས་ཁོའི་མིག་ལ་ས་སྲོད་ཀྱི་མུན་པ་ལྟར་འཚང་འོངས། ས་སྲོད་ཀྱི་མུན་པ་དེས་ཕ་ཡུལ་གྱི་དྭངས་གཙང་གི་རི་ཆུ་དང་འོད་སྣང་གི་མཁའ་དབྱིངས་མཐའ་དག་གཅིག་ཀྱང་མ་ལུས་པར་ཧྲུམ་ཧྲུམ་འཆོས་སོང་བའང་ཚོར་འོངས།
   སྐབས་དེར་ཐོན་དུས་ཁོས་གདོང་གི་མིག་ཤེལ་ཡར་འདེད་ཙམ་བྱས་ནས་མདུན་ཅོག་སྟེང་གི་སྨྱུ་གུར་ལག་པས་འཆང་།  ཡུད་ཙམ་འགོར་རྗེས་ཚོར་ཤུགས་དང་ན་ཟུག་གིས་ཀུན་ནས་བསླངས་པའི་《ཆོས་ལུགས་ལ་དད་པ་བྱེད་དོན》ཞེས་པའི་སྙན་ངག་ཅིག་ཕ་ཡུལ་གྱི་ཡུལ་མི་རྣམས་ལ་འདི་ལྟར་ཕུལ།
   ཆོས་ལུགས་ལ་དད་པ་བྱེད་དོན་ནི་འུ་ཚོས་ཕ་རོལ་པོ་གཞན་ལ་གནོད་པའི་ལམ་བསགས་པའི་ཆེད་དུ་མིན་ལཕ་རོལ་པོ་གཞན་ལ་རྡུང་རེས་བྱས་ཏེ་མི་མཐུན་པ་བཟོ་བའི་ཆེད་དུ་དེ་བས་ཀྱང་མིན
ཆོས་ལུགས་ལ་དད་པ་བྱེད་དོན་ནི་འུ་ཚོས་མ་གྱུར་སེམས་ཅན་ཐམས་ཅད་མ་རུ་སྒོམ་སྟེ་ཐམས་ཅད་ལ་ཕན་འདོགས་མི་ཐུབ་ནའང་ཁ་རྩོད་དང་ཞེ་འཁོན་སྙིང་ལ་བཅངས་ཏེ་གཞན་ལ་འཚེ་བའི་ཀུན་སློང་ངན་པ་འཁྱེར་བའི་དོན་མིན།
   ཆོས་ལུགས་ལ་དད་པ་བྱེད་དོན་ནི་འུ་ཚོས་ཆོས་ལུགས་ཕན་ཚུན་བར་ཕྱོགས་རིས་བཟུང་སྟེ་ཁ་འཁོན་དང་སྡེ་བ་འཐོར་ཞིག་འགྲོ་རྒྱུ་དེ་མིན་པར་མཛའ་བརྩེ་དང་དཀྱེལ་ཡངས་ཀྱི་བློ་ཁོག་བཟུང་ནས་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་གནས་རྒྱུ་དེའོ།།ཆོས་ལུགས་ལ་དད་པ་བྱེད་དོན་ནི་འུ་ཚོས་ཁོག་དཔུང་དང་ལ་རྒྱ་ཡིས་གྲུབ་པའི་ཕྱི་ཡི་ལྷ་ཁང་བཞེངས་རྒྱུ་དེ་མིན་པར་མཐུན་སྒྲིལ་དང་བྱམས་བརྩེ་ཁོ་ནའི་ནང་སེམས་ཀྱི་ལྷ་ཁང་བཞེངས་རྒྱུ་དེའོ།།ཆོས་ལུགས་ལ་དད་པ་བྱེད་དོན་ནི་འུ་ཚོས་རང་ཉིད་ཀྱི་ཆོས་ལུགས་མ་གཏོགས་གཞན་ཆོས་ལུགས་ངན་པ་རེད་ཟེར་བའི་ལྟ་ཚུལ་འཛིན་རྒྱུའི་དོན་མིན་པར་ཆོས་ལུགས་ཡོད་ཚད་གཅིག་ཡིན་པའི་འདུ་ཤེས་རྣལ་མ་ཞིག་འཁྲུངས་རྒྱུ་དེའོ།།  རྒྱུ་མཚན་ནི་རང་ཉིད་མི་དགའ་བའི་ཆོས་ལུགས་དེ་དག་གིས་ཀྱང་གཞན་ཕ་རོལ་པོ་སེམས་ཅན་གྲངས་མེད་ཅིག་ལ་བདེ་སྐྱིད་བསྐྲུན་བཞིན་པ་དེའོ།།ཆོས་ལུགས་ལ་དད་པ་བྱེད་དོན་ནི་འུ་ཚོས་ཆོས་ལུགས་ཡོད་ཚད་ཀྱི་དགོངས་པ་སྙིང་རྗེ་ཞེས་པ་དང་དུ་བླངས་ཏེ་འུ་ཚོ་མི་ཡ་རབས་དང་བཟང་པོ་ཞིག་ཆགས་པའི་དོན་ཡིན་ལ་མི་ཡ་རབས་དང་བཟང་པོ་ཞེས་པ་ནི་གཞན་ལ་བརྩེ་བ་དང་རི་ཁ་ཁྱིམ་མཚེས་དང་ནང་ཕུ་ནུ་བར་མཛའ་ཞིང་མཐུན་པ་ཞིག་གོ ཆོས་ལུགས་ལ་དད་པ་བྱེད་དོན་ནི་འུ་ཚོས་སྡེ་མི་ཕན་ཚུན་བར་དཀྲིགས་ཤིང་དང་ཁྱིམ་བཟའ་ཚང་ཁ་འཐོར་གཏོང་འདོད་ཀྱི་བསམ་སྦྱོར་ངན་པ་དེ་མིན་པར། ཐམས་ཅད་འཆམ་ཞིང་མཐུན་པའི་སླད་དུ་རང་ལུས་སྤར་མོ་གང་བོ་འབུལ་རྒྱུ་དེའོ།།ཆོས་ལུགས་ལ་དད་པ་བྱེད་དོན་ནི་རང་མགོ་ཐོན་དཀའ་བའི་འུ་ཚོར་ཐར་བའི་གོ་འཕང་བརྙེས་རྒྱུ་དེ་མིན་པར།འུ་ཅག་གི་མི་ཚེ་ཞི་འཇགས་དང་སེམས་པ་སྤྲོ་སྣང་ཞིག་ལ་རེ་བ་དེའོ།།
ཆོས་ལུགས་ལ་དད་པ་བྱེད་དོན་ནི་ཀ་ཁའི་མགོ་མཇུག་ཀྱང་རྟོགས་དཀའ་ཚོད་དུ་འདུག་པའི་འུ་ཚོས་ཆོས་ལུགས་བཟང་ངན་དབྱེ་རྒྱུ་དེ་མིན་པར།གཞན་ལ་ཕན་མི་ཐོགས་ནའང་གནོད་མི་བསྐྱལ་ཞེས་པའི་དམ་བཅའ་ཞིག་སྙིང་ཁོང་རུས་པའི་གཏིང་ལ་དབེན་ཞེང་རྡོ་རིང་བཞིན་འཛུགས་རྒྱུ་དེའོ།།ཆོས་ལུགས་ལ་དད་པ་བྱེད་དོན་ནི་ཤེས་རྨོངས་ཀྱིས་ཀུན་ནས་བསླངས་པའི་འུ་ཚོས་མ་དག་པའི་དུག་རླངས་རྫོབ་པོ་ཁ་ནས་ཕྱི་ལ་བཏོན་ཏེ།ཡང་དག་པའི་གངས་ཆབ་དྭངས་མོ་རང་ཅག་དང་འགྲོ་མིའི་སེམས་ཁོང་དུ་འདྲེན་རྒྱུ་དེའོ།།འདི་ནི་འུ་ཚོས་ཆོས་ལུགས་ལ་དད་པ་བྱེད་དོན་གྱི་མཐར་ཐུག་གི་དམིགས་ཡུལ་ལ་མཛའ་ཞིང་།ཆོས་ལུགས་ཡོད་ཚད་ཀྱི་དགོངས་པ་སྙིང་རྗེ་ཞེས་པའང་ཧ་ཅང་མཐུན་ནོ།།
    མཚན་མོ་དེའི་ཕྱི་ཉིན་བྲག་མགོ་ཁ་སྡེ་བར་རྒྱ་སྐྱག་གསེང་ལ་རྡོ་འཕངས་པ་ལྟར་གྲག་འགུལ་མི་ཉུང་བ་ཞིག་བྱུང་། དེ་ནི་སྡེ་བའི་དཀྱིལ་དབུས་སུ་གནས་པའི་ཁྱིམ་ཚང་མང་ཆེ་བའི་གྱང་ངོས་ལ《ཆོས་ལུགས་ལ་དད་པ་བྱེད་དོན》ཞེས་པའི་སྙན་ངག་གི་ཤོག་ལྷེ་རེ་སྦྱར་འདུག་པ་དེ་རེད། ཤོག་ལྷེ་དེ་དག་གི་འདབས་སུ་སྐད་ཆ་ཐིག་ཕྲེང་འགའ་ཤས་གསལ་བཤད་ཀྱི་ཚུལ་དུ་ད་དུང་འདི་ལྟར་བྲིས་འདུག་སྟེ། ༸ཆོས་ལུགས་ཀྱི་སྣེ་འཁྲིད་མཁན་ཡིན་པར་འཁས་ཆེ་བའི་ཡུལ་འདིའི་བླ་སྤྲུལ་རེ་གཉིས་ཀྱིས་རང་རང་གི་རྗེས་འཇུག་པ་དད་ལྡན་མང་ཚོགས་ལ་ཆོས་ལུགས་ཕན་ཚུན་གྱི་དབར་བཟང་ངན་ཁབ་སྐུད་ཙམ་ཡང་རྩོད་རྒྱུ་མེད་པར་སྡེ་མི་ཕན་ཚུན་བར་མཛའ་བརྩེ་དང་འཆམ་མཐུན། ཆོས་ལུགས་ཕན་ཚུན་དབར་དཀྱེལ་ཡངས་ཀྱི་བློ་ཁོག་མངའ་དགོས༸ཞེས་ལམ་སྟོན་དང་མཛུབ་འཁྲིད་གནང་རྒྱུ་ལྟ་ཞོག   དེ་ལས་ལྡོག་སྟེ་ཆོས་ལུགས་ཀྱི་དགོངས་པ་ངོ་མ་བོ་མཐིལ་ནས་འབོར་གྱིན་པའི་ཆུ་སྣ་གར་འཁྲིད་ཀྱི་ལམ་སྟོན་པ་ཁོ་རང་ཚོས༸མགོ་ནས་མི་མཐུན་པ་དང་ཆོས་ལུགས་ཕྱོགས་རིས་ཀྱི་ལྟ་ཚུལ་རུས་པའི་རྐང་ལ་བཅུག་ནས་རྗེས་འཇུག་པ་དག་ལ་ལམ་སྟོན་ཡང་དག་མི་བྱེད་པ་དེ་རེད༸ཅེས་བྲིས་འདུག་པ་མ་ཟད། ཤོག་ལྷེ་དེའི་མཐའ་སྣེར་སྙན་ངག་པ་སྨྱོན་པ་ནས     སྤྱི་ལོ    ཟླ་ཚེས   ལ  རང་ཤག་ནས་སྦྱར་ཞེས་བཀོད་འདུག
   ཉིན་དེ་ནས་བཟུང་། ཆོས་ལུགས་ལ་དད་པ་དང་དུངས་པ་ཟབ་ཟེར་བའི་ས་དེའི་རྒན་པོ་བློ་གྱོང་དང་ན་གཞོན་ཤེས་རྨོངས་པ་སྐོར་ཁག་འགའ་ཡིས་ག་ས་གང་ནས་ཐུག་དུས་ཀྱང་ཁེར་རྐྱང་དང་དབུལ་ཕོངས་ཀྱི་སྙན་ངག་པ་སྨྱོན་པ་ཁོར་གཅར་རྡུང་དྲག་པོ་བྱས་སོང་བ་ནི་ངས་མ་སྨྲས་ཀྱང་ཁྱེད་རང་ཚོས་ཤེས་སྲིད་ལ། ད་དུང་ཁོ་ཚོས་བཤད་པ་ལྟར་ན། ཁོ་ལ་གཅར་རྡུང་ཇི་ལྟར་བྱས་ཀྱང་སྐད་ཆ་ཚིག་ཁ་ཤས་འདི་དག་ལས་ངག་ན་ཅི་ཡང་མེད་ཟེར་ཏེ། ༸ང་སྙན་ངག་པ་སྨྱོན་པ་ཡིན། རྒྱུ་མཚན་ནི་ངའི་སེམས་ལ་གང་དང་ཅི་དྲན་པ་དེ་ངག་ཐོག་དང་བསམ་སྦྱོར་གང་རུང་ནས་ཁྱེད་ཚོར་མངོན་སུམ་གྱིས་བསྟན་འགྲོ་བ་དེ་ཡིན་ལ། ད་དུང་ངས་ཆོས་ལུགས་ཕྱོགས་ཞེན་གྱི་སླད་དུ་ཁྱོད་ཚོའི་སེམས་ལ་དྲན་པ་ལྟར༸རྡུང་རེས་མི་རྒྱག   མི་མཐུན་པ་མི་བཟོ། འདི་ནི་ངས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་དང་ཆོས་ལུགས་ལ་བཅངས་པའི་ལྟ་ཚུལ་ཡིན་ཟེར༸ཞེས་ཡུལ་དེའི་མི་རྣམས་ཀྱིས་གླེང་གིན་འདུག  གང་ལྟར་ཀྱང་། གཅར་རྡུང་དང་ཁེར་རྐྱང་གི་ཟུག་རྔུ་ན་གཞོན་སྙན་ངག་པ་ཁོའི་སེམས་སུ་ཇི་ལྟར་སྐྱེས་ཀྱང་ཁོང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་སྡེ་བ་དེ་དང་ཁོ་སྐད་ཅིག་ཙམ་ལའང་ཁ་བྲལ་མ་མྱོང་།
   རྒྱུ་མཚན་ག་རེ་ཡིན་ནམ། བདག་གི་སྒྲུང་གཏམ་ཀློག་པ་པོ་ཚོ་ལགས།
   དུས་སྐབས་དེ་འདྲའི་ཉིན་ཞིག་ལ་སྟོབས་ལྡན་གྱིས་ཡང་བསྐྱར་སྒྲོལ་མ་སྐྱིད་ལ་གཅར་རྡུང་སྐོར་གསུམ་བྱས་པ་མ་ཟད། ཡིད་ལ་འཆར་དཀའ་བ་ཞིག་ལ༸འདི་འུ་གཉིས་ཀྱི་བཟའ་འཐོར་ཡི་གེ་ཡིན༸ཞེས་ཡུལ་ཚོ་དང་རྫོང་སྲིད་གཞུང་གིས་བཏབས་པའི་ཐམ་ག་དམར་པོ་ཅན་གྱི་ཤོག་ལྷེ་གཅིག་སྒྲོལ་མ་སྐྱིད་ཀྱི་ལག་ལ་གཏད་བྱུང་བ་དེ་རེད། དྲང་མོར་བཤད་ན། ཆོས་ལུགས་ཡོད་ཚད་གཅིག་ཏུ་ལྟ་བའི་སྒྲོལ་མ་སྐྱིད་མ་བུ་གཉིས་ལ་མཚོན་ན་ཤོག་ལྷེ་དེ་ནི་སྙིང་ཁམས་ལ་བརྡབ་པའི་རལ་གྲི་དང་མིག་ནང་ལ་འཛིང་བའི་ཚེར་མ་ལྟར་ཇི་འདྲའི་གདུག་རྩུབ་ཆེ་བ་ཞིག་དང་བཟོད་བསྲན་དཀའ་བ་ཞིག་རེད་ཨང་།
     དུས་ཚོད་གཅིག་ཙམ་འགོར་མ་འགོར་བའི་བར་གླགས་དེར་འཁྱག་སབ་སིབ་ཀྱི་ཁ་བའི་ཀློང་རུམ་ལ་སིམ་འདུག་པའི་བྲག་དམར་འཕྲང་འགག་གི་རྐང་ལམ་རབ་རིབ་དང་སྨུག་ལོང་རབ་རིབ་དེ་དེད་ནས་སྒྲོལ་མ་སྐྱིད་མ་བུ་གཉིས་གར་སོང་ཆ་མེད་དུ་གྱུར།
   དེ་དུས་གྲང་ཤུར་ཤུར་གྱི་ཁ་བའི་ངོགས་སུ་ལུས་འདུག་པའི་བྲག་མགོ་ཁ་སྡེ་བའི་སྡེ་འདབས་ཀྱི་གཞུང་ལམ་མཐའ་ན་ཀྲོང་ངེར་ལངས་པའི་སྙན་ངག་པ་སྨྱོན་པའི་རང་དབང་གི་སྐྲ་ལོ་ཡང་ཁ་བས་ཡོངས་སུ་བཀླུབས་འདུག   ཟུམ་མ་ཐུབ་པའི་མིག་ཤེལ་འོག་གི་ཐོ་རེངས་སྐར་ཆེན་ལྟ་བུའི་མིག་ཟུང་རྒྱང་ལ་ཅེར་ཚུལ་ནི་ཐག་རིང་ལ་སློབ་གཉེར་དུ་ཕྱིན་སོང་བའི་ཁོའི་སློབ་མ་ཚོར་ངང་སྒུག་བྱེད་ཀྱིན་པའི་དྲན་ཚོར་ཞིག་ངའི་ཡིད་ལ་འགོག་མེད་དུ་འཆར་འོངས།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱུག་བྲོ་བའི་ལོ་ཟླ།

2011-10-20 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།